ཁྲོ་ཆུ་རྫོང་གིས་རང་སའི་སྐོར་བྲོ་འཁྲབ་སྟོན་འགྲན་ཚོགས་ཆེན་མོ་སྤེལ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-18


      ཟླ་10བའི་ཚེས་16ཉིན། 2018ལོའི་སི་ཁྲོན་ལོ་དམར་སྐྱེ་ཁམས་ལྗོངས་སྐོར་དུས་སྟོན་ཏེ་ཁྲོ་ཆུ་རྫོང་གི་སྐབས་དྲུག་པའི་འཁྱགས་རོམ་ནགས་ཀླུང་དང་སྐྱེ་ཁམས་རིག་གནས་ལྗོངས་སྐོར་དུས་ཚིགས། སྐབས་དགུ་བའི་སི་ཁྲོན་གྲོང་གསེབ་རིག་གནས་ལྗོངས་སྐོར་དུས་སྟོན་གྱི་སྟོན་ཁའི་ཚོགས་ར་ཡི་མུ་འབྲེལ་བྱེད་སྒོ་ལས་ཁྲོ་ཆུ་རང་སའི་སྐོར་བྲོ་འཁྲབ་སྟོན་འགྲན་ཚོགས་ཆེན་མོ་རྫོང་དེ་གའི་རིག་རྩལ་ཐང་ཆེན་དུ་སྤེལ་ལ། རྫོང་ཡོངས་ཀྱི་ལས་ཁུངས་དང་ཡུལ་ཚོ་དང་གྲོང་རྡལ་སོགས་ནས་ཕེབས་པའི་འཐུས་མིའི་རུ་ཁག་11ཐེངས་འདིའི་འགྲན་སྡུར་དུ་ཞུགས་པ་རེད།  

        སྐོར་བྲོ་ནི་བོད་ཀྱི་རིག་གནས་སྒྱུ་རྩལ་ཁྲོད་གཟི་འོད་ལམ་ལམ་འཕྲོ་བའི་མུ་ཏིག་ཅིག་ཡིན་ལ། མི་རིགས་ཞབས་བྲོ་ཡི་རིགས་ཆེན་པོ་ཞིག་ཀྱང་ཡིན། དེ་ནི་དུས་སྟོན་སྐབས་དང་གཉེན་སྟོན། ཁང་སྟོན། གནས་མཇལ། ལོ་ལེགས་བྱུང་རྗེས། དེ་མིན་འདུ་ཚོགས་སྐབས་བཅས་ཀྱི་འདུ་ཚོགས་གང་ཡིན་རུང་སྒོར་སྒོར་བྱས་ཏེ་འཁྲབ་བཞིན་པའི་ཞབས་བྲོ་ཞིག་རེད། དེ་ཡང་ཁྲོ་ཆུའི་སྐོར་བྲོ་ནི་ཁྲོ་ཆུ་ས་ཁུལ་དུ་དར་ཁྱབ་ཆེ་བའི་རྒྱལ་རོང་སྐོར་བྲོའི་ནང་གི་ཆེས་ཚབ་མཚོན་རང་བཞིན་ལྡན་པའི་རིགས་ཤིག་ཡིན་ལ། གནའ་བོའི་ཤར་རྒྱལ་མོ་ཚ་བ་རོང་གི་གོམས་སྲོལ་རྒྱུན་འཛིན་བྱས་ཡོད། གཞན་ཐུན་མིན་གྱི་རྒྱན་གོས་དང་ཞབས་བྲོ། རོལ་དབྱངས་བཅས་ཀྱིས་ཁྲོ་ཆུ་ས་ཆའི་ཐུན་མིན་གྱི་ཁྱད་ཆོས་གྲུབ་ཡོད་པས། གནའ་ནས་ད་བར། ཡུལ་དེ་གའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་བཞིན་འདུག 

        དེ་ལྟར་གར་མཁན་རྣམས་ཀྱིས་ཆེས་ཡིད་དུ་འོང་ཞིང་འཆམ་མཐུན་ལྡན་པའི་སྣང་ཚུལ་མིག་གི་དགའ་སྟོན་དུ་བཤམས་པ་རེད།

        འགྲན་རྩོད་དྲག་པོ་བྱས་མཐར། ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་འཐུས་མི་རུ་ཁག་ལ་ཨང་དང་པོ་དང་། རིག་གནས་སློབ་གསོའི་སྡེ་ཁག་དང་ཙི་མུ་ལེ་དབྱེ་ཁུལ་འཐུས་མི་རུ་ཁག་ལ་བྱ་དགའ་ཨང་གཉིས་པ་དང་། ནོར་སྲིད་ཉོ་ཚོང་དངུལ་རྩ་སྡེ་ཁག་དང་། བཟོ་ཚོང་འགྲིམ་འགྲལ་སྡེ་ཁག རྡོ་ཁ་དབྱེ་ཁུལ་འཐུས་མི་རུ་ཁག་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།

     ཐེངས་འདིའི་འགྲན་ཚོགས་ཆེན་མོ་རུ་ཁྲོ་ཆུ་རྫོང་ཡོངས་ཀྱི་ལས་ཁུངས་སྡེ་ཁག་དང་། ཡུལ་ཚོ་དང་གྲོང་རྡལ་སོགས་ཀྱི་འགྲན་ཞུགས་པ་ཚོས་ཁྲོ་ཆུའི་སྐོར་བྲོའི་རིག་གནས་གཅིག་སྡུད་དུ་འགྲེམ་སྟོན་བྱས་ཤིང་། དམངས་ཁྲོད་སྒྱུ་རྩལ་རྣམ་པ་འདི་ཀུན་གྱི་མཛེས་སྤྱོད་དགའ་མོས་སུ་འཚམས་པར་བྱས་ཏེ། ཁྲོ་ཆུ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1