ཉེན་སེལ་གེགས་སེལ་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་སྦྲགས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སེམས་རྣལ་དུ་ཕབ་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 10-22


འདི་ནི་ཟླ་10ཚེས་19ཉིན་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ཉིང་ཁྲི་ཉིང་ལག་རུ་ཁག་གི་རུ་མི་ཚོས་བཀོད་སྒྲིག་ས་ཚིགས་ལ་གེགས་སེལ་དངོས་ཟོག་དབོར་བ།

        ཚེས་19ཉིན་གྱི་ཕྱི་དྲོར། གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་རྒྱ་ལ་གྲོང་ཚོའི་ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་གནོད་འཚེའི་གནས་ཚུལ་གྱི་འཕྲལ་སྡོམ་ཉེལ་སེལ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་ནས་ཤེས་རྟོགས་བྱུང་གསལ། ཚེས་19ཉིན་གྱི་ཆུ་ཚོད་13དང་སྐར་མ་30ཙམ་ལ། ཡར་ཀླུང་གཙང་པོའི་སྨན་གླིང་རྫོང་གི་འཁྱིལ་མཚོའི་སྟོད་རྒྱུད་ཀྱི་ཆུ་ཁ་ཆུ་ངོས་ལས་བརྒལ་ནས་རང་བཞིན་གྱིས་རྒྱུག་པ་དང་། མིག་སྔར། སྟོད་རྒྱུད་ཀྱི་ཆུ་ཁ་དལ་གྱིས་དམའ་རུ་སོང་བ་དང་བསྟུན། ཉེན་སེལ་གེགས་སེལ་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སེམས་རྣལ་དུ་ཕབ་ཡོད།
        བསྡོམས་རྩིས་ལ་གཞིགས་ན། ཟླ་10ཚེས་18ཉིན་གྱི་ཆུ་ཚོད་17བར། གནོད་འཚེ་ཕོག་པའི་མང་ཚོགས་6600ཟིན་ཞིང་། མི་ཁྲི་1.6ལྷག་ཙམ་ལ་ཤུགས་རྐྱེན་ཐེབས་པ་དང་། མི་7100ལྷག་ཙམ་ཁ་བཀྲམ་པ་དང་ཕྱིར་འཐེན་བྱས་པ། མི་སྣ་འཆི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད། ད་དུང་འབྲེང་ཟམ་1ལ་སྐྱོན་ཤོར་བ་དང་། ཟམ་པ་1ཆུས་ཁྱེར་བ། འགྲོ་ལམ་སྤྱི་ལེ་7ཙམ་དང་། རྨོ་ཞིང་མུའུ་512ཙམ། ཆུ་ཡུར་སྨི་600 ཆུ་སྦུག་སྨི་1200 གློག་འཕྲིན་གྱི་སྦྲེལ་ཚུགས་དང་། གློག་སྐུད། གློག་ཤུགས་བཅས་ལ་ཚད་གཞི་མི་འདྲ་བའི་སྐྱོན་ཤོར་ཡོད།
        ཤེས་རྟོགས་བྱུང་བར་གཞིགས་ན། གནས་སྐབས་བཀོད་སྒྲིག་བྱ་ཡུལ་33(སྨན་གླིང་རྫོང་ལ་14དང་མེ་ཏོག་རྫོང་ལ་19ཡོད)གཏན་འཁེལ་རགས་ཙམ་བྱས་ཤིང་། གུར་1320འབུབས་རྩིས་ཡོད་པ་དང་། མིག་སྔར་གུར་མང་ཆེ་བ་ཕུབ་ཟིན་ཞིང་། ལྟེབ་ཁྲི་དང་། ཉལ་ཆས། བཞའ་འགོག་གདན། ལྭ་རིང་། རྩམ་པ། ཇ་བག་ཆུང་སོགས་འཚོ་བའི་མཁོ་ཆས་དང་ཉིན་མཁོའི་སྤྱོད་ཆས་སྤྲད་ཡོད། དེ་དང་ཆབས་ཅིག རགས་རྒྱག་གེགས་སེལ་གྱི་འཕྲལ་སྡོམ་གྲ་སྒྲིག་བྱས་པ་དང་འབྲུབ་འགོག་རྩྭ་རས་ཁྲི་2དང་ཆུ་རགས་ལྕགས་དྲ་རླངས་འཁོར་གཅིག་དབོར་ཡོད། རྒྱ་ལ་གྲོང་ཚོར་གནས་སྤོ་དགོས་པའི་དུད་ཚང་9ཡི་མི་47དང་ཨར་པོ་བ་12ཡོད་པར་དམིགས་ནས། རོགས་སྐྱོབ་འཕྲལ་སྒྲུབ་རུ་ཁག་ཆེད་མངགས་བཙུགས་པ་དང་། ཚེས་18ཉིན་གྱི་ཕྱི་དྲོར། རྐང་ཐང་མར་རོགས་སྐྱོབ་བྱེད་པར་ཕྱིན་ཡོད། ཡིན་ནའང་། འགྲོ་ལམ་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པའི་དབང་གིས་ཚེས་19ཉིན་གྱི་ཕྱི་དྲོའི་བར་དུའང་ལམ་བར་དུ་ལུས་ཡོད། མེ་ཏོག་རྫོང་གིས་ཤང་དང་གྲོང་རྡལ་7དང་སྲིད་འཛིན་གྲོང་ཚོ་19ཡི་དུད་ཚང་684ཡི་མི་2933དང་། གཙང་པོའི་རྒྱུད་དུ་ལས་ཀ་བྱེད་མཁན་627གྱི་གནས་སྤོའི་ལས་དོན་ལེགས་སྒྲུབ་བྱས་ཡོད།
        དེ་དང་དུས་མཚུངས། རླངས་འཁོར་དང་། མི། ཟོག་བཅས་ཀྱི་འགྲུལ་བཞུད་ལ་དོ་དམ་ནན་པོ་བྱས་ནས། འབྲེལ་བ་མེད་པའི་འཁོར་རིགས་དང་མི་སྣ་གེགས་ཁུལ་དུ་བསྐྱོད་དུ་མ་བཅུག་ནས། སྨན་གླིང་རྫོང་གི་ས་ཁོངས་སུ་ཁ་འགྲེམ་ས་ཚིགས་4དང་། འགྲིམ་འགྲུལ་ཁ་འགྲེམ་ས་ཚིགས་5 སྐོར་སྐྱོད་གཡེང་ཚོགས་ཆུང་3བཅས་བཙུགས་ནས་འཁོར་རིགས་སྣ་ཚོགས་ཐེངས་500ལྷག་ཙམ་དང་། མི་ཐེངས་1100ལྷག་ཙམ་ཁ་བཀྲམ་པ་དང་ཕྱིར་ལོག་ཏུ་བཅུག་ཡོད། མེ་ཏོག་རྫོང་སྤྱི་བདེ་སྡེ་ཚན་གྱིས་ཁོངས་གཏོགས་ཁུལ་གྱི་ཡར་ཀླུང་གཙང་པོའི་ཟམ་པ་ཚང་མར་འགྲིམ་འགྲུལ་བཀག་སྡོམ་བྱས་ནས་འཁོར་རིགས་ཆ་ཚང་ལམ་དེ་ནས་མི་གཏོང་བར་ཉེན་སེལ་འགྲོ་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1