ཡར་ཀླུང་གཙང་པོའི་སྨན་གླིང་རྒྱུད་དུ་རི་ཉིལ་ནས་འཁྱིལ་མཚོ་ཆགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 10-19


        ཚེས་17ཉིན་གྱི་ཐོ་རེངས་ཆུ་ཚོད་ལྔ་པ་ཙམ་ལ། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཕད་གྲོང་རྡལ་རྒྱ་ལ་གྲོང་ཚོའི་འགྲམ་གྱི་ཡར་ཀླུང་གཙང་པོའི་རོང་ཆེན་དུ་རི་ཉིལ་ཏེ་ཡར་ཀླུང་གཙང་པོ་འགགས་ནས་འཁྱིལ་མཚོ་ཆགས་ཡོད།

        འཁྱིལ་མཚོ་ཆགས་པའི་ཉེན་ཁ་ཐོན་རྗེས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཆེན་པོ་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་འཕྲལ་མར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། འབྲེལ་ཡོད་སྡེ་ཚན་ལ་གེགས་སེལ་གྱི་སྔོན་བརྡ་གཏོང་བ་དང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་དགོས་པ་དང་མང་ཚོགས་ཀྱི་ཉེན་གཡོལ་གནས་སྤོའི་ལས་དོན་འཕྲལ་མར་བསྒྲུབས་ནས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཀྱང་མཆན་བཀོད་མཛུབ་སྟོན་གནང་ནས།  ཆུ་བེད་དང་རྒྱལ་ཁབ་ས་ཆ་སོགས་ཀྱི་སྡེ་ཚན་དང་ཉིང་ཁྲི་གྲོང་ཁྱེར་གྱིས་འཕྲལ་མར་ལས་དོན་ཚོགས་ཆུང་གནས་ཚུལ་ཐོན་ཡུལ་དུ་བཀོད་འདོམས་དང་མཐུན་སྦྱོར་བྱེད་པར་མངགས་ཏེ། ཉེན་ཁ་ཆེ་བའི་ས་ཁོངས་ཀྱི་མང་ཚོགས་ཚང་མ་འཕྲལ་མར་བདེ་འཇགས་ལྡན་སར་སྤོ་རྒྱུ་སྒྲིག་འཛུགས་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།   རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཉིང་ཁྲིའི་རྒྱ་ལ་གྲོང་ཚོའི་ས་གཤིས་གནོད་འཚེར་རིམ་པ་དང་པོའི་འཕྲལ་སྡོམ་བྱ་ཐབས་ལག་ལེན་བསྟར་བ་དང་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ལས་དོན་ཚོགས་ཆུང་རང་ལྗོངས་ཀྱི་ཉེན་སེལ་འཕྲལ་སྡོམ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་འཕྲལ་མར་མངགས་ཡོད།   
        ས་གནས་ཀྱི་གེགས་སེལ་ལས་དོན་དང་ས་གཤིས་གནོད་འཚེའི་འཕྲལ་སྡོམ་འགོག་བཅོས་ཀྱི་ལས་དོན་སྒྲུབ་རོགས་བྱ་ཆེད།  རང་སྐྱོང་ལྗོངས་ཀྱིས་བོད་རང་སྐྱོང་ལྗོངས་ཉིང་ཁྲིའི་རྒྱ་ལ་གྲོང་ཚོའི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ཆགས་པའི་འཁྱིལ་མཚོའི་འཕྲལ་སྡོམ་ཉེན་སེལ་ལས་དོན་བཀོད་འདོམས་པུའུ་འཕྲལ་མར་བཙུགས་པ་མ་ཟད། ལས་དོན་ཚོགས་ཆུང་གནས་ཚུལ་ཐོན་ཡུལ་དུ་དུས་ཐོག་ཏུ་མངགས་པ་དང་སྦྲགས་ཆུ་བེད་དང་། རྒྱལ་ཁབ་ས་ཆ་སོགས་སྡེ་ཚན་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་།  ཉིང་ཁྲི་གྲོང་ཁྱེར་དང་སྨན་གླིང་རྫོང་གི་ལས་དོན་ཚོགས་ཆུང་ལ་ཆུ་བོའི་སྨད་རྒྱུད་དུ་གནོད་འཚེ་ཕོག་སྲིད་པའི་རྫོང་དང་ཤང་དུ་ལེབ་བཤེར་བྱས་ནས་མང་ཚོགས་ཀྱི་ཉེན་གཡོལ་གནས་སྤོའི་ལས་དོན་དུས་ཐོག་ཏུ་སྤེལ་དགོས་པའི་བླང་བྱའང་བཏོན་པ་རེད།  ཚེས་17ཉིན་གྱི་ཆུ་ཚོད་11དང་སྐར་མ་28བར་ཉེན་ཁ་ཐོན་སྲིད་པའི་ས་ཁོངས་ཀྱི་མང་ཚོགས་ཚང་མ་བདེ་འཇགས་ལྡན་སར་སྤོས་པས། ད་བར་མི་འཆི་རྨས་ཀྱི་སྙན་སེང་འབྱོར་མེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1