པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་ལྔ་བའི་འགོ་ཚུགས་མཛད་སྒོར་ཞབས་སོར་འཁོད་པ་དང་འབྲེལ་གསུང་བཤད་གནང་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-30



         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ10པའི་ཚེས29ཉིན་གྱི་སྔ་དྲོར། འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་ལྔ་བའི་ཚོགས་འདུ་ཧྥུའུ་ཅན་ཕུའུ་ཐན་དུ་འཚོགས་འགོ་ཚུགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་འགོ་ཚུགས་པའི་མཛད་སྒོར་ཞབས་སོར་འཁོད་པ་དང་འབྲེལ་ཁ་བྱང་ལ《མཉམ་དུ་འཛོམས་ཤིང་སྐྱེས་པ་ཡང་། དབུ་མའི་ལམ་དུ་གཅིག་པུར་མཐོང》ཞེས་པ་བརྗོད་གཞི་གཙོ་བོར་བྱས་པའི་གསུང་བཤད་ཀྱང་གནང་བ་རེད། གསུང་བཤད་ནི་ནང་བསྟན་གྱི་འདུལ་ཁྲིམས་དངོས་གཞིར་བཟུང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལས་འཛམ་གླིང་ལ་བཅངས་པའི་ཐུགས་བརྩེ་དང་འགན་འཁུར། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་བཞིན་པ་མངོན་པར་བསྟན་ཡོད། “མཉམ་བསྲེས་མཉམ་སྐྱེས་དང་འདྲ་མཉམ་བཟོད་བསྐྱེད། དགེ་བརྩོན་ཤེར་འཚོལ། སྙིང་རྗེ་དགེ་སྒྲུབ། དབུ་ལམ་མཉམ་ཉིད”བཅས་ནང་བསྟན་གྱི་དགོངས་དོན་གྱིས་དེང་རབས་ཤེས་རིག་ཐད་འཕྲད་པའི་དཀའ་རྙོག་སེལ་བར་སྔར་བཞིན་བློ་འབྱེད་རང་བཞིན་གྱི་དོན་སྙིང་ཆེན་པོ་ལྡན་ཞིང་། མིའི་རིགས་ཀྱི་ཐུན་མོང་རིན་ཐང་གི་དོན་སྙིང་གསར་པ་འཚོལ་བར་བློ་གྲོས་ལྡན་པའི་བློ་སྒོ་འབྱེད་ཐུབ་ངེས་རེད་ཅེས་ནན་གྱིས་བསྟན་འདུག
འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་ལྔ་བ་འགོ་ཚུགས་པའི་མཛད་སྒོའི་ཡུལ་དངོས།
         སྐབས་འདིའི་གླེང་སྟེགས་ནི“བསམ་ཕྱོགས་བརྗེ་རེས་ཀྱིས་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། དབུ་མའི་ལམ་དུ་གཅིག་པུར་མཐོང་རྒྱུ”ཞེས་པ་བརྗོད་གཞི་གཙོ་བོ་ཡིན་ལ། རྒྱུས་ལོན་བྱུང་པ་ལྟར་ན། རྒྱལ་ཁབ་དང་ས་ཁུལ50ལྷག་ཙམ་གྱི་ནང་བསྟན་སྡེའི་འཐུས་མི་དང་དེ་བཞིན་ལས་རིགས་ཁག་གི་སྐུ་མགྲོན་བཅས་ཁྱོན་བསྡོམས་མི་གྲངས་ཆིག་སྟོང་ལྷག་ཙམ་ཡུལ་དངོས་ལ་ཕེབས་འབྱོར་བྱུང་སྟེ་འཛམ་གླིང་གི་ནང་བསྟན་སྡེའི་ཐུགས་དགོངས་བརྗེ་རེས་ཀྱི་དོན་ཆེན་འདིར་ཐུན་མོང་ཐོག་དཔང་པོ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ཡོད་པ་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཆོན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་གསུང་བཤད་གནང་བཞིན་པ།
         སྔ་དྲོའི་ཆུ་ཚོད10པར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནི་སྐུ་མགྲོན་གཞན་དག་དང་སྡོངས་ཀྲུའུ་ཞི་སྟེགས་བུའི་སྟེང་ཞབས་སོར་འཁོད་པར་ཚོགས་ར་ཡོངས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་པ་རེད།
         པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གསུང་བཤད་གནང་སྐབས་བསྟན་དོན། མིག་སྔར། མིའི་རིགས་ཀྱི་སྤྱི་ཚོགས་ནི་འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན། སྤྱི་ཚོགས་ཆ་འཕྲིན་ཅན། རིག་གནས་སྣ་མང་ཅན་གྱི་དུས་རབས་སུ་སླེབས་ཡོད་ཅིང་། རྒྱལ་ཁབ་དང་ས་ཁུལ་མི་འདྲ་བར་ཁྱོད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱོད་ཀྱང་ཡོད་པའི་མིའི་རིགས་ཀྱི་ལས་དབང་གཅིག་འདུས་ཅན་གྱི་མཉམ་འཚོ་དང་། གཅིག་ལ་གཅིག་རྟེན་གྱི་རྟེན་འབྲེལ་ཆགས་ཡོད་པ་རེད། མིའི་རིགས་ཐུན་མོང་ལ་འཕྲད་པའི་ཐོན་ཁུངས་དཀོན་པ་དང་སྐྱེ་ཁམས་ཉམས་པ། གནམ་གཤིས་ཀྱི་ཉམས་ཉེན། རིགས་རྒྱུད་ཀྱི་འགལ་བ། འཇིགས་སྐུལ་རིང་ལུགས་སོགས་འཛམ་གླིང་སྤྱི་ཡོངས་ཅན་གྱི་གནད་དོན་དང་དཀའ་རྙོག་ཐད། མིའི་རིགས་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་དཔུང་པ་མཉམ་གཤིབ་ཀྱིས་མཉམ་སྐྱོད་བྱས་ན་ད་གཟོད་ཡང་དུ་གཏོང་པའམ་མེད་པར་བཟོ་ཐུབ་ངེས་ཞེས་བསྟན་བྱུང་།
         པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས“རྟེན་འབྱུང་གི་ཆོས་ཉིད་ལྟར་ན། འཇིག་རྟེན་ཁམས་ཀྱི་བྱ་དངོས་ཡོད་ཚད་ཚང་མ་རྟེན་དང་འབྲེལ་བར་བརྟེན་ནས་བྱུང་པ་ཡིན་ལ།  མིའི་རིགས་ཀྱི་སྤྱི་ཚོགས་ནི་རྒྱུ་འབྲས་ཀྱི་རྒྱུན་ལྡན་ཞིང་ཕན་ཚུན་གཅིག་ལ་གཅིག་བསྟེན་སྒོས་གྲུབ་པའི་ཕུང་བོ་ཞིག་རེད”ཅེས་ཁོང་གིས་མིག་སྔར་མིའི་རིགས་ཀྱི་སྤྱི་ཚོགས་སུ་བྱུང་བའི་ཉམས་ཉེན་སྣ་ཚོགས་འབྱུང་བཞིན་པ་དེའི་རྒྱུ་རྐྱེན་ནི་མིའི་རིགས་ཀྱི་རྟེན་འབྲེལ་གྱི་ཆོས་ཉིད་སྣང་མེད་དུ་བཞག་པ་སྟེ། ནང་སེམས་ཀྱི་འདོད་ཆགས་དང་ཞེ་སྡང་། གཏི་མུག་བཅས་ཀྱི་དུག་གསུམ་གྱི་དབང་དུ་ཕྱིན་པའི་དབང་གིས་ཡིན་ལ། “རང་གིས་སྒྲུབ་འདོད་མེད་པའི་བྱ་བ་གཞན་ལ་བཙན་འགེལ་བྱེད་མི་རུང་།”རྒྱལ་སྤྱིའི་སྤྱི་ཚོགས་ལ་གལ་སྲིད་རྟེན་འབྲེལ་གྱི་འདུ་ཤེས་རྒྱུད་ལ་ངེས་ཤིང་། ཐུན་མོང་མཉམ་གནས་ཀྱི་དགོངས་དོན་སྲུང་བརྩི་བྱས་པ་ཡིན་ན།  སྤྱོད་ལམ་ཐད་ནས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་མཉམ་ལས་བྱེད་པ།  ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་འཛམ་གླིང་ལ་བརྟན་ལྷིང་བསྐྲུན་ཐུབ་ངེས་ཞེས་བསྟན་བྱུང་།
         པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས། འདྲ་མཉམ་དང་དཀྱེལ་ཡངས་ནི་མིའི་རིགས་འཆམ་མཐུན་མཉམ་གནས་ཡོང་པའི་ཟམ་པ་ལྟ་བུ་ཡིན་ལ། རྒྱལ་སྤྱིའི་འབྲེལ་བའི་ཉམས་ཉེན་དྲག་སྐྱེད་ཀྱི་སྨན་མཆོག་སྟེ་མི་རྣམས་ཀྱིས་འདུ་ཤེས་སྟེང་གི་དམག་འཁྲུག་དང་ཆག་སྒོ་འབྱུང་རྩ་སེལ་བར་གཞོགས་འདེགས་ཀྱི་ཕན་པ་ཡོད་ངེས། ང་ཚོ་ཁྱིམ་ཚང་གཅིག་སྟེ་ཐུན་མོང་ལ་མཐོན་མཐིང་ནམ་མཁའ་གཅིག་དང་ཁྱིམ་གཞིས་དྲོན་མོ་གཅིག་ཡོད་པ་རེད། འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ཕན་ཚུན་ལ་བརྩི་འཇོག་དང་དཀྱེལ་ཡངས་འདྲ་མཉམ་བྱེད་པ་དང་། ཉེ་གནས་ལ་ཐུགས་བརྩེ་ཡོང་པ། ཡིད་བརྟན་ཡིད་སྨོན་བྱས་པ་ཡིན་ན། ད་གཟོད་མིའི་རིགས་ཡོངས་རྫོགས་ཀྱི་ཐུན་མོང་ལས་དབང་དེའི་སྣེ་འདྲེན་མཁན“སའི་གོ་ལ་རྟགས་ཅན”གྱིས་ད་གཟོད་རྦ་རླབས་འཕྲེད་ཀྱིས་གཤགས་ནས་བརྟན་པོའི་ངང་མདུན་བསྐྱོད་བྱེད་ངེས་ཞེས་བསྟན་བྱུང་།
         པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས། རྒྱལ་ཁབ་ཁག་གི་ཆེ་ཆུང་ལ་ཁྱད་པར་ཡོད་ནའང་རབ་འབྲིང་གི་དབྱེ་བ་མེད་པ་དང་། ཤེས་རིག་ཁྱད་ཆོས་ལ་བར་ཁྱད་ཡོད་ནའང་བཟང་ངན་གྱི་དབྱེ་བ་ཡོད་པ་མ་རེད། དར་གོས་ལམ་བུའི་རྒྱུད་ཀྱི་ཤེས་རིག་མི་འདྲ་བ་ནི་སོ་སོར་རང་ཉིད་ཀྱི་རྒྱན་གྱིས་ཕྱུག་ཅིང་། ཐུན་མོང་མཉམ་དུ་གནས་པ་དེས་དབུ་མའི་ལམ་དུ་གཅིག་པུར་མཐོང་པའི་བསམ་བློའི་རྟོགས་པ་མངོན་ཡོད་ལ། “རྒྱུད་གཅིག་ལམ་གཅིག”གི་རིག་གནས་བར་གྱི་འགལ་རྙོག་ཐག་གཅོད་བྱེད་པར་རིན་ཐང་བྲལ་བའི་ཉམས་མྱོང་འདོན་སྤྲོད་བྱས་ཡོད་པ་རེད། དབུ་མའི་ལམ་དུ་གཅིག་པུར་མཐོང་པའི་དགོངས་དོན་གྱིས་ང་ཚོར་འཛམ་གླིང་སྣེ་མང་ཅན་དང་རིག་གནས་རྒྱུ་མང་ཅན།  མཐུན་སྡེབ་འགལ་སེལ། དངོས་རིགས་ཀུན་གསོག་ལ་བརྩི་འཇོག་བྱ་དགོས་ཤིང་། རིག་གནས་སྤེལ་རེས་ལ་བརྟེན་ནས་རིག་གནས་ཀྱི་འགལ་ཟླ་སེལ་རྒྱུ་དང་། ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་པར་བརྟེན་ཤེས་རིག་གི་འགལ་ཟླ་ལས་བརྒལ་པ་བརྒྱུད། ཐུན་མོང་ཐོག་མིའི་རིགས་ཀྱི་ཤེས་རིག་དབུ་མའི་ལམ་དུ་གཅིག་པུར་མཐོང་པ་དང་། སྒོ་དབྱེ་ཁོང་ཡངས་ཀྱི་དུས་རབས་ཀྱི་འཆར་གཞིའི་རི་མོ་འབྲི་དགོས་ཞེས་ནན་གྱིས་བསྟན་བྱུང་།
གླེང་སྟེགས་ནང་ཞུགས་མཁན་གྱི་བོད་བརྒྱུད་ནང་བསྟན་བླ་སྤྲུལ་དག་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་མཇལ་ཁ་ཞུ་བཞིན་པ།
         སྔ་དྲོར་གླེང་སྟེགས་མཇུག་གྲིལ་རྗེས།  སྐབས་འདིའི་གླེང་སྟེགས་ནང་ཞུགས་པའི་བོད་བརྒྱུད་ནང་བསྟན་སྡེའི་བླ་སྤྲུལ20ལ་ཉེ་བས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་མཇལ་ཁ་ཞུས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཁོང་རྣམས་ལ་གླེང་སྟེགས་ནང་ཞུགས་པའི་གོ་སྐབས་འདི་དང་བསྟུན་ས་ཁུལ་གཞན་དག་གི་ནང་བསྟན་སྡེའི་མི་སྣར་སློབ་སྦྱོང་བྱེད་པའི་དུས་མཚུངས་སུ་ད་དུང་རྒྱལ་སྤྱིའི་མཐོང་རྒྱ་ལྡན་དགོས་པའི་བཀའ་སློབ་བསྩལ་པ་རེད།  ཁོང་གིས་ནང་བསྟན་གྱི་འཕེལ་རྒྱས་ངོས་ནས་བརྗོད་ན། གལ་ཆེ་ཤོས་ནི་རང་རྒྱུད་ཀྱི“ས་བོན”དེ་ཡིན་ལ། རང་རྒྱུད་དུ་ནང་བསྟན་རིན་པོ་ཆེ་དར་སྤེལ་གཏོང་པའི་ས་བོན་ཡོད་ན་མེ་ཏོག་དེ་བཞད་ཐག་ཆོད་རེད་ཅེས་ནན་གྱིས་བསྟན་བྱུང་།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་ལྗོངས་ནང་བསྟན་སློབ་གླིང་གི་གླིང་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “པཎ་ཆེན་རིན་པོ་ཆེའི་དེ་རིང་སྔ་དྲོའི་གསུང་བཤད་ཀྱི་ནང་དོན་ཤིན་ཏུ་ངོ་མཚར་ཆེ་ཞིང་། ཁོང་ནི་མིང་དོན་མཚུངས་པའི་ང་ཚོའི་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཅིག་སྟེ་ང་ཚོའི་གཟི་བརྗིད་ཀྱང་རེད”ཅེས་གསུངས་བྱུང་།
         ཤར་ནོར་དྲུང་པ་ཧོ་ཐོག་ཐུ་ཡིས“རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན” ནི་ང་ཚོ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་ཏེ། བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས། པཎ་ཆེན་རིན་པོ་ཆེ་ཁོང་ཉིད་དེ་རིང་འཛམ་གླིང་གི་སྡིངས་ཆའི་སྟེང་འགྲེང་ནས་རང་རེའི་བོད་བརྒྱུད་ནང་བསྟན་གྱི་དགོངས་པ་འཛམ་གླིང་ལ་བསྒྲགས་པར་ང་རང་སེམས་གཏིང་ནས་དགའ་པོ་བྱུང་ཡོད”ཅེས་གསུངས་བྱུང་།
འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་ལྔ་བ་འགོ་ཚུགས་པའི་མཛད་སྒོའི་ཡུལ་དངོས།
         2006ལོར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དང་པོར་ཞུགས་པ་མ་ཟད་བོད་སྐད་ཀྱིས་གསུང་བཤད་གནང་པ་ཡིན་ལ། 2009 ལོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་གཉིས་པར་ཞུགས་རིང་དབྱིན་ཡིག་གིས་གསུང་བཤད་གནང་པར་སྤྱི་ཚོགས་ཀྱི་ལས་རིགས་ཁག་ནས་གདེང་འཇོག་ཚད་མེད་ཐོབ་པ་རེད། 2012 ལོར། ཁོང་ཉིད་འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་གསུམ་པར་ཞུགས་སྐབས་ཁ་བྱང་ལ《ནང་བསྟན་གཞུང་ལུགས་ནི“ནང་སེམས་ཚན་རིག”གི་ཉིང་བཅུད་ཡིན་ལ།  འདུལ་ཁྲིམས་དམ་སྲུང་ནི་ནང་བསྟན་ཡུན་རིང་གནས་པའི་རྨང་གཞི་ཡིན》ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་གསུང་བཤད་གནང་། 2015ལོར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་བཞི་པར་ཞུགས་པ་དང་། རབ་བྱུང་དགེ་འདུན་མ་ཟད་ནང་བསྟན་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྱི་བདེན་རྫུན་དབྱེ་འབྱེད་དང་། ཇི་ལྟར་ཚོད་འཛིན་དོ་དམ་ནུས་ལྡན་བྱེད་པ། དགེ་འདུན་པ་རྫུན་མ་དང་སྤྲུལ་སྐུ་རྫུན་མ་འཕེལ་རྒྱས་རྒྱ་ཡན་དུ་འགྲོ་བ་ཚོད་འཛིན་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་གསུང་བཤད་གནང་པ་ཡིན་ལ། ད་ལོ་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་འཛམ་གླིང་ནང་བསྟན་གླེང་སྟེགས་ལ་ཞུགས་ཐེངས་ལྔ་བ་རེད་འདུག
འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཀྱི་སྐུ་མགྲོན།
འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཀྱི་སྐུ་མགྲོན།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་སྐུ་མགྲོན་དག་གི་གཏམ་བཤད་ལ་གསན་བཞིན་པ།
         རྒྱུས་ལོན་བྱུང་པ་ལྟར་ན། སྐབས་འདིའི་གླེང་སྟེགས་ལ་ཁྱོན་བསྡོམས་ཡན་ལག་གླེང་སྟེགས7བཙུགས་ཡོད་ལ།  དེ་དག་ནི“ནང་བསྟན་ཆོས་ལུགས་དང་མཚོ་ཐོག་དར་གོས་ལམ་བུའི་ཡན་ལག་གླེང་སྟེགས།” “ནང་བསྟན་དང་ཆོས་ལུགས་དང་སྤྱི་ཕན་དགེ་སྒྲུབ་ཀྱི་ཡན་ལག་གླེང་སྟེགས།” “ནང་བསྟན་ཆོས་ལུགས་དང་ཁོར་ཡུག་སྲུང་སྐྱོང་གི་ཡན་ལག་གླེང་སྟེགས།” “ཀྲུང་གོ་དང་ཨ་རི། ཡོ་རོབ་ནང་བསྟན་ཆོས་ལུགས་ཀྱི་ཡན་ལག་གླེང་སྟེགས།” “ མཚོ་ངོགས་གཉིས་དང་ཤང་ཀང་། ཨའོ་མོན་ནང་བསྟན་ཆོས་ལུགས་ཀྱི་ཡན་ལག་གླེང་སྟེགས།”“ཀྲུང་གོ་དང་ལྷོ་ཁོ་རེ་ཡ། འཇར་པན་གསུམ་གྱི་ནང་བསྟན་ཆོས་ལུགས་ཀྱི་ཡན་ལག་གླེང་སྟེགས།”“ “རྫ་ཆུ་དང་མའེ་ཀུང་གཙང་པོའི་འབབ་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཡན་ལག་གླེང་སྟེགས”བཅས་མ་ཟད། དེང་རབས་ཀྱི་ཚན་རྩལ་དང་བརྒྱུད་སྒྲོག་གི་ཐབས་ལམ་གསར་པ་སྤྱད་དེ་སྨྱན་སྦྱོར་གསར་པའི་གླེང་སྟེགས་གསུམ་དང་བརྙན་འཕྲིན་གླེང་སྟེགས་བཙུགས་ནས་དྲ་རྒྱ་དང་བརྙན་འཕྲིན་དུ་དུས་མཚུངས་སུ་ཐད་གཏོང་གནང་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1