༄༅།། ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་རྡོ་རིང་གི་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས། གཙོས་དགའ་ལྡན་ཆོས་གླིང་དོ་དམ་ཨུ་ཡོན་ལྷན་ཁང་། སྤེལ་དུས། 10-26



        ཁྲི་སྲོང་ལྡེ་བཙན(755-798ལོ)བཙན་པོའི་རྒྱལ་རབས་ཀྱི་རྒྱལ་རབས37པ་ཡིན། ཁོང་གི་སྐུ་རིང་ལ་བོད་བཙན་པོའི་རྒྱལ་རབས་འདི་དར་རྒྱས་ཆེ་ཤོས་སུ་སླེབས་ཡོད། ཁོང་གིས་དགོན་པ་བསྐྲུན་པ་དང་ཆོས་དཔེ་བསྒྱུར་བ། དེ་བཞིན་སྡོམ་པ་ཕུལ་བའི་དགེ་འདུན་པ་ཡང་མང་པོ་བྱུང་ཡོད། དུས་ཕྱིས་སུ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན། མངའ་བདག་ཁྲི་རལ་བ་བཅས་ལ་ཆོས་རྒྱལ་མེས་དཔོན་རྣམ་གསུམ་ཞེས་འབོད་ཅིང་གུས་བཀུར་ཆེན་པོ་ཞུ་བ་ཡིན།
        ཁྲི་སྲོང་ལྡེ་བཙན་གྱི་མཛད་རྗེས་རྡོ་རིང་ནི་ཁྲི་སྲོང་ལྡེ་བཙན་གྱི་སྲས་ཀྱིས་ཡབ་མེད་ལ་གོང་བཀུར་གྱི་ཚུལ་དུ་བཞེངས་པ་ཡིན། རྡོ་རིང་གི་མཐོ་ཚད་ལ་སྨི5.24ཡོད་པ་དང་། ཏོག་དང་རྡོ་རིང་། ཞབས་གདན་བཅས་གསུམ་ལས་གྲུབ། ཏོག་དང་ཞབས་གདན་ཕུད་པའི་རྡོ་རིང་དངོས་ཀྱི་མཐོ་ཚད་ལ་སྨི4ཁ་བྱང་དུ་གཏད། བོད་ཡིག་ཡིག་ཕྲེང32བརྐོས་ཡོད། ནང་དོན་ཐད་སྲོང་བཙན་སྒམ་པོ་ཚུན་ཆད་བཙན་པོའི་རྒྱལ་རབས་ཀྱི་དར་རྒུད་བཀོད་ཡོད་པར་མ་ཟད་རྒྱལ་རབས་འདི་ཉིད་དར་རྒྱས་ཤིན་ཏུ་ཆེ་ས་ནས་ཉམས་དམས་སུ་འགྲོ་བའི་ཆེས་ཐོག་མའི་རྒྱུ་རྐྱེན་སྣ་ཚོགས་མི་རྣམས་ལ་བསྟན་ཡོད། དེ་ཡང་དབང་བསྒྱུར་གྲལ་རིམ་ནང་ཁུལ་དུ་ཆོས་ལུགས་ལ་ཁ་གཡར་ནས་མི་དྲག་ཆེ་ཁག་དང་རྒྱལ་རྒྱུད་བར་གྱི་འགལ་ཟླ་བརྗོད་ཡོད། འདིར་རྡོ་རིང་གི་དྲང་ངོའི་ནང་དོན་བསྡུས་ན། མེས་པོ་ལྷ་བཙན་པོས་རྒྱལ་ཁམས་སྐྱོང་ཞིང་གུས་སྲོལ་བཟང་ལ་བྱ་བ་ཐམས་ཅད་དགེ་བའི་ཕྱོགས་སུ་བསྐུལ། མཛད་པ་བླ་ན་མ་མཆིས། ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཡབ་མེས་ཀྱི་སྲོལ་བཞིན་དུ་མཛད་ཅིང་། འཇིག་རྟེན་ཆོས་བཞིན་དུ་བསྐྱངས་པས་འབངས་མི་སེར་གྱི་ཡི་རངས་ཐོབ། མཛད་པ་དག་རྡོ་རིང་དུ་བཀོད་ནས་ནམ་ཡང་མི་བརྗེད་པ་དང་མི་བཤིག་པ་བྱས་སོ།།
        བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་མཛད་རྗེས་ཆེ་ཞིང་དམངས་ཀྱིས་གུས་ལ་རང་གི་མངའ་ཐང་རྒྱ་བསྐྱེད་མཛད་དོ་ལ་སོགས་པའི་བསྟོད་པ་རྒྱ་ཆེར་བྱས་སོ།། ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་ནི་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བ། སུ་ཞིག་གིས་ཀྱང་འགྲན་ཟླ་བྲལ་བ། རྣམ་དཔྱོད་རྣོ་ལ་དཔའ་རྩལ་ཆེ་བ་མངའ་རིས་ཐམས་ཅད་དུ་ཡི་རངས་མི་བྱེད་པ་སུ་ཡང་མེད་དོ།།
        ཁོང་གི་སྐུ་རིང་ལ་མངའ་རིས་རྒྱ་ཆེ་ལ་ཕྱོགས་བཞིར་མཚམས་མེད་པ། བཙན་པོའི་རྒྱལ་རབས་སྟོབས་ཤུགས་མངའ་ཐང་དར་ཞིང་དེར་འཚོ་བའི་འབངས་རྣམས་བདེ་སྐྱིད་པ། བཙན་པོ་སྙིང་རྗེ་ལྡན་ལ་ཁོག་རྒྱ་ཡངས་པ། འགྲོ་དོན་རྒྱ་ཆེར་མཛད་པ། དགེ་བའི་ལས་མཐའ་ཡས་པ་བསྒྲུབས་པར་མ་ཟད་འབངས་མི་སེར་ལ་བྱམས་པ་འདི་ཕྱི་གཉིས་ཀར་དབང་དུ་བསྒྱུར་བའི་འགྲོ་བའི་སྐྱབས་མགོན་ལྷ་ཆེན་པོའི་སྤྲུལ་བ་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1