སྨན་བཅོས་འགན་བཅོལ་གྱི་དབུལ་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་སྐྲན་འགོག་སྨན་གྱི་དཔྱ་ཁྲལ་དང་རིན་གོང་གཅོག་རྒྱུར་སྐུལ་འདེད་གཏོང་དགོས།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-25
མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་20ཉིན། ཀྲུང་གོ་སྤྱི་ཚོགས་འགན་སྲུང་རིག་གཞུང་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་སྐབས་དང་པོའི་རྒྱལ་ཡོངས་སྨན་བཅོས་འགན་བཅོལ་གྱི་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་ཧུའུ་ཅིང་ལིན་གྱིས་ཚོགས་འདུའི་ཐོག་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་བཙུགས་པ་དེས་རང་རྒྱལ་གྱི་སྨན་བཅོས་འགན་བཅོལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས“སྨན་ཁང་གསུམ་མཉམ་འགུལ”ཁྲོད་ཀྱི་ཐོན་ཁུངས་སྣ་ཚོགས་འདོན་སྤེལ་གང་ལེགས་བྱ་རྒྱུར་ཕན་པ་ཡོད། མིག་སྔར་ལས་ཀའི་གཙོ་གནད་ཆེན་པོ་བཞི་ཡོད་པ་སྟེ། གཅིག་ནི་སྨན་བཅོས་འགན་བཅོལ་གྱི་གནད་སྨིན་དབུལ་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། གཉིས་ནི་ནུས་ཤུགས་ཡོད་རྒུས་སྐྲན་འགོག་སྨན་གྱི་དཔྱ་ཁྲལ་དང་རིན་གོང་གཅོག་རྒྱུར་སྐུལ་འདེད་གཏོང་བ། གསུམ་ནི་ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་དང་ཐད་ཀར་མཇུག་རྩིས་རྒྱག་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། བཞི་ནི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་པ་བཅས་རེད་ཅེས་བརྗོད།
ཧུའུ་ཅིང་ལིན་གྱིས་དེ་བས་དྲང་གཞག་དང་རྒྱུན་མཐུད་ཀྱི་སྨན་བཅོས་འགན་བཅོལ་མ་ལག་ཧུར་ཐག་སྐྲུན་ཚེ། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དགོས་མཁོ་འགན་ལེན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་གཅིག་གྱུར་ཐོག་མགྱོགས་མྱུར་སྐྲུན་དགོས། དྲ་སྦྲེལ་+དང་གྲངས་གཞི་ཆེ་མོ་སོགས་ཀྱི་ཆ་འཕྲིན་ལག་རྩལ་འཚོལ་ཞིབ་དང་བཀོལ་སྤྱོད་ཤུགས་ཆེན་བྱས་ནས་ནད་པར་ནུས་ཆེ་དང་སྟབས་བདེའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བྱེད་དགོས། “སྨན་ཁང་གསུམ་མཉམ་འགུལ”གྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཁེ་ཕན་སྙོམས་སྒྲིག་གི་ལམ་སྲོལ་དང་སྐུལ་ལྕག་གཅུན་འདོམས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཐེབས་རྩ་འཁོར་རྒྱུག་གི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་ལས་བཟོའི་སྨན་བཅོས་འགན་བཅོལ་ཁྲོད་ན་རྒས་ཅན་དང་གསོ་སྐྱོང་བསྡུར་ཚད་ཆག་པ་ལས་ལྷག་པའི་ཐེབས་རྩའི་རྒྱུན་མཐུད་ཉེན་ཁ་དང་། དེ་བཞིན་ས་ཁུལ་དབར་གྱི་ཐེབས་རྩའི་གཏོང་ཡོང་དོ་སྙོམས་མེད་པའི་ཉེན་ཁ་གང་ཡོད་སེལ་དགོས་ཞེས་བརྗོད་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲུང་གོ་སྤྱི་ཚོགས་འགན་སྲུང་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲེང་ཀུང་ཁྲེང་གིས། མིག་སྔའི་སྨན་བཅོས་འགན་སྲུང་ལམ་ལུགས་དམངས་ཡོངས་ལ་ཁྱབ་ཟིན་རུང་། ལམ་ལུགས་ཁག་བགོས་དང་། གྲུབ་ཆ་མི་ལེགས་པ། འགན་འཁྲི་འཁུར་བའི་ཐད་དོ་མི་སྙོམས་པ་སོགས་ཀྱི་ཞན་ཆ་སྔར་བཞིན་ལྷག་ཡོད། སྨན་བཅོས་འགན་བཅོལ་གྱི་ལམ་ལུགས་བསྡུ་སྒྲིལ་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་སྒེར་གྱི་རྩིས་ཐོ་མེད་པ་བཟོ་བ་དང་། སྨན་བཅོས་འགན་བཅོལ་བཅོས་སྒྲིག་གི་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ལེ་ལག་སྒྱུར་བཅོས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྨན་བཅོས་འགན་བཅོལ་དང་སྨན་བཅོས་སྨན་རྫས་དབར་སྤེལ་རེས་བཟང་པོ་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།