བུ་ཨ་བསམ།
རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས། དམངས་ཁྲོད། སྤེལ་དུས། 06-18
སྒྲུང་གཏམ་འདི་མི་ལོ་བརྒྱ་ཕྲག་གི་སྔོན་ལ་སྟོད་བྱང་ངམ་རིང་གི་ཁུངས་ཟང་ཟང་དུ་དངོས་སུ་བྱུང་བར་གྲགས་ཤིང་། ད་བར་མི་རབས་ནས་མི་རབས་བརྒྱུད་ངག་རྒྱུན་དུ་རིམ་པས་མཆེད་དེ། དེང་ངམ་རིང་ཙམ་མ་ཟད། བོད་ཡུལ་སྟོད་ཁུལ་གྱི་དམངས་ཁྲོད་དུ་དར་ཁྱབ་ཇེ་ཆེར་ཕྱིན་ཡོད་པ་ལ། རྩ་བ་གཅིག་ལས་མཆེད་པའི་ཡལ་འདབ་ལྟ་བུར་ཤོད་རྒྱུན་འདྲ་མིན་སྣ་ཚོགས་ཞིག་འདུག་མོད། འདིར་ཟང་ཟང་ཁུལ་གྱི་ཤོད་རྒྱུན་བསྡུས་པ་ལྟར་ལེགས་བསྒྲིགས་ཞུས་པ་ཡིན།
དེ་ཡང་ཟང་ཟང་དཔོན་ཞེས་པའི་ཡུལ་དཔོན་དེར་དམན་སྤྲེལ་མོ་ཞེས་པའི་གཞོན་ནུ་མ་གཤིས་རྒྱུད་དྲང་ལ་སྐྱེས་འབྲས་བཟང་མོ་ཞིག་ཡོད་པ་དེ་དང་ཟང་ཟང་དཔོན་འོག་གི་ཁྱིམ་ཚང་ཕྱུག་པོ་ཞིག་ལ་བུ་ཨ་བསམ་ཞེས་པའི་ཕོ་གཞོན་ཞིག་ཡོད་པ་དེ་གཉིས་ཆུང་ངུའི་དུས་ནས་ཕན་ཚུན་མཛའ་ཞིང་མཐུན་པར་གནས་པ་མ་ཟད། སླད་ཚེ་གང་གཏན་དུ་གྲོགས་རྒྱུའི་དམ་བཅའ་ཡང་བཞག་ཡོད།
དེ་ལྟ་ནའང་ཟང་ཟང་དཔོན་གྱི་བསམ་བློར་རང་ཉིད་ཀྱི་བུ་མོ་དེ་མངའ་ཐང་འབྱོར་པ་སོགས་གང་སྤྱིར་རང་དང་མཉམ་པ་ཞིག་གི་མནའ་མར་སྟེར་རྒྱུའི་འཆར་གཞི་ཡོད་ཡོད་པས་ཁོ་གཉིས་ཀྱི་གཉེན་དོན་དེར་མོས་མཐུན་རྩ་བ་ནས་བྱས་མེད་པར་མཐར་དམན་སྦྲེལ་མོ་བྱང་དཔོན་པོ་(དེང་ནག་ཆུའི་ཁོངས་གཏོགས་པའི་སྔོན་གྱི་ནག་ཚང་ཞེས་པ་ཡིན་སྐད་ )ཡི་མནའ་མ་སྟེར་རྒྱུའི་ཐག་གཅོད་བྱས་པ་མ་ཟད། བུ་ཨ་བསམ་བོད་ལྷ་རྩེར་ཚོང་ལ་ཕྱིན་པའི་གོ་སྐབས་དང་བསྟུན་ནས་དམན་སྦྲེལ་མོ་བྱང་དཔོན་པོའི་མནའ་མར་སྐྱེལ་བང་འགྲོ་རྒྱུའི་གྲ་སྒྲིག་བྱས་ཤིང་། དེ་ན་དམན་སྦྲེལ་མོས་ཟང་ཟང་བརྒྱུད་ནས་བོད་ལྷ་རྩེར་འགྲོ་མཁན་རྒྱུས་མེད་ཀྱི་ཚོང་པ་ཞིག་ལ་གནས་ལུགས་རྒྱུ་མཚན་དང་བུ་ཨ་བསམ་མྱུར་བར་ལོག་ཡོང་དགོས་པའི་ཁ་ལན་བཏང་བ་རེད།
ཚོང་པ་དེས་ལྷ་རྩེའི་ཁྲོམ་གཞུང་གང་སར་ཟང་ཟང་གི་ཚོང་པ་བུ་ཨ་བསམ་ཞེས་པ་རྩད་གཅོད་བྱས་ཀྱང་མ་རྙེད་པས། མཐར་དམན་སྤྲེལ་མོས་ལན་སྐུར་སའི་རྒྱུས་མེད་ཀྱི་ཚོང་པ་དེས་དམན་སྦྲེལ་མོའི་ལན་རྣམས་བོད་ལྷ་རྩེའི་ཁྲོམ་གཞུང་ལ་གླུ་བླངས་པ་ནི་འདི་ལྟར།
བོད་ལྷ་རྩེའི་ཁྲོམ་གཞུང་ཡངས་པོ་ལ། ཚོང་བྱ་བར་བྲེལ་བའི་ལྷན་རྒྱས་ཚོ། འབྲོག་ཟང་ཟང་ཡུལ་ནས་འདི་ཕྱོགས་སུ། ཚོང་རྒྱག་པར་ཡོང་བའི་ཕྱུག་པོའི་བུ། བུ་ཨ་བསམ་ཅེས་པ་ཡོད་རང་ཟེང། རྩད་བཅད་ན་ཆོད་ས་མི་འདུག་པས། ཁྱེད་ངོ་ཤེས་ཡོད་ན་ཁོ་ལ་ཤོད། ངོ་ཤེས་མེད་ན་འདྲི་རོགས་གྱིས། ཡུལ་ཟང་ཟང་དཔོན་གྱི་ཡིད་འོང་མ། དམན་སྤྲེལ་མོ་ཞེས་པས་ལན་ཅིག་འདུག བུ་ཨ་བསམ་མ་སྡོད་ལོག་ཤོག་ཟེར། དུས་ཉིན་མཚན་མེད་པ་ལོག་ཤོག་ཟེར། ཚོང་འཐེབས་པ་ཡོད་ན་འཁྱེར་ཤོག་ཟེར། ཚོང་འཐེབས་པ་མེད་ན་གཡུགས་ཞོག་ཟེར། དམན་སྤྲེལ་མོ་བསམས་ན་ལོག་ཤོག་ཟེར། དམན་སྤྲེལ་མོ་མི་སྔོད་འགྲོ་དགོས་ཟེར། བྱང་དཔོན་པོའི་མནའ་མར་འགྲོ་དགོས་ཟེར། ཞེས་པའི་ལན་དེ་གཅིག་ལ་གཅིག་བརྒྱུད་ཀྱིས་མཐར་བུ་ཨ་བསམ་གྱི་རྣ་བར་ཐོས། ཁོས་རང་གི་གནས་ཚང་གཡར་སའི་གནས་མོ་དང་འཁོར་གཡོག་བཅས་པར་གླུ་འདི་བླངས་སོ།
གནས་མོ་ཝ་ཡེ་དང་གནས་མོ་ཝ་ཡེ། གནས་མོ་བསོད་ནམས་དཔལ་ཛོམས་ཝ་ཡེ། སེར་ནག་འཁྱིལ་ལེ་མེ་ཞིག་གཏོང་། དམར་ནག་འཁྱིལ་ལེ་ཇ་ཞིག་སྐོལ། བུ་ཨ་བསམ་མི་སྡོད་ལོག་དགོས་འདུག དུས་ཉིན་མཚན་མེད་པར་ལོག་དགོས་འདུག ཚོང་གཡོག་མ་སྡོད་ཚོང་གཡོག་སོང་། ཚོང་གཡོག་བཀྲ་ཤིས་དཔལ་འབྱོར་སོང་། གཡག་བསྡུས་པ་ཡོད་ན་འདེད་ནས་ཤོག བསྡུས་པ་མེད་ན་གཡུགས་ནས་ཞོག དམན་སྤྲེལ་མོ་བྱང་ལ་འགྲོ་དགོས་ཟེར། བྱང་དཔོན་པོའི་མནའ་མར་འགྲོ་དགོས་ཟེར། བུ་ལ་ཨ་བསམ་ཟེར་བ་ཆོ་མེད་རེད། བུ་ཨ་བསམ་ཟེར་བ་སྙིང་མེད་རེད། རྒྱུ་འབྱོར་པ་ཐོགས་པ་མེད་ནའང་། དམན་སྤྲེལ་མོ་བཞག་ནས་ཚོང་ལ་ཡོང་། ཡུལ་ཟང་ཟང་དཔོན་གྱི་ཐབས་སྡུག་ལ། དབང་དཔོན་གནས་ཁོ་རང་མཐོ་ན་ཡང་། ནོར་ལོངས་སྤྱོད་ཕྱོགས་ལ་འདྲ་འདྲ་ཡིན། རུས་གདུང་རྒྱུད་ང་ལ་འགྲན་ཐབས་མེད། དམན་སྤྲེལ་མོ་བསམ་ན་སྙིང་རེ་རྗེ། དམན་སྤྲེལ་མོའི་ཕྲེང་བ་ཤེལ་ཕྲེང་དང་།བུ་
ཨ་བསམ་ཕྲེང་བ་རག་གཞི་གཉིས། དུས་སྔ་མ་ཕར་བརྒྱུས་ཚུར་བརྒྱུས་བྱེད།ད་ཕྱིན་ཆད་མེད་པར་ཡིད་རེ་སྐྱོ། དམན་སྤྲེལ་མོའི་ཝ་ལ་(རྟ་ནག་པོ་)རྟིང་དཀར་དང་། བུ་ཨ་བསམ་རག་པ་ཚིགས་དཀར་གཉིས། དུས་སྔོན་མ་རུབ་རུབ་གཤིབས་གཤིབས་འགྲོ། ད་ཕྱིན་ཆད་མེད་པར་སྔ་རེ་གྲང་། (དྲན་པའི་དོན་)ཞེས་བརྗོད་བཞིན་པར་མྱུར་བར་ལྷ་རྩེ་ནས་ཐོན་ཏེ་ཟང་ཟང་ལ་ལོག་ཅིང་།འགྲོ་བའི་ལམ་བར་གྱི་སྣང་ཚུལ་གླུ་རུ་བླངས་པ་ནི་འདི་ལྟར། གང་ཁའི ( ལྷ་རྩེ་ནས་ཟང་ཟང་ལ་འགྲོ་བའི་ལམ་བར་གྱི་ས་ཆ)བྱེ་གཞུང་སྔོན་མོ་ལ། གཡག་ག་གསལ་(སྤུ་ཁ་)སྣ་ལོ་ཆད་ནས་སོང་། དེ་ཆད་ནས་སྐྱོང་ལོང་ང་ལ་མེད། རྩྭ་བཟའ་ན་ཁོ་རང་རྒྱུས་ཡོང་རེད། ཆུ་འཐུང་ན་ཁོ་རང་རྒྱུས་ཡོད་རེད། དཀར་ལའི་(ཟང་ཟང་ངང་ཉེ་བའི་ལ་)རྩེ་ནས་ལྟ་བའི་ཚེ། ཟང་ཟང་ཤེལ་ལས་དྭངས་བར་གསལ། ཟང་ཟང་དཔོན་གྱི་རུ་འཁོར་ལ། གཡག་རྟ་ཁྱུ་ཡིས་བསྐོར་ནས་འདུག དམན་སྦྲེལ་མོ་བྱང་ལ་ཐོན་གྲོབས་འདྲ། ཚེ་འདི་ཡི་གཏན་གྲོགས་མ་བྱུང་སོང་། ཚེ་ཕྱི་མ་མཇལ་བའི་སྨོན་ལམ་འདེབས་ ནོར་ལོངས་སྤྱོད་དགོས་པ་ང་ལ་མེད། ཚེ་ཕྱེ་མའི་ཆེད་དུ་ཆོས་ལ་ཞུགས་། དམན་སྤྲེལ་མོ་མཇལ་ཕྱིར་ཆོས་ལ་ཞུགས་ཅེས་བརྗོད་པ་དང་སྦྲགས་བུ་ཨ་བསམ་ཁོ་རང་གི་ཁྱིམ་གྱི་རྒྱུ་ནོར་ལས་དམན་སྤྲེལ་མོའི་ཆེད་དུ་རང་གི་ཐོབ་སྐལ་ཡོད་ཚད་སྤྲད་པ་དང་། དེ་དོན་བུ་ཨ་བསམ་གྱིས་གླུ་རུ་དྲངས་པ་འདི་ལྟར། བྱང་དཔོན་པོ་རྩམ་པ་དཀོན་པོ་རེད། དམན་སྤྲེལ་མོ་རླུང་ཤས་སྔང་པོ་རེད། ངས་རྩམ་རྒྱབ་དགུ་བཅུ་གོ་དགུ་སྟེར། བྱང་དཔོན་པོ་གོས་སྣ་དཀོན་པོ་རེད། དམན་སྤྲེལ་མོར་མཆོར་གོས་དགོས་ལེ་རེད། ངས་གོས་སྣ་དགུ་བཅུ་གོ་དགུ་སྟེར། བྱང་དཔོན་པོ་ནོར་ལ་ཆགས་ཞེན་ཆེ། དམན་སྤྲེལ་མོ་པྱུགས་ལ་བྱམས་སྐྱོང་ཆེ། འབྲི་ཆེ་ཆུང་དགུ་བཅུ་གོ་དགུ་དང་། ལུག་ཆེ་ཆུང་དགུ་བརྒྱ་དགུ་བཅུ་སྟེར། བུ་ཨ་བསམ་རང་གི་ནོར་སྐལ་ཡིན།
དམན་སྤྲེལ་མོ་བསམ་ནས་སྟེར་བ་ཡིན། དཔོན་ཟང་ཟང་ནོར་སྐལ་ལྡབ་ལས་ལྷག བྱང་
དཔོན་པོ་ཡུལ་ལ་ངོམ་ཡས་གྱིས། བུ་ང ནི་མི་སྡོད་ཆོས་ལ་ཞུགས། ཆོས་སྦྲུབ་པ་ཐོབ་ནས་མཇལ་བར་ཡོང་། དཔོན་ཟང་ཟང་འགྱོད་པ་སྐྱེ་བ་བཟོ།བྱང་དཔོར་པོ་འཇིགས་སྐྲག་སྐྱེ་བ་བཟོ་ དམན་སྤྲེལ་མོ་ཐང་ལམ་ཟིན་པ་བཟོ།ང་སེམས་ལ་སྐྱོ་སྣང་ག་ལ་བྱེད། དམན་སྤྲེལ་མོ་སྐྱོ་སྣང་མ་བྱེད་ཅིག བྱང་དཔོན་པོའི་ཡུལ་ལ་ག་ལེ་ཕེབས། བྱང་དཔོན་པོ་ཟང་ཟང་དཔོན་པོ་གཉིས། དོན་ངོ་མ་བཀའ་དྲིན་ཆེ་ལེ་རེད། ཚེ་འདི་ལ་བསམ་ན་དགྲ་ཡ་རེད། དགྲ་འཁོན་འཛིན་ང་ལ་བཅངས་དགོས་མེད། ཚེ་ཕྱི་མའི་འདོད་འདུན་བསྒྲུབ་མཁན་རེད། ཐུགས་རྗེ་དང་བཀའ་དྲིན་གཉིས་ཀ་ཆེ། ཚེ་ཕྱི་མའི་འདོད་འདུན་མ་འགྲུབ་ན། བུ་ཨ་བསམ་ང་རས་ལན་པ་རེད།ཅེས་སོགས་བརྗོད་པ་མ་ཟད་མཐར་བུ་ཨ་བསམ་ནི་འབྱུང་བ་ལྔ་ལ་རང་ངབང་ཐོབ་ཅིང་། གྲུབ་ཐོབ་ངོ་མཚར་ཅན་ཞིག་ཏུ་གྱུར་བར་གྲགས་སོ།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1