ཕུར་བུ་ཚེ་རིང་།
དང་པོ། སྐད་རིགས་སྤེལ་རེས་དང་སྒྲ་རང་སོར་འཇོག་པའི་ཡི་གེ་སྒྱུར་ཐབསཀྱི་འབྲེལ་བ།
དེང་སྐབས་སྒོ་མོ་ཀུན་ནས་དབྱེ་བའི་འཛམ་གླིང་རྒྱལ་ཁབ་དང་མི་རིགས་ཁག་བར་དུ་དཔལ་འབྱོར་དང་། ཚན་རིག་རིག་གནས་སོགས་ཕན་ཚུན་སྤེལ་རེས་རྒྱ་ཆེན་པོ་བྱུང་ནས་ཐོན་རྫས་གསར་པའི་མིང་དང་བྱ་ཐབས་གསར་པའི་བརྡ་ཆད་མང་པོ་ཞིག་རྒྱ་ཁྱབ་ཏུ་འགྲོ་བའི་བརྒྱུད་རིམ་ནང་དུ་སྒྲ་རང་སོར་འཇོག་པའི་སྒྱུར་ཐབས་དེས་དམིགས་བསལ་གྱི་ནུས་པ་ཐོན་གྱི་ཡོད་པ་རེད། ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ཁྲོད་དུ་དར་རྒྱས་བྱུང་བའི་བོད་ཀྱི་སྐད་དང་ཡི་གེ་དེ་ལ་ཡང་ཕྱི་ནས་དར་ཡོང་བའི་སྐད་དང་ཡི་གེའི་ཤན་ཞུགས་པ་མང་པོ་ཡོད་ལ། མིང་ཚིག་མང་པོ་ཞིག་འགྱུར་མེད་རང་སོར་བེད་སྤྱོད་གཏོང་སྲོལ་བྱུང་ཞིང་། མིང་ཚིག་འདི་རིགས་ལ་ཕྱི་དར་མིང་ཚིག་ཟེར་ན་ཆོག
འོ་ན་གང་འདྲ་ཞིག་ལ་ཕྱི་དར་མིང་ཚིག་ཟེར་རམ་ཞེ་ན། དེ་ནི་གང་ཞིག་རང་མི་རིགས་ཕར་ཕུད་པའི་ཕྱིའི་རྒྱལ་ཁབ་དང་མི་རིགས་གཞན་ཡོད་དོ་ཅོག་གི་དོན་ལ་ཕྱི་ཞེས་བརྗོད་ལ། ཕྱི་རིགས་དེ་དག་ལས་དར་ཁྱབ་བྱུང་བའི་སྐད་ལ་ཕྱི་སྐད་ཟེར་ཞིང་། དེ་ལ་ཕྱི་དར་མིང་ཚིག་དང་། གཞན་གཡར་ཐ་སྙད། གཡར་ཚིག་སོགས་དོན་གཅིག་མིང་གི་རྣམ་གྲངས་ཀྱང་མང་པོ་ཡོད།
ཕྱི་དར་མིང་ཚིག་གི་འབྱུང་རྐྱེན་གང་ཡིན་ནམ་ཞེ་ན། དེ་ཡང་ཕྱི་དར་མིང་ཚིག་འདི་རིགས་ནི་བོད་ཀྱི་མི་རིགས་རྣམས་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་དུ་བོད་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་དང་། དེ་བཞིན་རྒྱལ་ནང་གི་མི་རིགས་གཞན་དང་ལས་རིགས་བཅས་བར་གང་ཅིའི་ཐད་ནས་ཕན་ཚུན་བསམ་བློ་ངོ་སྤྲོད་དང་། དཔལ་འབྱོར་བརྗེ་ཚོང་། རིག་གནས་སྒྱུ་རྩལ་སྤེལ་རེས་སོགས་ཀྱི་ལས་འབྲེལ་བྱེད་པའི་བརྒྱུད་རིམ་ནང་དུ་རིམ་གྱིས་དར་ཁྱབ་བྱུང་བ་མ་ཟད་མི་རྣམས་ཀྱི་ངག་རྒྱུན་དུ་འཇགས་པ་རེད།
མི་རིགས་གང་ཞིག་གི་ས་ཁོངས་སུ་གསར་དུ་ཐོན་པའི་བྱ་དངོས་གང་དང་གང་ཞིག་མི་རིགས་གཞན་ཞིག་གི་ས་ཁོངས་སུ་སྔར་མེད་གསར་དུ་དར་ཁྱབ་ཡོང་སྐབས། དར་ཁྱབ་འབྱུང་ཡུལ་གྱི་མི་རིགས་དེས་མི་རིགས་གཞན་ལས་བྱུང་བའི་བྱ་དངོས་གསར་པ་དེ་རིགས་ཉམས་ལེན་བྱེད་སྐབས་བྱ་དངོས་དེ་རིགས་ལ་མིང་ཡང་འདོགས་ལོང་མ་བྱུང་སྔོན་བྱ་དངོས་དེ་རང་དང་ཆབས་ཅིག་ཏུ་དར་ཡོང་བའི་ལྷན་སྐྱིས་ཀྱི་མིང་དེ་རང་འབོད་རྐྱང་བྱེད་པ་མང་པོ་ཡོད་ལ། ཐ་ན་མིང་ཚིག་ཁ་ཤས་ཀྱི་བརྡ་དོན་མ་དག་རྒྱུན་འབྱམས་སུ་འགྲོ་བཞིན་ཡོད་པ། དཔེར་ན། 手扶拖拉机ཞེས་པ་དེ་ཐོག་མར་བོད་ཀྱི་གྲོང་གསེབ་ཏུ་དར་ཁྱབ་ཤིན་ཏུ་མྱུར་ལ་རྒྱ་ཆེ་བས་གཞུང་ཕྱོགས་ཀྱི་སྒྱུར་ཡིག་ནང་དུ་ལག་སྐྱོར་དྲུད་འཐེན་འཁོར་ལོ་ཞེས་བསྒྱུར་བའི་བོད་སྐད་ཀྱི་མིང་དེ་གཤམ་འོག་ཏུ་མ་ཁྱབ་གོང་ལ་གྲོང་གསེབ་པས་དེ་ཧྲུའུ་ཕུའུ་ཞེས་སྒྲ་རང་སོར་བཞག་པའི་མིང་དེ་རང་འབོད་ཀྱི་ཡོད། དུས་མཚམས་དེ་ལ་སླེབས་དུས་འཕྲུལ་འཁོར་དེ་ལ་ཧྲུའུ་ཕུའུ་མི་ཟེར། དྲུད་འཐེན་འཁོར་ལོ་ཟེར་དགོས་ཞེས་གོང་དཔོན་གྱིས་བཀའ་ཕབ་ཀྱང་འགྱུར་བ་གཏོང་མི་ཐུབ་པའི་གནས་སུ་གྱར་བ་རེད། དེས་ན་དྲུད་འཐེན་འཁོར་ལོ་ཞེས་པའི་མིང་དེ་ནི་གོ་བདེ་བའི་འགྲེལ་བཤད་ཙམ་དུ་བྱས་ནས་ཡི་གེའི་བང་མཛོད་ནང་དུ་བསྡུ་གསོག་བརྒྱབ་ནས་འཇོག་རྒྱུ་ལས་ཐབས་གཞན་མེད་པ་རེད།
གནས་ཚུལ་དེ་འདྲའི་ཐོག་ནས་བལྟས་ན། ཕྱི་དར་མིང་ཚིག་ཡིག་སྒྱུར་བྱེད་སྟངས་ཁ་ཤས་གོང་ནས་གཤམ་ལ་མར་སྒྱུར་སྤྲོད་བྱེད་པ་ལས་གཤམ་ནས་ཡར་ལེན་སྤྱོད་བྱས་ན་ཡག་པ་ཡོད་བཟོ་འདུག དེང་སང་གིBB机ཞེས་པ་དང་། 手机ཞེས་པར་ཡང་མ་གཞི་བྱས་ན་ལོ་གཅིག་ཙམ་གྱི་གོང་ནས་ལྟ་ས་ཁུལ་གྱི་འབྲེལ་ཡོད་ལོ་ཙཱ་བ་མཁས་ཅན་ཚོས་བརྡ་ཆད་གྲོས་ཞིབ་གཏན་འབེབས་བྱེད་པའི་ཚོགས་འདུའི་ཐོགBB机ཞེས་པར་པིར་བརྡ་དང་། 手机ཞེས་པར་ལག་ཐོག་ཁ་པར་ཟེར་དགོས་ཞེས་གྲོས་ཐག་བཅད་ལ་བོད་སྐད་ཡིག་ལས་དོན་མཛུབ་ཁྲིད་གཞུང་ལས་ཁང་གིས་ལྗོངས་ཡོངས་ལ་བཏང་བའི་བརྡ་ཆད་གསར་སྒྲིག་བཀས་བཅད་བརྡ་ཐོའི་ནང་དུའང་དེ་ལྟར་འཁོད་ཡོད་པ་རེད། འོན་ཀྱང་དེང་གི་དངོས་ཡོད་འཚོ་བའི་ནང་དུ་པིར་བརྡ(BP机)དང་ལག་ཐོགས་ཁ་པར(手机)ལག་ལེན་བྱེད་མཁན་མྱུར་ལ་རྒྱ་ཆེར་ཁྱབ་པ་དང་དུས་མཚུངས་དེ་ཉིད་ཀྱི་མིང་ཡང་མང་ཆེ་བས་སྒྲ་རང་སོར་བཞག་ནས་འབོད་མཁན་མང་བ་ལས་བོད་སྐད་ཀྱི་མིང་དུ་འབོད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་ནི་ཀུན་གྱིས་མཁྱེན་གསལ་རེད།
བོད་ལ་རྒྱ་གར་དང་དབྱིན་ཇིའི་སྐད་ཀྱི་ཐ་སྙད་མང་པོ་སྔ་མོ་ནས་དར་ཁྱབ་བྱུང་ཡོད་པ་དེ་ཚོ་ཡང་གོང་གསལ་གྱི་ཕྱི་དར་ཐ་སྙད་འབྱུང་ལུགས་དང་ཤིན་ཏུ་འདྲ་བ་སྟེ། དཔེར་ན། སྦི་ཅི་ལི་ཞེས་པ་ལྟ་བུའི་ཐ་སྙད་དེ་ཐོག་མར་དར་བའི་སྐབས་སུ་ཤེས་ཡོན་ཅན་རེ་འགས་རྩོམ་ཡིག་སྤེལ་ནས་སྦི་ཅི་ལི་ཞེས་པར་ལག་ཁྱེར་གློག་བཞུ་ཟེར་དགོས་ཞེས་འབོད་སྐུལ་བྱེད་མྱོང་ཡོད་ཀྱང་གང་ལྟར་ཕྱི་དར་མིང་ཚིག་དེ་རང་དར་ཁྱབ་འབྱུང་དུས་ནས་བཟུང་བོད་མི་རྣམས་ཀྱི་ངག་རྒྱུན་དུ་འཇགས་ཡོད་པ་ལྟ་བུ་ནི་དུས་སྐབས་སོ་སོའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཕྱོགས་མཚུངས་སྐད་རིགས་ཀྱང་འཕེལ་རྒྱས་བྱུང་བའི་ཆོས་ཉིད་ལས་བྱུང་བ་རེད། གནས་ཚུལ་དེ་རིགས་ནི་ཕྱི་དར་མིང་ཚིག་འབྱུང་བའི་རྒྱུ་རྐྱེན་གྱི་དཔེ་མཚོན་ཙམ་ཡིན།
དེང་དུས་ཀྱི་ཕྱི་དར་མིང་ཚིག་མང་པོ་ཤིན་ཏུ་བསྒྱུར་དཀའ་ཞིང་། མིང་ཚིག་དེ་རིགས་ནི་མི་རིགས་གཅིག་རང་གི་སྐད་ཙམ་ལས་གྲུབ་པ་མ་ཡིན་པར། ཁ་ཤས་ནི་དབྱིན་ཇིའི་སྐད་ནས་ཨུ་རུ་སུའི་སྐད་དུ་གྱུར། དེ་ནས་ཡང་ཨུ་རུ་སུའི་སྐད་ནས་རྒྱ་སྐད་དུ་འགྱུར་བ་ལྟ་བུ་སྐད་རིགས་ཁ་ཤས་ཤིག་ཕན་ཚུན་མཉམ་བསྲེས་བྱས་པ་ལས་བྱུང་བ་ཡང་འདུག དཔེར་ན། ཕྱི་དར་མིང་ཚིག卡拉 0Kཞེས་པ་འདི་ཉི་ཧུང་གི་སྐད་དང་དབྱིན་ཇིའི་སྐད་གཉིས་མཉམ་བསྲེས་བྱས་ནས་བྱུང་བ་རེད། དེ་ལྟར་ཐ་སྙད་མི་འདྲ་བ་ཕར་འདྲེས་ཚུར་འདྲེས་བས་ནས་མིང་ཚིག་འདྲེས་མ་ཞེས་པ་དེ་དག་ཀྱང་བྱུང་བ་མ་ཟད་དར་ཁྱབ་འགྲོ་ཤུགས་ཇེ་ཆེར་འཕེལ་བ་བཞིན་ཡོད།
གཉིས་པ། ཕྱི་དར་མིང་ཚིག་སྒྲ་རང་སོར་འཇོག་པའི་སྒྱུར་ཐབས་ཀྱི་རྩ་དོན།
གོང་དུ་བཤད་པའི་དམིགས་བསལ་གྱི་ཕྱི་དར་མིང་ཚིག་དེ་དག་ལྟ་བུ་ཡིག་སྒྱུར་བྱེད་སྐབས་དམིགས་བསལ་གྱི་ཐབས་ཤེས་བེད་སྤྱོད་བྱེད་པ་ལས་ཨ་ན་ཨུ་ཚུགས་ཀྱིས་ཐད་སྒྱུར་མཁྲེགས་སྒྱུར་བྱས་ཚེ་ཐ་སྙད་དེ་དག་ཡང་ན་གོ་དཀའ་བའི་བསྡུས་མིང་ཙམ་དུ་ཆགས་པ་དང་། ཡང་ན་མིང་ཚིག་གཅིག་ལ་གཅིག་བསྐྱེད་ཀྱིས་འགྲེལ་བཤད་ཀྱི་རང་བཞིན་ལྡན་པའི་སྒྱུར་ཡིག་ཏུ་འགྲོ་ཉེན་ཆེ། དེ་འདྲའི་དབང་གིས་ཐ་སྙད་འདི་རིགས་ཡིག་སྒྱུར་བྱེད་པ་ལ་ཡིག་སྒྱུར་གྱི་ཐབས་དམ་པ་བཞིའི་ནང་གི་སྒྲ་བཙན་པར་བྱེད་པའམ། སྒྲ་རང་སོར་འཇོག་པའི་ཐབས་ཤེས་ལག་ལེན་བྱས་ན་ལེགས། སྒྲ་རང་སོར་འཇོག་པ་དེ་ནི་མི་རིགས་རང་ཉིད་ལ་ཡིག་སྒྱུར་གྱི་ཐ་སྙད་དཀོན་པའི་རྟགས་མཚན་མ་ཡིན་ལ། ཡིག་སྒྱུར་ཆུ་ཚད་མི་ལྡེང་བའི་མཚོན་རྟགས་ཀྱང་དེ་བས་མ་ཡིན། རྒྱལ་ཁབ་གང་དང་མི་རིགས་གང་ཞིག་ལ་སོ་སོའི་མི་རིགས་ཀྱི་སྐད་དང་ཡི་གེ་ཇི་ལྟར་ཕུན་སུམ་ཚོགས་ཀྱང་དེ་དག་ལ་ཕྱི་དར་མིང་ཚིག་མེད་པ་མི་སྲིད། དཔེར་ན། དེང་དུས་དར་རྒྱས་ཤིན་ཏུ་ཆེ་བའི་ཉི་ཧུང་རྒྱལ་ཁབ་ནང་དུའང་ཕྱི་དར་མིང་ཚིག་གིས་རྒྱལ་ཁབ་དེ་རང་གི་དེང་དུས་སྐད་ཀྱི་10%ཟིན་གྱི་ཡོད། འོན་ཀྱང་རང་རེའི་ཡིག་སྒྱུར་དཔུང་ཁག་གི་ཁྲོད་དུ་སྒྲ་བཙན་པར་བྱེད་པའི་ཐབས་ཤེས་དེས་སྒྱུར་ཡིག་གི་ཡི་གེའི་སྤུ་གྲ་མི་སྙོམས་ལ་ཡིག་ངོས་གཙང་མ་མི་ཡོང་བའི་སྐྱོན་ཆར་ངོས་འཛིན་ཏེ་སྒྲ་རང་སོར་འཇོག་པའི་སྒྱུར་ཐབས་ལ་ངོ་རྒོལ་བྱེད་ཅིང་། ཕྱོགས་རེ་བའི་ངོས་ནས་བྱ་དངོས་རྙིང་པ་དང་། ལྟ་བ་རྙིང་པ་མཚོན་པའི་མིང་ཚིག་དང་བརྡ་ཆད་མང་ཙམ་བེད་སྤྱོད་གཏོང་རྒྱུར་དགའ་པོ་བྱེད་མཁན་ཡོད་པ་རེད། དེ་ནི་དོན་དངོས་གནས་ཚུལ་དང་མི་མཐུན་པའི་ལྟ་བ་ཞིག་རེད། དོན་དུ་སྔར་གྱི་ཡིག་སྒྱུར་ལོ་རྒྱུས་ཐོག་ཏུ་དེ་འདྲ་བྱུང་མྱོང་མེད་ལ། མ་འོངས་པའི་ཡིག་སྒྱུར་བྱ་གཞག་ཁྲོད་དུའང་དེ་འདྲ་འབྱུང་མི་སྲིད་པར་ཕྱི་དར་མིང་ཚིག་དེ་བས་དར་ཁྱབ་ཆེ་རུ་འགྲོ་བ་དང་ཕྱོགས་མཚུངས་སྒྲ་རང་སོར་འཇོག་པའི་ཡི་གེ་སྒྱུར་ཐབས་འདི་ཡང་སྔར་བས་དར་སོ་ཆེ་བ་ཡོང་བའི་འཕེལ་ངོ་ལྡན། དེར་བརྟེན། དམིགས་བསལ་གྱི་ཕྱི་དར་མིང་ཚིག་སྒྱུར་མཁས་སྤྱོད་མཁས་བྱས་ཏེ་དེས་རང་རིགས་ཀྱི་སྐད་ཡིག་ཕུན་སུམ་ཚོགས་སུ་གཏོང་དགོས།
གསུམ་པ། ཕྱི་དར་མིང་ཚིག་སྒྲ་རང་སོར་འཇོག་པའི་ཡིག་སྒྱུར་གྱི་ཐབས་ཤེས།
སྒྱུར་ཐབས་དང་པོ། ཐ་སྙད་ཆ་ཚང་སྒྲ་རང་སོར་འཇོག་པའི་སྒྱུར་ཐབས་དེ་ལ་ཆ་ཚང་སྒྲ་སྒྱུར་ཡང་ཟེར། (全部音译) དེང་དུས་བོད་ཀྱི་ཤེས་བྱའི་ཁྱབ་ཁོངས་ཚང་མའི་ནང་དུ་ཕྱི་དར་མིང་ཚིག་རྒྱ་ཆེ་གཏིང་ཟབ་ཏུ་དར་ཁྱབ་འགྲོ་བཞིན་ཡོད་ལ། ཐ་ན་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུའང་དར་ཁྱབ་ཆེན་པོ་བྱུང་ནས་ཆ་ཚང་སྒྲ་སྒྱུར་བྱེད་པ་མང་པོ་ཡོད་པ་ནི་དེང་དུས་སྐད་རིགས་འཕེལ་རྒྱས་འགྲོ་བའི་སྣང་ཚུལ་ཞིག་ཡིན།
༡. ཆབ་སྲིད་ཀྱི་གོ་དོན་ཟབ་ཅིང་རྒྱ་ཆེ་བའི་མིང་ཚིག་ཁག་གཅིག་ཆ་ཚང་སྒྲ་སྒྱུར་བྱེད་ཚུལ་དཔེར་ན། 公社、法西斯ལྟ་བུའོ། 公社ཞེས་དེ་ལ་ཆ་མཚོན་ན། དེ་ནི་ལོ་རྒྱུས་ཀྱི་དུས་མཚམས་དང་རྒྱལ་ཁབ་མི་འདྲ་བ་སོ་སོར་ཐ་སྙད་དེའི་ཆབ་སྲིད་ཀྱི་གོ་དོན་ཡང་མི་འདྲ་བ་མང་པོ་ཆགས་མྱོང་ཡོད་པ་སྟེ། ཀྲུང་གོའི་གདོད་མའི་སྤྱི་ཚོགས་ཀྱི་སྐབས་སུ公社ཞེས་པ་དེ་ནི། སྐབས་དེའི་མི་རྣམས་མཉམ་དུ་ཐོན་སྐྱེད་བྱེད་པ་དང་། མཉམ་དུ་འཛད་སྤྱོད་བྱེད་པའི་མཉམ་འབྲེལ་གྱི་འཚོ་བའི་རྣམ་པ་ཞིག་ལ་ཟེར་བ་ཡིན། དེ་མིན་དུ། གནའ་རབས་སུ་ཡོ་རོབ་གླིང་གི་ལོ་རྒྱུས་ཐོག་ཏུ་གྲོང་ཁྱེར་རང་སྐྱོང་བྱེད་པའི་སྡེ་ཚན་ཞིག་ལ་ཡང公社ཟེར་གྱི་ཡོད་པ་རེད། སྤྱི་ལོ1870སྐབས་སུ་རྒྱལ་སྤྱིའི་ཐོག་ཏུ་བྱུང་བའི公社ཞེས་པ་དེ་ནི་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་མཚོན་བྱེད་ཀྱི་རྣམ་པ་ཞིག་ཡིན་པ་དཔེར་ན། ཕཱ་རན་རིའི་པཱ་ལི་ཀུང་ཧྲེ་དང་། རང་རྒྱལ་གྱི་གོང་ཀྲའུ་ཀུང་ཧྲེ་ཞེས་པ་ལྟ་བུའོ། དེ་བཞིན་དུ། 法西斯ཞེས་པ་དེ་ཡང་ཀྲུང་གོར་རྒྱུན་སྤྱོད་ཀྱི་ལཱ་ཏིང་གི་ཡི་གེ་ཞིག་རེད། དེའི་ཐོག་མའི་གོ་དོན་ནི་དཀྱིལ་དུ་སྟ་རེ་ཞིག་བཙུགས་བཞག་ཡོད་པའི་ཤིང་རྡུམ་ཕུང་པོ་ཞིག་ཟེར་བ་ཡིན་ཞིང་། དེ་ནི་དྲག་གནོན་དང་གདུག་རྩུབ་ཀྱི་སྲིད་དབང་མཚོན་བྱེད་ཀྱི་མིང་ཚིག་ཅིག་རེད། དེས་ན་གལ་ཏེ公社ཞེས་པ་སྤྱི་ཁང་། 法西斯ཞེས་པར་དཀྱིལ་དུ་སྟ་རེ་བཙུགས་ཡོད་པའི་ཤིང་རྡུམ་ཕུང་པོ་ཞེས་པ་ལྟ་བུར་དོན་སྒྱུར་བྱས་ཚེ་མིང་ཚིག་དེ་ཚོའི་ཐོག་མའི་སྒམ་བརླིང་གཏིང་ཟབ་ཀྱི་ཆབ་སྲིད་གོ་དོན་དང་། ཐུན་མོང་མིན་པའི་ཉམས་སྣང་ལ་ཉམས་ཆག་ཤོར་རྒྱུ་མ་ཟད། ནང་དོན་གོ་ནོར་ཐེབས་པའི་སྐྱོན་ཆ་ཡང་ཡོང་ཉེན་ཆེ།
༢ .ཚན་རིག་ལག་རྩལ་གྱི་མིང་ཚིག་ཁ་ཤས་ཆ་ཚང་སྒྲ་སྒྱུར་བྱེད་ཚུལ། དེང་རབས་ཀྱི་ཚན་རིག་དང་། དམག་དོན། གསོ་རིག་ལག་རྩལ་སོགས་ཀྱི་མིང་ཚིག་ཡིག་སྒྱུར་གནད་འཁེལ་པོ་མ་བྱུང་ཚེ་དོན་དག་གོ་ནོར་ཐེབས་ནས་ཐད་ཀར་དཔལ་འབྱོར་གྱི་གྱོང་གུན་བཟོ་རྒྱུ་མ་ཟད།ཐ་ན་མི་སྲོག་ལ་ཐུག་པའི་དོན་རྐྱེན་ཡང་ཡོང་སྲིད་པས青化钾、雷达、B超、千瓦、尼古丁、青霉素སོགས་ལྟ་བུའི་ཐ་སྙད་དེ་རིགས་ཆ་ཚང་སྒྲ་སྒྱུར་བྱེད་དགོས།
༣. ས་མིང་རྒྱལ་མིང་ཆ་ཚང་སྒྲ་སྒྱུར་བྱེད་ཚུལ། ས་ཆའི་མིང་དང་རྒྱལ་ཁབ་ཀྱི་མིང་ཁག་གཅིག་ལ་ཐོག་མའི་མིང་དེའི་འབྱུང་ལུགས་ཐད་ལ་ཡི་གེའི་གོ་དོན་ཕྲན་བུ་ཡོད་པའི་དབང་དུ་བཏང་ནའང་། སྔོན་མ་ནས་སྲོལ་རྒྱུན་ལྟར་དོན་སྒྱུར་དུ་ཆགས་ཟིན་པའི་དམིག་བསལ་གྱི་ས་མིང་རྒྱལ་མིང་ཁག་གཅིག་ཕར་ཕུད། དེ་མིན་སྤྱིར་བཏང་ཆ་ཚང་སྒྲ་སྒྱུར་བྱེད་དགོས་པ་དཔེར་ན། ལྷ་ས་ཞེས་པར神地དང་། 北京ཞེས་པར་རྒྱལ་ས་བྱང་མ་ལྟ་བུར་དོན་སྒྱུར་བྱེད་པའི་དགོས་པ་མེད། དེ་དང་འདྲ་བར། རྒྱ་ནག་གི་ཡུལ་གྲོང་ཁ་ཤས་ཤིག་ལ་ཆ་མཚོན་ན་དེ་ཚོ་སོ་སོའི་ཆགས་སའི་དབྱིབས་ཀྱི་ཁྱད་ཆོས་ལ་བལྟས་ནས་མིང་ཐོབ་པ་དེ་འདྲ་ཡོད་པ་སྟེ། 许家沟ཞེས་པ་དེ་རི་ཤུར་ཞིག་ཏུ་ཡོད་ཤས་ཆེ། ཡང沙州坝ཞེས་པ་དེ་ཐང་ཐེར་ཞིག་ཏུ་ཡོད་བཟོ་འདུག གལ་ཏེ་མིང་དེ་ལ་དོན་གྱི་ཁྱད་ཆོས་འདི་འདུག་སྙམ་པའི་དོན་སྒྱུར་བྱས་ན་སྦྲུལ་ལ་ཡན་ལག་གི་དཔེ་བཞིན་དུ་འགྱུར་རྒྱུ་དང་། གཞན་ཡང་ལྷ་སའི་ནོར་བུ་གླིང་ཁར་རྒྱ་སྐད་དུའང罗布林卡ཞེས་སྒྲ་སྒྱུར་རང་སོར་འཇོག་པ་དང་། 中南海ལ་བོད་སྐད་དུའང་ཀྲུང་ནན་ཧད་ཅེས་ཆ་ཚང་སྒྲ་སྒྱུར་བྱེད་པ་ལས་ནོར་བུ་གླིང་ཁར宝贝林园 དང中南海ལ་དབུས་གཞུང་ལྷོ་རྒྱ་མཚོ་ཞེས་དོན་སྒྱུར་བྱེད་སྲོལ་མེད་པ་ལྟ་བུའོ།
༤. གོ་གནས་ཀྱི་མིང་ཆ་ཚང་སྒྲ་སྒྱུར་བྱེད་ཚུལ། དེང་དུས་རྒྱ་བོད་ཡིག་སྒྱུར་ཁྱབ་ཁོངས་སུ་རྒྱལ་ཁབ་དང་ཏང་སྲིད་དམག་གི་ལས་བྱེད་པའི་གོ་མིང་དཔེར་ན། 主席、委员长、书记、省长、厅长、校长、ཞེས་པ་དང་། དེ་བཞིན་དུ། ཤེས་རིག་གི་གོ་གནས་སོགས་མཚོན་པའི་མིང་རྣམས་ཀྱང་ཆ་ཚང་སྒྲ་སྒྱུར་བྱས་པ་མང་པོ་མཐོང་རྒྱུ་འདུག གཞན་ཡང排长、连长、军长、司令员 ཞེས་པའི་དམག་མིའི་གོ་གནས་ཀྱང་ཆ་ཚང་སྒྲ་སྒྱུར་བྱེད་པ་མང་། བོད་ཀྱི་ལོ་རྒྱུས་དེབ་ཐེར་རྙིང་པ་མང་པོའི་ནང་དུའང་དེ་ལྟར་ཆ་ཚང་སྒྲ་སྒྱུར་བྱས་པ་མང་པོ་ཡོད་པ་དཔེར་ན། རྒྱ་ནག་ཐང་གོང་མས་བོད་རྒྱལ་སྲོང་བཙན་སྒམ་པོར་གནང་བའི西海君王ཞེས་པའི་རྒྱལ་པོའི་གོ་གནས(ཞི་ཧས་ཅུན་ལྦང་། མཚོ་སྔོན་གྱི་རྒྱལ་པོའི་གོ་ས)དང་།驸马都尉(ཕུ་མ་ཏུ་ཝེ)ཟེར་བའི་མག་པའི་ཆོ་ལོ་ཚང་མ་སྒྲ་སྒྱུར་བྱས་ཡོད་པ་དང་། ཡོན་རྒྱལ་རབས་སྐབས་འགྲོ་མགོན་ཆོས་རྒྱལ་འཕགས་པར་གནང་བའི帝师(གོང་མའི་དབུ་བླ)国师(སངས་རྒྱས་ཆོས་ལུགས་པའི་མགོན་གཉེར)ཞེས་པའང་། ཏི་ཤྲཱི་དང་། གོ་ཤྲཱི་ཞེས་ཆ་ཚང་སྒྲ་སྒྱུར་བྱས་ཤིང་། དེ་བཞིན་མཁས་པའི་དབང་པོ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བརྩམས་པའི་《མི་དབང་རྟོགས་བརྗོད་》ཁྲོད་དུའང་པེ་ཅིང་དཔུང་གི་ཚོགས་ཀྱི་གཙོ་བོ་ཅང་ཇུན་ཆེན་པོ་ཕེབས། བདག་ཅག་གི་རྗེ་བོ་ལ་ཅུན་ལྦང་གི་ཆོ་ལོ་གནང་། ཞེས་དང་། གུང་གི་ཆོ་ལོ(公爵)དང་། པས་སེའི་ཆོ་ལོ(贝子)། ཐའི་ཇིའི་ཆོ་ལོ(天子)སོགས་གོ་གནས་མཚོན་བྱེད་ཀྱི་མིང་རྣམས་ཆ་ཚང་སྒྲ་སྒྱུར་བྱས་ཡོད། བོད་སོག་སྐད་ཡིག་ཁྲོད་ཀྱི་མཚན་གནས་པཎ་ཆེན་ཨེར་ཏི་ནི་ཞེས་པ་དང་། ཏཱ་ལའི་བླ་མ། ཧུ་ཐོག་ཐུ། ཞེས་པ་སོགས་རྒྱ་ཡིག་ཏུ་ཕབ་སྒྱུར་བྱེད་སྐབས班禅额尔德尼、达赖喇嘛、呼图克图 ཞེས་ཆ་ཚང་སྒྲ་སྒྱུར་བྱེད་པ་ལས་དོན་སྒྱུར་བྱེད་པ་ཧ་ལམ་མེད།
༥. སྡེ་ཚན་གྱི་མིང་ཆ་ཚང་སྒྲ་སྒྱུར་བྱེད་ཚུལ་དཔེར་ན། 公署、国民党、党中央、ཞེས་པ་རྣམས་ཀུང་ཧྲུའུ། གོ་མིན་ཏང་། ཏང་ཀྲུང་དབྱང་ཞེས་ཆ་ཚང་སྒྲ་སྒྱུར་བྱེད་པ་དང་།ད་དུང科、处、局.、厅、部、司སོགས་ཀྱང་ཧ་ལམ་རྒྱལ་ཡོངས་ཀུན་ལ་ཆ་ཚང་སྒྲ་སྒྱུར་བྱེད་ཀྱི་ཡོད། དེ་ཐད་ཀྱི་དཔེ་མཚོན་བོད་ཀྱི་ལོ་རྒྱུས་ཡིག་རྙིང་ཁྲོད་དུའང་གོང་མ་ཆན་ལུང་གཤེགས་ཚུལ་ཡ་མོན་དུ་འབྱོར་ཞེས་པ་དེ་འདྲ་ཡོད་ལ་ཡོན་རྒྱལ་རབས་ཀྱི་སྲིད་འཛིན་ལས་ཁུངས宣政院、(ཤོན་ཀྲེང་ཡོན)(宣尉司徒元少府)(ཤོན་ཝེ་སི་ཐུའུ་ཡོན་ཧྲའོ་སུ)ཟེར་བ་སོགས་ཀྱང་ཆ་ཚང་སྒྲ་སྒྱུར་བྱས་ཡོད་ཅིང་། བོད་ཀྱི་ཡིག་ཆ་རྙིང་པའི་ཧ་བཀའ་ཤགརྩིས་ཁང་ཞེས་པ་ལྟ་བུ་རྒྱ་ཡིག་ཏུ噶厦、仔康ཞེས་སྒྲ་རང་སོར་འཇོག་སྲོལ་ཡོད།
༦. ཟས་རིགས་ཀྱི་མིང་ཆ་ཚང་སྒྲ་སྒྱུར་བྱེད་ཚུལ། བོད་རྒྱ་མི་རིགས་གཉིས་གནའ་སྔ་མོ་ནས་ཕན་ཚུན་འགྲོ་འོང་འབྲེལ་གཏུགས་ཟབ་མོ་བྱུང་བ་ནས་བཟུང་སྐད་ཡིག་སྤེལ་རེས་མང་པོའི་ཁྲོད་ཀྱི་ཟས་རིགས་ཀྱི་མིང་ཚིག་མང་པོ་ཞིག་སྒྲ་སོར་བཞག་གིས་བེད་སྤྱོད་གཏོང་སྲོལ་ཡོད་པ་དཔེར་ན། 白菜、萝 卜、西瓜、点心、海参、醋酱油 ཞེས་པ་རྣམས་པད་ཚལ།ལ་ཕུག ཤི་ཀོ་བ། ཏན་ཤིན། ཧི་སན། ཚུའུ་ཅང་ཡོའུ་ཞེས་པ་ལྟ་བུའོ།
༧. དངོས་རིགས་གཞན་དག་གི་མིང་ཆ་ཚང་སྒྲ་སྒྱུར་བྱེད་ཚུལ་དཔེར་ན། 算盘,铺盖、菜刀、桌子、筷子、钢琴、洋蜡ཞེས་པ་དེ་དག་ཀྱང་ཟོན་བན། ཕོ་ཁེབས། ཚལ་ཏའོ། སྒྲོག་ཙེ། ཁོད་ཙེ། ཀང་ཆིང་། ཡཱང་ལ་ཞེས་པ་ལྟ་བུ་དང་། ཡང་རིང་ཐུང་ལྗིད་ཚད་སོགས་འཇལ་བྱེད་ཀྱི་ཐད་ལ公尺、公分、英里、英磅、亩、吨སོགས་ཀུང་ཁྲེ། ཀུང་ཕུན། དབྱིང་ལི། དབྱིང་པང་། མུའུ། ཏུན་ནམ་ཀྲོན་ཞེས་ཆ་ཚང་སྒྲ་སྒྱུར་བྱེད་པ་དང་། གྱོན་ཆས་ཀྱི་ཐད་ལ大衣、大褂、靴子、裙子སོགས་ཏ་ཡི། ཏ་ཀོ་ཙེ། ཤེལ་ཙེ། ཇུན་ཙེ་ཞེས་སྒྲ་སོར་བཞག་བྱེད་སྲོལ་ཡོད།
ཆ་ཚང་སྒྲ་སྒྱུར་བྱེད་སྟངས་འདི་རིགས་སྔར་སྲོལ་གྱི་སྒྱུར་སྟངས་ཡིན་ནའང་འདྲ། དེང་དུས་ཀྱི་སྒྱུར་ལུགས་ཡིན་ནའང་འདྲ་གང་ལྟར་མི་རིགས་མང་ཆེ་བས་གོ་ཐུབ་ཀྱི་ཡོད། དེའི་ཕྱིར་དེང་དུས་ཀྱི་ཕྱི་དར་མིང་ཚིག་ཁག་གཅིག་ཀྱང་ངེས་པར་དུ་སྒྲ་བཙན་པར་བྱེད་དགོས་ཀྱི་འདུག གལ་ཏེ་ཐ་སྙད་འདི་རིགས་ཨུ་ཚུགས་ཀྱིས་དོན་སྒྱུར་བྱས་ན་དེ་ཚོ་སོ་སོར་ཐོག་མར་ནས་ཡོད་པའི་རྒྱ་ཆེ་གཏིང་ཟབ་ཀྱི་ཆབ་སྲིད་གོ་དོན་དང་། ཐུན་མོང་མིན་པའི་མི་རིགས་ཀྱི་ཁྱད་ཆོས། ས་ཁུལ་གྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་སོགས་ལ་ཉམས་ཆག་འགྲོ་ཉེན་ཆེ། ཆ་ཚང་སྒྲ་སྒྱུར་བྱེད་ལུགས་ཐད་ལ། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་ཆོས་ཀྱི་གཞུང་བོད་སྐད་དུ་བསྒྱུར་བའི་ཐབས་དམ་པ་བཞི་ཡོད་པ་དེའི་དོན་ཚན་གཉིས་པའི་ནང་དུ། མིང་གཅིག་དོན་མང་པོ་ལ་འཇུག་པ་རྣམས་ཐ་སྙད་གཅིག་གི་ནང་དུ་བརྗོད་བྱའི་དོན་ཐམས་ཅད་འདུ་བར་བྱེད་མི་ཐུབ་པས། དོན་གཅིག་ཁོ་ན་ལ་བསམ་ནས་མི་བསྒྱུར་བར། རྒྱ་གར་གྱི་སྐད་རང་སོར་འཇོག་དགོས་ཞེས་པ་དང་། ཡང《སྒྲ་སྦྱོར་བམ་གཉིས》ཀྱི་ཁྲོད་དུ་བསྒྱུར་བྱའི་སྐེད་རྐྱང་པ་སྟེ་འདོད་རྒྱལ་གྱི་མིང་རྒྱུ་མཚན་ནམ་གཏན་ཚིག་གིས་བཤད་མི་འཚལ་བའམ་བཤད་མི་བཏུབ་པ་བསྒྱུར་བྱའི་མིང་གི་སྒྲ་ཇི་མ་ཇི་བཞིན་དུ་བསྒྱུར་རིགས་པའམ་བཞག་ན་འགྲིག་པ་རྣམས་ནི་སྒྲ་དབང་བཙན་པར་བགྱིས་ཏེ་སྒྱུར་བྱེད་ཀྱི་ཡི་གེས་མིངབཏགས་ནས་སྒྲ་སྒྱུར་བྱེད་དགོས་ཞེས་ཆ་ཚང་སྒྲ་སྒྱུར་བྱེད་དགོས་པའི་བཞེད་པ་འཛིན་ཡོད་པ་རེད། དེའི་རྒྱུ་མཚན་ནི་དཔེར་ན། 雷达 ཞེས་པའི་ཐ་སྙད་འདི་དོན་མང་པོ་ལ་འཇུག་སྟེ། མཚམས་རེ་གནམ་གྲུ་སོགས་འཕུར་སྐྱོད་བྱེད་པའི་ཁ་ཕྱོགས་དང་མྱུར་ཚད་བརྟག་ཞིབ་བྱེད་ཡས་ཀྱི་དམག་དོན་འཕྲུལ་ཆས་ཤིག་ལ་གོ་བ་དང་། སྐབས་རེ་ནི་ལུས་རྩལ་འགྲན་བསྡུར་སྐབས་སུ་མྱུར་ཚད་འཇལ་བྱེད་ཀྱི་འཕྲུལ་ཆས་ཤིག་ལ་གོ་བ། ཡང་སྐབས་རེ་ནི་གྲུ་གཟིངས་ཆུང་ཆུང་སོགས་རྒྱ་མཚོའི་ནང་དུ་ཉེན་ཁ་འཕྲད་སྐབས་སྲོག་སྐྱོབ་རོགས་ཞེས་བརྡ་སྤྲོད་བྱེད་ཡས་ཀྱི་འཕྲུལ་ཆས་ཤིག་ལ་གོ་བ་དེས་ན། མིང་འདི་དོན་གཅིག་ཁོ་ན་ལ་བསམ་ནས་དོན་སྒྱུར་བྱས་ནས་ཡུལ་གཅིག་ལ་ཁྱབ་ཀྱང་གཞན་ལ་ཁྱབ་མི་ཐུབ་པས་གསར་བསྒྲིགས《རྒྱ་བོད་ཚིག་མཛོད་ཆེན་མོའི》ནང་དུ་ཡང་ལེ་ཏ་ཞེས་སྒྲ་སྒྱུར་བྱས་ཡོད།
སྒྱུར་ཐབས་གཉིས་པ། སྒྲ་སྒྱུར་དང་དོན་སྒྱུར་ཟུང་འབྲེལ་བྱེད་པའི་ཐབས་ཤེས་དེར་སྒྲ་དོནམཉམ་སྒྱུར་ཡང་ཟེར། (音意合译、混合译法、半音半义译法、部分音译部分意译)སྒྱུར་ཐབས་འདི་རིགས་ནི་གཙོ་བོ་ཁྱད་གཞི་ཁྱད་ཆོས་མཉམ་དུ་འདུས་པ་ལས་བྱུང་བའི་ཆེད་སྤྱོད་མིང་ཚིག་ཁག་གཅིག་སྒྱུར་སྐབས་དགོས་པ་ཆེ་ཞིང་། སྤྱིར་བཏང་མ་ཡིག་གི་སྒྲ་རང་སོར་བཞག་པའི་རྒྱབ་མདུན་གཉིས་ལ་འགྲེལ་བཤད་རང་བཞིན་ལྡན་པའི་སྒྱུར་ཚིག་དེ་འདྲ་སྤྱོད་སྲོལ་ཡོད།
དེ་ཡང་། ༡. མིའི་མིང་སྒྲ་དོན་མཉམ་སྒྱུར་བྱེད་ཐབས། མིའི་མིང་སྒྲ་དོན་མཉམ་སྒྱུར་བྱས་ཏེ་མི་དེ་རང་གི་རུས་མིང་ཆ་ཚང་སྒྲ་སྒྱུར་བྱས་པའི་ཁར་མི་དེའི་ཕྱིའི་རྣམ་པ་དང་ནང་གི་ཁྱད་ཆོས་གང་ཡོད་མེད་མིང་གི་ཐོག་ནས་མཚོན་པ། དཔེར་ན། 《ཆུ་ངོགས་གཏམ་རྒྱུད》ནང་གི花和尚卢智深、及时雨宋江,黑旋风李愧ཞེས་པ་ལྟ་བུར་བཙུན་པ་སྒལ་ཁྲ་ལུའུ་ཀྲེ་ཧྲེང་། དུས་ཐོག་ཆར་པ་སུང་ཅང་། རླུང་འཁོར་ནག་པོ་ལི་ཁུད་ཅེས་སྒྲ་དོན་མཉམ་སྒྱུར་བྱས་ཡོད། དེང་དུས་ཀྱི་མི་སྣའི་རུས་མིང་སྒྱུར་སྟངས་ཀྱང་དེ་འདྲ་བྱས་ན་འགྲིག་སྟེ། 世界拳王泰森、狗头军师张春桥、地主周扒皮ཞེས་པ་དེ་དག་ལ། འཛམ་གླིང་མཁུ་མཚུར་རྒྱལ་པོ་ཐེ་སེང་། ཇུས་དཔོན་ཁྱི་མགོ་ཅན་ཀྲང་ཁྲུན་ཇའོ། ས་བདག་ཀྲའུ་པགས་བཤུ་ཞེས་ལྟ་བུ་དང་། ཡང་མི་སྣའི་བྱད་བཞིན་གཙོ་བཟུང་གི་ཐོག་ནས张胖子、李拐子、王瞎子ཞེས་པར་ཀྲང་རྒྱགས་པ། ལི་སུག་ཀྱོག ལྦང་ཞ་ར་ཞེས་སྒྲ་དོན་མཉམ་སྒྱུར་བྱེད་པ་ལྟ་བུའོ།
༢. ས་མིང་རྒྱལ་མིང་སྒྲ་དོན་མཉམ་སྒྱུར་བྱེད་ཐབས། ས་མིང་རྒྱལ་མིང་སྒྲ་དོན་མཉམ་སྒྱུར་བྱས་ནས་དེ་ཚོ་སོ་སོའི་ཁ་ཕྱོགས་དང་ངོ་བོ་སོགས་ཀྱི་གོ་དོན་མཚོན་པར་བྱ་ཐབས་དཔེར་ན། 海南岛、北京市、喜玛拉雅山、陕北、甘南ཞེས་པ་འདི་དག་ཧེ་ནན་གླིང་ཕྲན། པེ་ཅིང་གྲོང་ཁྱེར། རི་བོ་ཧི་མ་ལ། ཧྲན་ཞི་བྱང་རྒྱུད། ཀན་ལྷོ་ཞེས་སྒྲ་དོན་མཉམ་སྒྱུར་བྱེད་པ་ལྟ་བུ་དང་། རྒྱལ་ཁབ་ཀྱི་མིད日本国、孟闰国、阿拉伯国家ལྟ་བུར་ཉི་ཧུང(འཇར་པན་རི་པིན)རྒྱལ་ཁབ་དང་། བྷང་ག་ལ་རྒྱལ་ཁབ། ཨ་རབ་ཀྱི་རྒྱལ་ཁབ་ཅེས་རྒྱལ་ཁབ་དེ་རང་གི་མིང་ཡིན་ནའང་འདྲ། རྒྱལ་ཁབ་དེའི་མིང་དང་འབྲེལ་བའི་དོན་ཡིན་ནའང་འདྲ། གང་ལྟར་ཚང་མ་སྒྲ་དང་དོན་གཉིས་མཉམ་བསྲེས་ཀྱིས་ཡིག་སྒྱུར་བྱེད་སྲོལ་ཡོད་ཅིང་། སྒྱུར་ཐབས་དེ་རིགས་ལ་མིང་བརྗོད་བདེ་ལ་དོན་གོ་སླ་བའི་ཁྱད་ཆོས་ལྡན་ཡོད།
༣. མི་རིགས་ཀྱི་མིང་སྒྲ་དོན་མཉམ་སྒྱུར་བྱེད་ཐབས་རང་རྒྱལ་གྱི་མི་རིགས་མང་པོ་ཞིག་གི་མིང་སྒྲ་དོན་མཉམ་སྒྱུར་བྱས་ཡོད་པ་སྟེ། 回族ལ་ཧུད་རིགས་དང 高山族ལ་ཀའོ་ཧྲན་རིགས། 土家族ལ་ཐུའུ་ཅ་རིགས། 门巴族ལ་མོན་པ་རིགས་ཟེར་བ་ལྟ་བུའོ། དེ་མིན་ད་དུང་ཀྲུང་གོའི་མི་རིགས蒙古族ལ་སོག་རིགས། (མོང་གོལ་གྱི་རིགས)藏族ལ་བོད་རིགས། 土族ལ་ཧོར་རིགས། 纳西族ལ་འཇང་རིགས་ལྟ་བུ་དམིགས་བསལ་དུ་སྔར་རྒྱུན་གྱི་སྒྱུར་སྲོལ་རང་སོར་བཞག་པ་ཡང་ཡོད།
༤. སྡེ་ཚན་གྱི་མིང་སྒྲ་དོན་མཉམ་སྒྱུར་བྱེད་ཐབས། དཔེར་ན། 新华社、民主党派、拉萨市委ཞེས་པར་ཤིན་ཧཱ་གསར་འགྱུར་ཁང་། དམངས་གཙོ་ཏང་ཤོག ལྷ་ས་གྲོང་ཨུད་ཅེས་དེང་སང་གི་གསར་འགྱུར་འགྲེམ་ལམ་དུ་འདི་ལྟར་སྤྱོད་བཞིན་ཡོད།
༥ .རིག་པའི་གནས་གཞན་ཐད་ཀྱི་མིང་སྒྲ་དོན་མཉམ་སྒྱུར་བྱེད་ཐབས། དེང་དུས་ཀྱི་སྤྱི་ཚོགས་ཐོག་ཏུ་དར་ཁྱབ་ཆེ་བའི་བྱ་དངོས་ཁག་གཅིག་གི་ཐ་སྙད་སྒྲ་དོན་མཉམ་སྒྱུར་བྱས་ན་གོ་བདེ་སྤྱོད་བདེའི་ཁྱད་ཆོས་ལྡན་པ། དཔེར་ན松下电视机、装甲兵、二胡琴、乡村党政ཞེས་པ་རྣམས་སུང་ཤྭ་བརྙན་འཕྲིན་འཕྲུལ་འཁོར། ཀྲོང་ཅཱ་དམག ཧུའུ་ཆིང་རྒྱུད་གཉིས་པ། ཤང་གྲོང་ཏང་སྲིད་ཅེས་པ་ལྟ་བུའོ།
སྒྱུར་ཐབས་གསུམ་པ། མིང་ཚིག་གཅིག་སྒྲ་སྒྱུར་སྟེང་དུ་སྣོན་སྒྱུར་བྱེད་ཐབས། དེ་ལ་སྒྲ་སྒྱུར་སྟེང་དུ་སྣོན་སྒྱུར་ཡང་ཟེར། (音译加注)དེ་ཡང་མིང་ཚིག་གང་ཞིག་ཆ་ཚང་སྒྲ་སྒྱུར་བྱས་པའི་ཐོག་ཏུ་ད་དུང་སྣོན་སྒྱུར་གྱི་ཐབས་ཤེས་ལ་བརྟེན་ནས་དགོས་ངེས་ཀྱི་དོན་སྒྱུར་བྱས་ན་གཞི་ནས་མིང་ཚིག་དེ་ཉིད་ཀྱི་གོ་དོན་གསལ་པོ་ཡོང་ཐུབ།
༡. མིའི་མིང་དང་གོ་གནས་ཆ་ཚང་སྒྲ་སྒྱུར་གྱི་སྟེང་དུ་སྣོན་སྒྱུར་བྱས་ཏེ་དེའི་གོ་དོན་གསལ་དུ་གཏོང་བ་དཔེར་ན། 秦始皇ལ་གོང་མ་ཆིང་ཧྲེ་ཧོང་། 沙皇ལ་ཧྲ་ཧོང་གོང་མ། 钦差黄慕松ལ་ཆིང་ཁྲད་དཔོན་རིགས་ཧོང་མུའུ་སུང་། 土司 ལ་ཡུལ་དཔོན་ཐུའུ་སི།少将ལ་ཧྲའོ་ཅང་དམག་དཔོན། ཞེས་པ་ལྟ་བུ། ཡང་རྒྱ་འགྱུར་རྙིང་པའི་ནང་དུ་སྡེ་དཔོན་དོན་གྲུབ་ཅེས་པར代本军官顿珠 དང་། བཀའ་བློན་ང་ཕོད་ཅེས་པར噶伦官员阿沛ཞེས་བོད་སྐད་ཆ་ཚང་སྒྲ་སྒྱུར་གྱི་སྟེང་དུ军官དང官员 ཞེས་པ་གཉིས་སྣོན་སྒྱུར་བྱས་ཏེ་ཐ་སྙད་དེའི་གོ་དོན་གསལ་དུ་གཏོང་སྲོལ་ཡང་ཡོད།
༢.ས་གཞི་རི་ཀླུང་སོགས་ཀྱི་མིང་སྒྲ་སྒྱུར་ཆ་ཚང་གི་སྟེང་དུ་སྣོན་སྒྱུར་བྱེད་ཐབས།དཔེར་ན། 泰山 ཞེས་པར་རི་བོ་ཐེ་ཧྲན་དང་། 渤海ལ་རྦོ་ཧེ་རྒྱ་མཚོ་ཟེར་བ་ལྟ་བུ་དང་། བོད་སྐད་ནང་གི་ཡར་ཀླུང་གཙང་པོ་བྱ་བར雅鲁藏布江 ཟེར་བ་དང་། གདང་ལ་ཞེས་པར唐古拉山ཞེས་སྣོན་སྒྱུར་བྱས་ཡོད། གལ་ཏེ་ཆ་ཚང་སྒྲ་སྒྱུར་གྱི་སྟེང་དུ“江”དང“山”ཞེས་པའི་མིང་ཚིག་གཉིས་པོ་སྣོན་སྒྱུར་མ་བྱས་པར་རྒྱ་སྐད་དུའང雅鲁藏布 དང唐古拉ཞེས་སྣོན་མེད་རང་སོར་བཞག་ཚེ་ཡར་ཀླུང་གཙང་པོ་ཞེས་པ་ཆུ་བོ་ཡིན་པ་དང་། གདང་ལ་ཞེས་པ་རི་བོ་ཡིན་པ་མི་རིགས་གཞན་གྱིས་གོ་དཀའོ།
༣. རིག་པའི་གནས་གཞན་ཐད་ཀྱི་མིང་ཆ་ཚང་སྒྲ་སྒྱུར་སྟེང་དུ་སྣོན་སྒྱུར་བྱེད་ཐབས།དཔེར་ན། 乙醚ལ་ཡི་སྨི་སྟེང་དུ་སྣོན་སྒྱུར་བྱེད་ཐབས། 道教ལ་ཏའོ་ཅའོ་ཆོས་ལུགས།华达呢ལ་རས་ཧྭ་ཏ་ཉི། 迪斯科ལ་ཞབས་བྲོ་རྡི་སི་ཁོ་ཞེས་པ་ལྟ་བུ་དང་། དེང་དུས་ཁྱབ་ཆེ་བའི卡拉0Kཞེས་པའི་ཐ་སྙད་དེ་སྒྲ་སྒྱུར་སྟེང་དུ་སྣོན་སྒྱུར་བྱེད་སྐབས་སྐབས་བབ་ཀྱི་གོ་དོན་ལ་གཞིགས་ནས་གལ་ཏེ་གླུ་གཞས་ཁང་ཞིག་ཡིན་ན། དེ་ལ卡拉 0Kཞེས་པའི་སྟེང་དུ་ད་དུང་གླུ་གཞས་ཁང་ཞེས་པའི་ཡིག་འབྲུ་གསུམ་པོ་དེ་སྣོན་སྒྱུར་བྱེད་དགོས། ཡང་གླུ་གཞས་ཀྱི་སྤྱིན་ཤོག་ཡིན་ན། དེ་ལ་ཡང卡拉 0Kཞེས་པའི་སྟེང་དུ་གླུ་མཛོད་ཅེས་སྣོན་སྒྱུར་བྱས་ཏེ卡拉0Kགླུ་མཛོད་ཅེས་དང་ཡང་ན卡拉0Kསྤྱིན་ཤོག་ཅེས་སྒྱུར་དགོས་པ་ལྟ་བུའོ།
གོང་གསལ་གྱི་སྒྱུར་ཡིག་ཐ་སྙད་གྲུབ་ལུགས་ཐད་ལ《སྒྲ་སྦྱོར་བམ་གཉིས》ནང་དུ། གལ་ཏེ་གཉན་ཡོད་ཅེས་པ་ཞིག་ཡོད་པ་དེ་གྲོང་ཁྱེར་ཞིག་གི་མིང་ཡིན་ན་དེ་ལ་གྲོང་ཁྱེར་གཉན་ཡོད་ཅེས་སྣོན་སྒྱུར་བྱེད་དགོས་ཞེས་དང་། ཡང་ཨུ་དུམ་ལྦ་ར་ཞེས་པའི་ཐ་སྙད་འདི་མེ་ཏོག་ཅིག་གི་མིང་ཡིན་ན། དེ་ལ་ཨུ་དུམ་ལྦ་རའི་མེ་ཏོག་ཅེས་སྣོན་སྒྱུར་བྱེད་དགོས་པའི་དགོངས་པ་གསུངས་ཡོད། གལ་ཏེ་ཐ་སྙད་དེ་ཚོའི་ངོ་བོའི་རང་བཞིན་མཚོན་པའི་འགག་རྩའི་ཚིག་འབྲུ་དེ་ཚོ་སྣོན་སྒྱུར་མ་བྱས་ཚེ་གཉན་ཡོད་ཅེས་པ་གཏན་གཏན་གྲོང་ཁྱེར་ཡིན་པ་དང་། ཨུ་དུམ་ལྦ་ར་ཞེས་པ་གཏན་གཏན་མེ་ཏོག་ཡིན་པ་ཤེས་ཐུབ་པའི་ངེས་པ་མ་མཆིས།
དེ་བཞིན་དུ། དཔེར་ན་ཆིང་རྒྱལ་རབས་སྐབས་ཀྱི་ཨམ་བན་ཀྲང་དབྱིང་ཐང་གིས་བོད་ལ་ས་བོན་འཁྱེར་ནས་བཏབ་པ་ལས་བྱུང་བའི་མེ་ཏོག་ཅིག་ལ་ཀྲང་ཏཱ་ཞེས་མིའི་མིང་མེ་ཏོག་གི་མིང་དུ་ཆགས་པ་དེ་སྐབས་དེ་དུས་ཀྲང་དབྱིང་ཐང་རྒྱུས་མངའ་ཡོད་པའི་འབྲེལ་ཡོད་མཐོ་རིམ་བོད་མི་ཉུང་ཤས་ཤིག་གིས་གོ་དོན་རྟོགས་ཐུབ་མོད། བོད་མི་མང་ཆེ་བ་གོ་ཐུབ་པའི་པའི་ངེས་པ་མ་མཆིས་སྟབས་ཀྲང་ཏཱ་ཆ་ཚང་སྒྲ་སྒྱུར་བྱས་པའི་མིང་ཚིག་དེའི་སྟེང་དུ་མེ་ཏོག་ཅེས་པ་སྣོན་སྒྱུར་བྱས་ན་བོད་མི་རྣམས་ཀྱིས་རྣ་བར་གོ་དུས་མ་མཐར་ཡང་ཕྱི་དར་མིང་ཚིག་ཀྲང་ཏཱ་རེན་ཞེས་པ་དེ་མེ་ཏོག་ཅིག་གི་མིང་ཡིན་པ་ཚང་མས་གོ་ཐུབ་རྒྱུ་ཡིན་པ་གདོན་མི་ཟའོ།
ཆ་ཚང་སྒྲ་སྒྱུར་གི་སྟེང་དུ་དོན་སྒྱུར་ཁ་སྣོན་བྱེད་པའི་ཐབས་ཤེས་འདི་ལ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས“དཔེར་ན་མྱ་ངན་མེད་ཅེས་པའི་ཐ་སྙད་དེ་ལ་རང་རང་གི་ངོ་བོ་དང་རིགས་ཁོངས་གང་ཡིན་གྱི་ཁྱད་པར་མཚོན་པའི་ཚིག་འབྲུ་ཞིག་མ་སྦྱར་བར་མྱ་ངན་མེད་ཅེས་པ་གཅིག་པུར་བཞག་ན་དེ་ཡང་སྙིང་ཤིང་མྱ་ངན་མེད་ཟེར་བ་ཡིན་ནམ། རྒྱལ་པོ་མྱ་ངན་མེད་ཟེར་བ་ཡིན་ནམ། ཡང་ན་དོན་གཞན་ཞིག་ལ་འཇུག་པ་ཡིན་མིན་གསལ་པོ་ཤེས་མ་ཐུབ་པར་ཀློག་པ་པོ་ཐེ་ཚོམ་གྱི་དྲ་བར་ཚུད་པའི་སྐྱོན་ཆ་ཡོང་གི་རེད་”ཅེས་སློབ་སྟོན་གནང་མྱོང་ཡོད།
གཞན་ཡང《སྒྲ་སྦྱོར་བམ་གཉིས》ལས། རི་ཀླུང་ཐང་གསུམ་ལ་སོགས་པ་ཡུལ་གྱི་མིང་དང་ཡུལ་ཅན་རྩི་ཤིང་མེ་ཏོག་ལ་སོགས་པའི་མིང་ཕལ་ཆེར་སྒྱུར་བའི་ཚེ་ན། དོན་ལ་ཡིད་གོལ་བ་སྟེ་ཡིད་མི་གསལ་བར་འཐོམས་ཤིང་། ཚིག་གི་ཉམས་ཀྱང་མི་བདེ་བ་དང་། འོལ་ཕྱིར་ཏེ་ཧ་ལམ་རགས་རིམ་ཙམ་བསྒྱུར་དུ་རུང་མོད་དེ། དོན་ལ་དེ་ལྟ་བུ་གནས་མིན་གཏོལ་མེད་པ་སྟེ།ངེས་པ་མ་མཆིས་པ་རྣམས་ལ་ནི། བསྒྱུར་བྱའི་དེའི་མིང་གི་མགོར་ཡུལ་ཞེས་པའམ། མེ་ཏོག་ཅེས་པ་དང་། ཆུ་བོ་ཞེས་པ་ལ་སོགས་པ་གང་བསྒྱུར་བར་བྱ་བའི་སྒྱུར་བྱེད་སྐད་ཀྱི་མིང་གཅིག་བླ་ཐབས་སུའམ་ལས་སླ་པོར་གང་བདེ་བར་སྣོན་ལ་རྒྱ་གར་གྱི་སྐད་དམ་བསྒྱུར་བྱའི་སྐད་དེ་རང་སོ་རུ་ཞོག་ཅིག་ཅེས་བྱ་དངོས་དེ་དག་རང་རང་སོ་སོའི་ངོ་བོ་དང་རིགས་ཀྱི་ཁྱད་པར་མཚོན་བྱེད་ཀྱི་ཡིག་འབྲུ་རེ་ཟུང་སྣོན་སྒྱུར་བྱེད་པའི་ཐབས་ཤེས་སྤྱད་ན་གོ་ནོར་མི་ཐེབས་པའི་དགེ་མཚན་ལྡན་པ་བསྟན་ཡོད་པ་དེ་དག་ལོ་ཙཱ་བ་ཀུན་ལ་ཕན་པ་ཤིན་ཏུ་ཆེ་བར་སྙམ།
(རྩོམ་ཡིག་འདི་ཉིད《བོདལྗོངས་ཞིབ་འཇུག》2002ལོའི་དུས་དེབ་གཉིས་པར་བཀོད།)