སྤྱི་ཟླ་9པའི་ཚེས་9ཉིན་གསར་འགོད་པས་ཀན་སུའུ་ཞིང་ཆེན་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར་ཀན་སུའུ་ཞིང་ཆེན་འབུམ་ལྷ་གླིང་(炳灵寺)རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གིས་རྡིབ་ཉེན་ཆེ་བའི་བྲག་ཕུག་ཅིག་སྲ་བརྟན་དུ་གཏོང་སྐབས་བྲག་ཁུང་ཞིག་ནས་གནའ་དཔེའི་ཤོག་ལྷེ་རལ་པ་མང་པོ་ཞིག་རྙེད། ལས་བྱེད་མི་སྣ་ཚོས་གཙང་བཤེར་བྱས་རྗེས་གནའ་དཔེའི་ཤོག་ལྷེ་རལ་པ་སྟོང་ཕྲག་ཙམ་ཡོད་ལ། དེའི་ཁྲོད་ཀྱི་མང་ཆེ་བ་ནི་བོད་ཡིག་གི་གནའ་དཔེའི་ཤོག་ལྷེ་རལ་པ་ཡིན་པ་མ་ཟད། རྒྱ་ཡིག་གི་གནའ་དཔེའི་ཤོག་ལྷེ་རལ་པ་ཡང་རེ་གཉིས་ཙམ་འདུག ལོ་མང་པོ་སོང་རྗེས། འབྱུང་ཁམས་ཀྱི་གནོད་པ་བྱུང་བའི་རྐྱེན་གྱིས་གནའ་དཔེའི་ཤོག་ལྷེ་དེ་ཚོར་རླུང་ཟད་རུལ་བསླད་ཚབས་ཆེན་བྱུང་།
འབུམ་ལྷ་གླིང་བྲག་ཕུག་འདི་ནི་ཆིང་རྒྱལ་རབས་ནུབ་མའི་ཅན་ཧུང་ཁྲི་ལོ་དང་པོར་(སྤྱི་ལོ་420)དངོས་སུ་གསར་དུ་བསྐྲུན་པ་རེད། ད་སྐབས་བྲག་ཁུང་183ཡོད་ཅིང་། དེའི་ནང་རྡོ་སྐུ་694དང་འཇིམ་སྐུ་82ཡོད་པ་དང་། ལྡེབས་རིས་ཧ་ལམ་སྨི་གྲུ་བཞི་མ་900ཙམ་ཡོད།