ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་པེ་ཅིང་དུ་ཚོགས་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-23



           ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་པེ་ཅིང་དུ་ཚོགས་འགོ་ཚུགས་པ་དང་། ཞི་ཅིན་ཕིང་དང་ལི་ཁེ་ཆང་ལི་ཀྲན་ཧྲུའུ་ཝང་ཡང་ཀྲའོ་ལི་ཅི་ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ནས་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་ཝང་ཧུའུ་ཉིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ།
           ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་སྤྱི་ཚེས་22ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འགོ་ཚུགས་པ་དང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཡང་། ཀྲའོ་ལི་ཅི། ཧན་ཀྲེང་བཅས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཕེབས་ནས་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་། ཝང་ཧུའུ་ཉིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས་ཡོད་པ་རེད།
           མི་དམངས་ཚོགས་ཁང་ཆེན་མོའི་ཚོགས་ཁང་ཆེན་མོར་བརྗིད་ཉམས་ཆེ་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་རྣམ་པས་ཁེངས་ཡོད་པ་རེད། ཀྲུའུ་ཞི་སྟེགས་བུའི་སྟོད་ཕྱོགས་སུ་༼ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་༽ཞེས་པའི་ཚོགས་རྟགས་བཀལ་ཡོད་པ་དང་། རྒྱབ་ཡོལ་གྱི་དབུས་དཀྱིལ་དུ་ཀྲུང་གོའི་བཟོ་ཚོགས་དང་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་མཐུན་སྒྲིལ་གཅིག་གྱུར་མཚོན་པའི་བཟོ་ཚོགས་ཀྱི་ཚོགས་རྟགས་འོད་ཆེམ་ཆེམ་དུ་འཕྲོ་བ། གཞོགས་གཉིས་སུ་དམར་རྐྱང་གི་དར་དམར་ལྔ་རེ་བསྒྲིགས་ཡོད་པ་རེད། ཐོག་ས་གཉིས་པའི་རྒྱང་ལྟས་སྟེགས་བུའི་ཐོག་༼ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཟོ་ཚོགས་ཀྱི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། ལས་བཟོ་པ་དུང་ཕྱུར་འགའ་ཤས་ལ་མཐུན་སྒྲིལ་དང་སྐུལ་སློང་བྱས་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱ་དགོས་༽ཞེས་པའི་འཕྲེད་འགེལ་སྦྱར་ཚིག་ཆེན་པོ་བཀལ་ཡོད་པ་རེད།
           ལས་བཟོ་པ་དུང་ཕྱུར་འགའ་ཤས་ཀྱི་མངགས་བཅོལ་ཆེན་པོ་བསྣམས་ཤིང་། རྒྱལ་ཡོངས་ཀྱི་ལས་རིགས་ཁག་ནས་ཕེབས་པའི་ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པའི་འཐུས་མི་༢༠༠༠ལྷག་ཙམ་དང་དམིགས་བསལ་གདན་ཞུས་སྐུ་ཚབ་བརྒྱ་ལ་ཉེ་བ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
           སྔ་དྲོའི་ཆུ་ཚོད་༩དང་སྐར་མ་༣༠ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཚོགས་རར་ཕེབས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་ཐལ་མོའི་རྡེབ་སྒྲ་གྲགས་ཡོད་པ་རེད།
           ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཏུང་མིང་གིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཡོད། ཚང་མས་ཡར་བཞེངས་ནས། སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད།
           ཝང་ཧུའུ་ཉིང་གིས་ཏང་ཀྲུང་དབྱང་གི་ཚབ་གནང་ནས་འགོ་བརྗོད་དུ་༼ དུས་རབས་གསར་པའི་རང་རྒྱལ་བཟོ་པའི་གྲལ་རིམ་གྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཉམས་བཟང་མངོན་༽ཞེས་པའི་ཤིས་ཚིག་གནང་ཡོད། ཝང་ཧུའུ་ཉིང་གིས་དང་ཐོག་ཚོགས་ཆེན་ཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་ལས་བཟོ་བ་དང་བཟོ་ཚོགས་ཀྱི་ལས་བྱེད་པ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་ཡོད་པ་རེད།
           ཝང་ཧུའུ་ཉིང་གིས་ཤིས་ཚིག་གནང་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱིས་བདག་པོའི་འགན་འཁྲིའི་བསམ་པ་དང་ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་པ་ཆེན་པོས། རླབས་ཆེན་གྱི་འཐབ་རྩོད་ནང་ཧུར་ཐག་ཞུགས་པ་དང་། རླབས་ཆེན་གྱི་ལས་གྲྭ་འཛུགས་སྐྲུན་བྱས་པ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་བཏང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལག་ལེན་ཚ་ཚ་འུར་འུར་བསྟར་ཡོད། ཀྲུང་གོའི་བཟོ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་དྲུག་པ་འཚོགས་ཚུན། བཟོ་ཚོགས་རིམ་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ལས་བཟོ་པས་བྱས་རྗེས་འཇོག་རྒྱུར་སྒྲིག་འཛུགས་སྐུལ་སློང་བྱས་པ། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པར་སྐུལ་འདེད་བཏང་བ། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་རྒྱུའི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ། བཟོ་ཚོགས་ཀྱི་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་བཏང་བ། ལས་དོན་ཁག་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། བཟོ་ཚོགས་སྒྲིག་འཛུགས་དང་བཟོ་ཚོགས་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་བཏང་ཡོད་ཅེས་བསྟན་གནང་བ་དང་།
           ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་གྱིས། དུས་རབས་གསར་པའི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ལས་དོན་གསར་གཏོད་དང་འཕེལ་རྒྱས་ལ་མདུན་བསྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་མཛད་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་བརྗིད་ཉམས་ཆེ་བའི་འཆར་གཞི་མངོན་འགྱུར་བྱ་རྒྱུ་ནི། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ལས་འགན་ཞིག་ཡིན་ལ། ཡང་སྒོས་སུ་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱི་ལོ་རྒྱུས་ལས་འགན་ཞིག་རེད། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱི་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། ཕུགས་བསམ་དང་དད་སེམས་བརྟན་སྲུང་དང་། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ངལ་རྩོལ་གྱི་སྤྲོ་སེམས་སྐུལ་སློང་བྱེད་པ། བསྒྱུར་བཅོས་གསར་གཏོད་བློ་བརྟན་འགྱུར་མེད་ཀྱིས་བྱེད་པ། ཚོད་བགམ་ཐེག་ཐུབ་པའི་འཇོན་ནུས་ཡོང་ཐབས་བྱེད་པ་བཅས་ཀྱི་ཐོག་ནས། དུས་རབས་གསར་པའི་འབད་འཐབ་མཁན་གྱི་གླུ་དབྱངས་ལེན་དགོས་ཞེས་བསྟན་གནང་ཡོད།
           གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཧོ་ཅུན་ཁོ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་མེའོ་ཧྭ་ཡིས། སྔ་རྗེས་སུ་མི་དམངས་ཚོགས་པ་དང་། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེའི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ཤིས་ཚིག་གསུངས་ཡོད་པ་རེད།
           ཝང་ཏུང་མིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་16པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་འགོ་བརྗོད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ལས་བཟོ་བ་དུང་ཕྱུར་མང་པོར་མཐུན་སྒྲིལ་དང་སྐུལ་སློང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཐོག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་འབད་འཐབ་བྱེད་ཅེས་པའི་སྙན་ཞུ་གནང་བ་དང་། སྙན་ཞུ་དེ་ཁག་གསུམ་ལ་དབྱེ་ཡོད་པ་སྟེ། དང་པོ་ནི་འདས་ཟིན་པའི་ལོ་ལྔའི་བཟོ་ཚོགས་ལས་དོན་གྱི་གཙོ་གནད་གྲུབ་འབྲས་དང་། གཉིས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཟོ་ཚོགས་ཀྱི་གོང་འཕེལ་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ། གསུམ་པ་ནི་སླད་ཕྱིན་ལོ་ལྔའི་བཟོ་ཚོགས་ལས་དོན་གྱི་ལས་འགན་གཙོ་བོ་བཅས་ཡིན་པ་རེད།
           ཚོགས་ཆེན་ཐོག་ཡིག་ཐོག་སྙན་ཞུའི་རྣམ་པའི་ཐོག་ནས་འཐུས་མི་ཚོར་ཀྲུང་གོའི་བཟོ་ཚོགས་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་དང་ཀྲུང་གོའི་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་16པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ནོར་དོན་ལས་དོན་སྙན་ཞུ། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་16པའི་གྲོན་དངུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་བཅས་འཐུས་མིར་གྲོས་ཞིབ་གནང་རྒྱུར་གོང་འབུལ་ཞུས་ཡོད་པ་རེད།
           ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྲོས་ཚོགས་ལ་ཞུགས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་འགན་འཁུར་བ། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་འཐུས་མི། མི་དམངས་ཚོགས་པ་ཁག པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་བཟོ་ཚོགས་ལས་རིགས་ཀྱི་གྲོགས་པོ། རྒྱལ་སའི་ལས་རིགས་ཁག་གི་ལས་བཟོ་བའི་འཐུས་མི་བཅས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1