ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་གཏོར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-18


        རྒྱལ་སྤྱིའི་དབུལ་སྐྱོར་ཉིན་མོ་ཐེངས་ལྔ་པ་སླེབས་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་གཏོར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བའི་ནང་། བསྒྱུར་བཅོས་སྒོ་དབྱེའི་ལོ་ངོ་བཞི་བཅུ་ནི་རང་རྒྱལ་གྱིས་རིམ་པས་དབུལ་ཕོངས་སེལ་བའི་ལོ་བཞི་བཅུ་རེད། ལོ་བཞི་བཅུའི་ནང་རྒྱུན་མཐུད་འབད་འཐབ་བྱས་པས། མི་འབོར་དུང་ཕྱུར་བདུན་ལྷག་ཙམ་དབུལ་ཕོངས་ཀྱི་གནས་ལས་ཐར་བ་དང་། མིའི་རིགས་ཀྱི་དབུལ་སེལ་ལོ་རྒྱུས་ཐོག་གི་ངོ་མཚར་གཏོད་ཡོད། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་སྟོང་ཕྲག་ནང་ལྟོས་མེད་དབུལ་ཕོངས་གནད་དོན་གནས་ཡོད་པ་དང་། དེ་ད་ཆ་ལོ་རྒྱུས་རང་བཞིན་ལྡན་པའི་ཐོག་ནས་ཐག་གཅོད་བྱ་དགོས་པ་དང་། དབུལ་སྒྲོལ་འགག་གཏོར་དེ་ཆེས་གལ་འགངས་ཆེ་བའི་དུས་མཚམས་ལ་སླེབས་ཡོད་ཅེས་ནན་སྟོན་གནང་འདུག
        ཞི་ཅིན་ཕིང་གིས། རྒྱང་སྐྱོད་ཀྱི་མཐའ་མའི་ལམ་བུར་སླེབས་སྐབས་དཀའ་ངལ་དེ་བས་ཆེ་བ་ཡོད་པས། ཇི་ཙམ་འགག་རྩའི་དུས་ལ་སླེབས་ན་དེ་ཙམ་གྱིས་རྒྱལ་ཁ་ལེན་པའི་སེམས་ཤུགས་བརྟན་དུ་གཏོང་དགོས་པ་དང་། དེ་བས་ཀྱང་ལྕགས་རི་གཏོར་ནས་གྲོང་མཁར་ལེན་པའི་སེམས་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་ཁག་གི་སྡེ་ཚན་ཁག་གིས་འགན་འཁྲི་ཏན་ཏིག་འཁུར་བ་དང་། དངོས་འཛིན་དངོས་སྒྲུབ་བྱེད་པ་དང་། དབུལ་ཕོངས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མུ་མཐུད་འབད་བརྩོན་ཡར་བརྩོན་དང་། དཀའ་སྤྱད་འབད་འཐབ་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་གཅིག་སེམས་གཅིག་སྒྲིལ་དང་། ཨམ་གཙིགས་བསྡམས་ནས་དམིགས་སར་བསྐྱོད་པ་བཅས་བྱས་ན། དབུལ་སྒྲོལ་འགག་གཏོར་གྱི་དཀའ་འཐབ་འདི་ལས་རྣམ་པར་རྒྱལ་ཐུབ་ངེས་རེད་ཅེས་བསྟན་འདུག
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བའི་ནང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཐོག ཤང་གྲོང་དར་རྒྱས་ཀྱི་འཐབ་ཇུས་དང་ཟུང་འབྲེལ་གྱིས་གནད་འཕིགས་དབུལ་སྐྱོར་གྱི་ཤུགས་ཚད་ཆེ་རུ་གཏོང་དགོས་པ་དང་། ལྷག་པར་དུ་ཆེས་དབུལ་ཕོངས་ས་ཁུལ་ལ་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། དམིགས་བསལ་དཀའ་ངལ་ཡོད་པའི་མི་ཚོགས་ལ་དམིགས་ནས་དེ་བས་ནུས་ཡོད་ཀྱི་ཟུར་སྐྱོར་བྱ་ཐབས་སྤྱོད་དགོས། མ་དངུལ་གྱི་ལྟ་སྐུལ་དོ་དམ་ནན་པོ་བཟོ་བ་དང་། དབུལ་སྐྱོར་དཔྱད་དཔོག་དང་ལྟ་སྐུལ་ཞིབ་བཤེར་འཐུས་སྒོ་ཚང་དུ་གཏོང་དགོས། དབུལ་སྐྱོར་དང་། བློ་སྐྱོར། རིག་སྐྱོར་བཅས་ཟུང་དུ་འབྲེལ་ནས། དེ་བས་ནུས་ལྡན་གྱི་སྒོ་ནས་དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་ཚོགས་ཀྱི་དབུལ་སྒྲོལ་ཐད་ཀྱི་ནང་རྐྱེན་འགུལ་ཤུགས་སྐུལ་སློང་བྱས་ནས། ལོ་འདིར་དབུལ་ཕོངས་མི་འབོར་བྱེ་བ་གཅིག་ཡན་ཉུང་དུ་གཏོང་རྒྱུའི་ལས་འགན་སྒྲུབ་ཚར་བ་བྱེད་པ་དང་། སྤྱི་ལོ༢༠༢༠ལོར་སླེབས་སྐབས་ད་ལྟའི་ཚད་གཞིའི་འོག་གི་གྲོང་གསེབ་དབུལ་ཕོངས་མི་འབོར་དབུལ་སྒྲོལ་ཐུབ་རྒྱུར་འགན་སྲུང་བྱས་ནས། ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་དབུལ་ཕོངས་གན་དོན་ཐག་གཅོད་བྱ་དགོས་ཞེས་བསྟན་འདུག
        རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་གཏོར་གྱི་གཟེངས་བསྟོད་ཚོགས་ཆེན་དང་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་ཆེན་སྤྱི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོ་པེ་ཅིན་དུ་འཚོགས་པ་རེད། གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་ཚོ་ཆུང་གི་ཚོགས་གཙོ་གཞོན་པ་ཧུའུ་ཁྲུན་ཧྭ་གྲོས་ཚོགས་ལ་ཞུགས་མ་ཟད་གསུང་བཤད་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་ཐད་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། དབུལ་སྐྱོར་དབུལ་སྒྲོལ་གྱི་སྔོན་ཐོན་དཔེ་སྟོན་གྱི་སྐུལ་འཁྲིད་ནུས་པ་འདོན་སྤེལ་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་འཁུར་ཕོད་པའི་འགག་གཏོར་སྙིང་སྟོབས་དང་། དབུལ་སྐྱོར་དཀའ་སེལ་དང་ཕན་ཚུན་རོགས་རེས་ཀྱི་གཅེས་སེམས་ཆེན་མོའི་སྙིང་སྟོབས། རང་སྟོབས་རང་སྤེལ་དང་གསར་གཏོད་ཡར་བརྩོན་གྱི་འབད་འཐབ་སྙིང་སྟོབས། བསམ་ཕོད་སྒྲུབ་ཡོད་དང་། འཚོལ་ཞིབ་བྱེད་ཕོད་པའི་གསར་གཏོད་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། ཆེས་རྒྱ་ཁྱབ་ཀྱི་སྤྱི་ཚོགས་སྐུལ་སློང་བཅས་བྱས་ནས། དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ལེན་པའི་རྣམ་པ་བཟང་པོ་གཏོད་པ་དང་སྟོབས་ཆེའི་མཉམ་ཤུགས་གཅིག་སྡུད་བྱ་དགོས་ཞེས་ནན་སྟོན་གནང་འདུག
        གྲོས་ཚོགས་ཐོག་བྱ་དགའ་ཐོབ་པའི་མི་སྒེར་དགུ་བཅུ་གོ་དགུ་དང་བྱ་དགའ་ཐོབ་པའི་ཚན་པ་བཞི་བཅུ་བཅས་ལ་གཟེངས་བསྟོད་བྱས་ཡོད་པ་རེད། ལེའུ་ཧུང་དང་། ཝང་ཞི་ལིང་། ཀྲང་ཆུས་ཝི། ཞུད་ཏུང་མེ། ཧོང་ཀྲེན་རུང་། ཝེན་པིང་ཅུན་སོགས་བྱ་དགའ་ཐོབ་མཁན་གྱིས་སྔོན་ཐོན་བྱས་རྗེས་སྙན་ཞུ་གནང་ཡོད་པ་རེད།
        སྤྱི་ལོ༢༠༡༨ལོའི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་གཏོར་བྱ་དགའ་ཐོབ་པའི་འཐུས་མི་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི། གནས་གཏན་འཁེལ་གྱིས་དབུལ་སྐྱོར་ལས་འགན་སྒྲུབ་མཁན་པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1