ཚེ་རིང་འབུམ་ནི་འབར་ཁམས་གྲོང་ཁྱེར་ཅོག་ཙེ་གྲོང་རྡལ་གྱི་སའི་སོ་གྲོང་སྡེའི་རྒྱལ་རོང་གི་ཕོ་སར་ཞིག་ཡིན་ལ། 2007ལོར། ལོ་ངོ་བཞིའི་རིང་ཡུལ་གཞན་དུ་འཁྱམ་པའི་འཚོ་བར་རྫོགས་ཚིག་བཀོད་དེ་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་ཀྱི་ལམ་དུ་ཞུགས།
མདོ་དབུས་མཐོ་སྒང་དུ་འཚོ་བ་རོལ་བའི་མི་རྣམས་གུར་གུམ་ཆུ་ནང་དུ་སྦངས་ནས་འཐུང་བར་དགའ། ཚེ་རིང་འབུམ་གྱི་ཨ་མ་ཡང་དེའི་གྲས་ཀྱི་གཅིག་ཡིན། ཁོས་གུར་གུམ་གྱི་རིན་གོང་ཧ་ཅང་མཐོ་བ་ཤེས་རྗེས་གུར་གུམ་ལ་ཞིབ་འཇུག་བྱས།
2008ལོར། ཚེ་རིང་འབུམ་གྱིས་ཚོད་ལྟའི་ཚུལ་དུ་གུར་གུམ་མུའུ1ཙམ་བཏབ་ཅིང་། ལོ་ངོ40ལྷག་ལ་སྨན་རྩྭ་གྲགས་ཅན་རིགས་མང་པོ་བཏབ་པའི་ལག་རྩལ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་རྔ་བ་ཁུལ་གྱི་ཚན་རྩལ་ཆེད་མཁས་པ་ལིའུ་ཧྲང་ཡོན་ལག་རྩལ་བློ་འདོན་པར་གདན་འདྲེན་ཞུས།
འཇིག་རྟེན་གྱི་ཁ་དཔེ་ལ་བྱ་བའི་ཐོག་མ་དཀའ་ཞེས་པ་ལྟར། ཐོག་མའི་ལོ་ཤས་རིང་ཚེ་རིང་འབུམ་ལ་ཐེངས་དུ་མར་ཕམ་ཁ་བྱུང་། ཚེ་རིང་འབུམ་གྱིས་སྐབས་དེར་འདེབས་འཛུགས་ལག་རྩལ་ཤིན་ཏུ་ཞན་པས། འདེབས་འཛུགས་ལེགས་འགྲུབ་གྱི་ཚད་ནི20%ནས་30%ཡི་བར་ཡིན། ལག་རྩལ་ཆེད་མཁས་པའི་ལྟ་སྐྱོང་འོག་ཏུའང་ལེགས་འགྲུབ་ཀྱི་ཚད་ནི་40%ཡས་མས་ཡིན། དེ་བས་ལོ་དེ་དག་ལ། ཡོང་འབབ་དང་འགྲོ་སོང་ལས་འགྲོ་སྒོ་ཆེ་ཙམ་འདུག་ཟེར།
ཡིན་ན་ཡང་། ཚེ་རིང་འབུམ་གྱི་བྱ་གཞག་གསར་གཏོད་ཀྱི་སྤྲོ་སེམས་མ་ཉམས་པར། དེ་ལས་ལྡོག་སྟེ། ཁོས་ལག་རྩལ་ཞིབ་འཇུག་གི་ཕྱོགས་ལ་འབད་པ་མུ་རུ་བསྐྱེད་ཅིང་། ཚེ་རིང་འབུམ་གྱིས་གུར་གུམ་འདེབས་མཁན་གཞན་དག་དང་འབྲེལ་འདྲིས་མང་དུ་བྱས་པ་དང་། ཞིབ་འཇུག་དང་བགྲོ་གླེང་སྟབས་བདེ་ཆེད། 2013ལོར། ཁོང་ཚོས་མཉམ་དུ་གུར་གུམ་འདེབས་འཛུགས་མཐུན་ཚོགས་བཙུགས་ཤིང་། ལག་རྩལ་ཞིབ་འཇུག་དང་བགྲོ་གླེང་དང་སྦྲགས། གུར་གུམ་འདེབས་འཛུགས་ཀྱི་ལས་ཀ་གཉེར་འདོད་ཆེ་བའི་མི་མང་པོར་བློ་དང་གྲོས་གཞི་བཏོན།
2015ལོར་ཚེ་རིང་འབུམ་གྱི་འདེབས་འཛུགས་ལག་རྩལ་ཇེ་བཟང་དུ་སོང་བ་དང་། གུར་གུམ་སྨིན་ཚད་ཆེས་ཆེར་འཕར། ལག་རྩལ་དེ་ལ་རྒྱལ་ཡོངས་ཀྱི་གུར་གུམ་འདེབས་འཛུགས་ཀྱི་གསར་གཏོད་ཆེད་ཁེ་གཅིག་པུ་ཐོབ།
2016ལོར། ཚེ་རིང་འབུམ་གྱིས་བཏབ་པའི་གུར་གུམ་ལ་དངོས་སུ་ཁེ་ཕན་བྱུང་། ན་ནིང་། ཚེ་རིང་འབུམ་གྱིས་འབར་ཁམས་ཁང་ཀྲིན་ཡོན་ཁེ་ལས་ཚད་ཡོད་འགན་ལེན་ཀུང་སི་བཙུགས་ཤིང་། གུར་གུམ་དང་དེ་ལས་བྱུང་བའི་་གུར་གུམ་ཆང་སོགས་ཐོན་རྫས་ལས་ཁོ་ལ་ཡོང་འབབ་མི་དམན་པ་ཐོབ།
ད་སྐབས། ཚེ་རིང་འབུམ་གྱིས་བཏབ་པའི་གུར་གུམ་གྱི་རྒྱ་ཁྱོན་ལ་མུའུ15ཡོད་པ་དང་། འབར་ཁམས་གྲོང་རྡལ་དང་པིན་ཅིན་གྲོང་སྡེ། ཚེ་དཔལ་གྲོང་སྡེ་བཅས་སུ་འདེབས་བཞིན་ཡོད། ཀུང་སིས་སྡེ་དམངས་ཀྱི་ས་ཞིང་གླས་ནས་ལོ་རེར་མུའུ་རེར་སྒོར3000སྟེར་བ་དང་། ཉིན་རེར་གླ་ཆ་སྒོར130སྟེར་བའི་སྡེ་དམངས་རྣམས་ངལ་རྩོལ་བར་གླས་ཡོད་པས་སྡེ་དམངས་ཀྱི་ཡོང་འབབ་ཀྱང་ཇེ་མང་དུ་སོང་ཡོད།
ཚེ་རིང་འབུམ་གྱིས་ལོ་ངོ10རིང་ལ་འབད་འབུངས་དང་དཀའ་སྤྱད་བྱས་ཏེ། བྱ་གཞག་གསར་གཏོད་ཀྱི་བགྲོད་ལམ་ནས་རང་ལ་དབང་བའི་འབྱོར་ཕྱུག་གི་ལམ་བུ་གསར་བ་ཞིག་རྙེད་པ་རེད།