ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་ནུས་ཁུངས་པུའུ་ཀྲང་གི་གྲོས་ཚོགས་དང་རྒྱལ་སྤྱིའི་ནུས་ཁུངས་བསྒྱུར་བཅོས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 10-22
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱུད་གཅིག་ལམ་གཅིག་ནུས་ཁུངས་པུའུ་ཀྲང་གི་གྲོས་ཚོགས་དང་རྒྱལ་སྤྱིའི་ནུས་ཁུངས་བསྒྱུར་བཅོས་གླེང་སྟེགས་ཚེས་བཅོ་བརྒྱད་ཉིན་ཅང་སུའུ་ཞིང་ཆེན་སུའུ་ཀྲིག་གྲོང་ཁྱེར་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ནས། གྲོས་ཚོགས་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲོས་གཞི་བཏོན་ནས་ལོ་ལྔ་འགོར་བའི་རིང་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་དང་རང་འགུལ་སྒོས་ཟབ་ཞུགས་བྱས་ཏེ། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ང་ཚོས་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་རྒྱུན་འཁྱོངས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ཟབ་མོར་དང་རྣལ་མར་སྤེལ་ནས། རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་བཟང་པོར་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེསབ་སྟན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ནུས་ཁུངས་མཉམ་ལས་ནི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་ཁྱབ་ཁོངས་གཙོ་བོ་ཡིན་པས། ང་ཚོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཐུན་མོང་གི་འཕེལ་རྒྱས་ལ་མཐུན་རྐྱེན་བཟང་པོ་བསྐྲུན་ཞིང་། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་རྒྱུན་སྲིང་སྒོས་འཕེལ་རྒྱས་སུ་བཏང་སྟེ། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཚོགས་འདུར་ཞུགས་པའི་སྐུ་མགྲོན་རྣམས་ཀྱིས་ནུས་ཁུངས་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་བསྒྱུར་བཅོས་ལ་ཡར་སྐུལ་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས་བརྗེ་རེས་ཟབ་མོ་དང་ལྟ་བ་གཅིག་སྡུད་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་ནུས་ཁུངས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་བཙུགས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་བྱས་རྗེས་བཟང་པོ་འཇོག་རྒྱུའི་རེ་བ་བཅངས་ཡོད་ཅེས་བསྟན།