པར་འདེབས་ལག་རྩལ་གྱི་རྒྱུད་འཛིན་པ་བསོད་ནམས་ནི་1952ལོའི་ཟླ་7པར་སྡེ་དགེ་རྫོང་དགོན་ཆེན་གྲོང་རྡལ་ཉིན་མོ་སྡེ་པ་རུ་སྐྱེས་ཤིང་། ད་ལོ་ལོ་66ལ་སོན་ཡོད་ལ། ཕོ་ལོ་29ནས་པར་ཁང་དུ་ཡོང་སྟེ་པར་འདེབས་ཀྱི་འགོ་བརྩམས་ཤིང་། ལོ་ངོ་37ལྷག་ལ་པར་ཁང་དུ་ལས་གཉེར་བྱས། དང་ཐོག་པར་ཁང་དུ་ལས་གཉེར་ཡོང་བའི་རྒྱུ་མཚན་ནི་གཅིག་ནས་རིག་གནས་ཀྱི་གཏེར་མཛོད་འདི་རུ་ལས་གཉེར་གང་ལེགས་བྱས་ན་ཚེ་འདི་ཕྱི་གཉིས་ཀ་ལ་ཕན་པ་རྒྱ་ཆེན་པོ་ལྡན་པ་དང་། གཉིས་ནས་འཚོ་བའི་འགྲོ་གྲོན་ཐད་ཡོང་སྒོ་ཅུང་ཡོད་པ་དེ་རེད།
ཁོང་ལོ་ཚོད་མཐོན་པོ་ཡིན་ནའང་། ནངས་སྔ་ལངས་དང་ནུབ་ཕྱི་ཉལ་གྱིས་པར་ཁང་གི་སྒྲིག་སྲོལ་ལྟར་དུ་ལས་ཀ་བྱེད་བཞིན་ཡོད་ལ། སྤྱིར་པར་ཁང་དུ་ཞོགས་པའི་ཆུ་ཚོད་བརྒྱད་ནས་ལས་འགོ་བརྩམས་ཤིང་། ཉིན་གུང་ཆུ་ཚོད་བཅུ་གཉིས་ནས་གཉིས་པའི་བར་དུ་ངལ་གསོ་བྱེད་བཞིན་ཡོད་ཀྱང་། ཁོང་སྔ་མོ་ནས་པར་ཁང་གི་སྐོར་ལམ་དུ་ཡོང་ནས་སྐོར་བ་བྱེད་བཞིན་ཡོད་ལ། ལས་ཀ་འགོ་བརྩམས་ལ་ཉེ་ཚེ་དུས་ལྟར་ལས་གནས་ལ་ཞུགས་བཞིན་ཡོད། ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ལ་ལས་ཀ་གྲོལ་བས། ཁོང་སྔར་བཞིན་སྐོར་ལམ་དུ་ཆས་ནས་དགོང་མོའི་བར་དུ་པར་ཁང་ལ་སྐོར་བ་བྱེད་བཞིན་ཡོད། དེ་ལྟར་བགྲང་བྱ་དུ་མའི་རིང་ལ་པར་ཁང་གི་ཟུར་དུ་བཅར་ནས་གཟུགས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་། མི་ཚེ་གཅིག་གི་དུས་ཚོད་མང་ཤོས་སྡེ་དགེ་པར་ཁང་གི་དྲུང་དུ་བསྐྱལ་ཞིང་། ཁོང་གིས་དེ་ནི་བླ་ན་མེད་པའི་གཟི་བརྗིད་ཅིག་གམ་ཐོབ་པ་དཀའ་བའི་བསོད་ནམས་སུ་སྒོམ་བཞིན་ཡོད།
ཁོང་གིས་སྤོབས་པ་ཆེན་པོས་ངས་ནམ་རྒྱུན་ཕོ་སར་ཚོ་དང་མཉམ་དུ་པར་འདེབས་བཞིན་ཡོད་ལ། ཉིན་རེ་ལྡེབ་གྲངས་2400དང་ངོས་གཉིས་ཀ་རྩིས་ན་ལྡེབ་ངོས་4800རེ་དཔར་དགོས་ཀྱང་། ད་ལྟར་སྔར་དང་འདྲ་བར་ལོབས་ཚར་ནས་སྒལ་ཚིགས་མི་ན་བ་མ་ཟད། ལུས་ལ་དཀའ་ངལ་གྱི་ཚོར་སྣང་གང་ཡང་མི་འདུག་ཟེར། སྡེ་དགེ་པར་ཁང་གི་ཁང་གཏིང་འོག་དང་སྐོར་ལམ་ནི་ནམ་རྒྱུན་ལྟ་སྐོར་བ་དང་དད་ལྡན་མང་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་བྱེད་བཞིན་ཡོད་ལ། རྒྱུས་མངའ་མེད་པའི་མི་གང་མང་ཞིག་གིས་ཡ་མཚན་པའི་ངང་ནས་ཁོང་ལ་པར་འདེབས་ལག་རྩལ་གྱི་སྐོར་ལ་དྲི་བ་འདྲ་མིན་དྲི་བཞིན་ཡོད་པས། ཁོང་གིས་བྱ་བའི་བར་གསེང་དང་བསྟུན་ནས་ལེན་འདེབས་ཅི་ཐུབ་བྱེད་བཞིན་ཡོད་ཀྱང་། པར་འདེབས་ཀྱི་འོས་འགན་ལྕི་བ་དང་བསམ་སྤྱོད་གཅིག་མཐུན་མིན་ན་པར་ལེགས་པོ་འདེབས་མི་ཐུབ་པ། བྲེལ་བ་ཆེ་སྐབས་དང་འདེབས་མི་ཐུབ་པའི་སྐབས་སུ་གཞན་གྱིས་འདྲི་འོང་དུས། ལས་ཀ་ལེགས་འགྲུབ་མི་ཡོང་བར་དོགས་ནས་སེམས་ལ་དཀའ་ཁག་ཆེན་པོ་ཡོད་ཚུལ་བཤད་བཞིན་འདུག
སྤྱིར་པར་འདེབས་པ་ནི་གདན་ཐོག་ཏུ་འདུག་ནས་སྒྲུབ་ཆོག་པའི་བྱ་བ་ཞིག་ཡིན་ཀྱང་། དོན་དངོས་སུ་ལས་ཀ་དེ་སླ་མོ་ཞིག མིན་སྟེ། མི་གཉིས་ཀྱི་ལག་པའི་འགུལ་སྐྱོད་དང་འགྲོས་ཚད་ཚང་མ་མི་གཅིག་གི་བློ་ལ་འཆར་བ་ལྟར་གཟབ་ནན་སྒོས་མཉམ་འབྲེལ་བྱ་དགོས་ལ། གལ་ཏེ་པར་ཤིང་གི་མགོ་མཇུག་དང་དཔར་འདེབས་ཀྱི་གོ་རིམ་སོགས་ལ་ནོར་བ་བྱུང་ན། ཉིན་ཁ་ཤས་ཀྱི་རྩོལ་བ་ཆུ་ལ་བྱེ་མ་བཏབ་པ་ལྟར་འགྱུར་སྲིད་པས། ཕྱི་ལུས་ཀྱི་ངལ་རྩོལ་དང་ནང་ཀླད་པའི་ངལ་རྩོལ་གཉིས་ཀས་དུས་གཅིག་ཏུ་རྩོལ་བ་བྱ་དགོས། ཁོང་གིས་གཟབ་ནན་སྒོས་པར་འདེབས་ལག་རྩལ་ལ་བརྒྱུད་རིམ་ཞིབ་ཅིང་ཕྲ་བ་ཡོད་ལ། ང་རང་པར་འདེབས་མཁན་ཞིག་ཡིན་པ་མ་ཟད། ལོ་གང་མང་ལ་པར་འདེབས་ཀྱི་བྱ་བར་གཉེར་བས། ད་ལྟ་དེ་ལ་བྱང་ཆ་ཆེན་པོ་ཡོད། སྤྱིར་ང་རང་དང་པོ་ཡོང་དུས་པར་བརྩིགས་མཁན་དང་པར་ཤིང་ཕན་ཚུན་སྐྱེལ་མཁན། དཔེ་ཆ་བཏིང་མཁན་སོགས་ལས་ཀ་བསྒྲུབས་མྱོང་ཡོད། དེ་ནི་གོ་རིམ་ལྟ་བུ་ཞིག་ཡིན་ཏེ། ཅི་ཡང་ཆ་རྒྱུས་མེད་མཁན་ཞིག་གིས་ཐད་ཀར་པར་འདེབས་མི་ཤེས་ལ། སློབ་སྦྱོང་གི་རྒྱུད་རིམ་ངེས་ཅན་ཞིག་བརྒྱུད་རྗེས་ད་གཟོད་པར་འདེབས་ཀྱི་ལས་ཀ་བགྱི་ཆོག་ཅེས་ཟེར། ཁོང་ལ་མཚོན་ལ་པར་འདེབས་ཀྱི་གོ་རིམ་རེ་རེ་ནི་མིག་མདུན་དུ་ཡོལ་རིས་སུ་ཕབ་པ་དང་ཀུན་ནས་མཚུངས་ཀྱང་། ང་ཚོ་ན་གཞོན་དག་གིས་པར་འདེབས་ཀྱི་གོ་རིམ་རགས་རིམ་ཙམ་ཡང་མི་ཤེས་པ་མ་ཟད། པར་འདེབས་ཀྱི་ཡོ་བྱད་དང་དེ་བཀོལ་སྤྱོད་བྱེད་སྟངས་ནི་ལྟ་ཅི་སྨོས།
ཁོང་གིས་ཧ་ཅང་ཆ་རྒྱུས་ལྡན་པའི་ངང་ནས། མཚལ་དང་སྣག་ཚ་གཉིས་ཀྱིས་པར་འདེབས་ལ་དབྱེ་བ་ཡོད་དེ། ནམ་རྒྱུན་མཚལ་གྱིས་བཀའ་འགྱུར་དང་བརྒྱད་སྟོང་སུམ་ཕབ། རྙིང་མ་རྒྱུད་འབུམ། ད་དུང་ལྷ་པར་ཁ་ཤས་འདེབས་བཞིན་ཡོད་ལ། དེ་མིན་གཞན་པ་རྣམས་སྣག་དཔར་རེད། མཚལ་དཔར་དང་སྣག་དཔར་གཉིས་ཀྱི་གོང་ཚད་ཐད་སུམ་ལོག་བཞི་ལོག་གི་ཁྱད་པ་ཡོད་རེད། མཚལ་ཟེར་བ་འདི་ནི་རིན་པོ་ཆེའི་རིགས་ཤིག་ཡིན་པས། དེ་ལ་རིན་གོང་ཆེན་པོ་རེད་འདུག །སྣག་ཚ་ནི་ད་ལྟ་གང་སར་ཉོ་རྒྱུ་འདུག་པས་གོང་ཚད་ཅུང་སླ་མོ་རེད། པར་འདེབས་སྐབས་མཚལ་དང་སྣག་ཚ་བྱུག་པར་དོ་སྣང་ཆེན་པོ་བྱ་དགོས་ཏེ། གལ་ཏེ་ཉུང་ཆེ་སོང་ན་སྐྱ་སྐྱ་དང་མང་ཆེ་སོང་ན་དམར་རྒྱ་རེད་སྲིད། དེ་བས་བྱུག་ཚད་རན་ཞིང་ཁོད་སྙོམས་པོ་བྱ་དགོས་ཞེས་ཟེར། ད་དུང་ལོ་དུ་མ་ཞིག་ལ་པར་འདེབས་ཀྱི་བྱ་བར་གཉེར་ཞིང་པར་ཁང་དུ་ཡོད་པའི་པར་ཤིང་ཡོད་དོ་ཅོག་ཁོང་གི་ལག་ཟུང་དུ་མ་རྒྱུད་པ་མེད་པས། པར་ཤིང་གི་རྒྱུ་ཆ་དང་དེའི་སྤུས་ཀ་ལ་ཆ་རྒྱུས་ཤིན་ཏུ་ཆེ་བར་སྨོས་མ་དགོས། ཁོང་གིས་པར་ཁང་དུ་བཞུགས་པའི་པར་ཤིང་འདི་དག་ནི་ཤིང་གཞན་དང་གཏན་ནས་འདྲ་པོ་མི་འདུག་སྟེ། རྒན་རབས་པས་ཤིང་འདི་ལ་གཏེར་ཤིང་རིགས་ཟེར་ཞིང་། གཏེར་ནས་སྟོན་པའི་ཤིང་རེད་ཟེར་སྲོལ་ཡོད། ང་ལ་སེམས་ཆགས་མེད་ནས་འདིའི་ལོ་རྒྱུས་མང་པོ་ཞིག་བརྗེད་འདུག་མ་གཏོགས་མེས་པོ་གོང་མ་ཚོས་ཤིང་འདིའི་རིགས་ལ་ལོ་རྒྱུས་རིང་པོ་བཤད་རྒྱུ་ཡོད། པར་ཤིང་འདི་དག་ལག་ཏུ་བླངས་པ་ཙམ་གྱིས་དབྱེ་བ་འབྱེད་ཐུབ་སྟེ། ཤིང་དྭངས་པ་ཤེལ་ལྟ་བུ་འདྲ་རྐྱང་རྐྱང་ཡོད་རེད། ད་ལྟ་རང་ཉིད་ཀྱང་རྒན་རབས་པ་ཞིག་ཡིན་པའི་ཆ་ནས་ན་གཞོན་དག་ལ་རྒྱུན་དུ་པར་ཤིང་དུ་བཀོལ་བའི་ཤིང་འདི་དག་གི་ཁྱད་ཆོས་དང་དེ་དག་ལ་གཅེས་སྤྲས་གང་ལེགས་དགོས་ཚུལ་སོགས་ཁ་ནས་མ་ཎི་བགྲང་བགྲང་བྱེད་བཞིན་ཡོད་ཟེར།
ཕྱི་ལུས་ཀྱི་རྣམ་པ་དང་གོས་ཀྱི་ཆ་བྱད་སོགས་ཆེས་སྤྱི་བཏང་ཡིན་པའི་མི་རྒན་འདི་ལ། ནང་བསམ་པའི་དཔལ་ཡོན་ནི་འབྱོར་ཕྱུག་ལྡན་ཞིང་། མ་འོངས་པའི་ཕུགས་འདུན་དང་རེ་བས་བལྟམས་ཡོད། ཁོང་གིས་ནམ་རྒྱུན་འཁྲིས་སུ་ཡོད་པའི་ལོ་ཉུང་དེ་ཚོ་ལ་པར་འདེབས་ཀྱི་རྨང་གཞིའི་ཤེས་བྱ་ལས་པར་སྒྲིལ་ལུགས་དང་བྱུག་ལུགས། དཔེ་ཆ་བཏིང་སྟངས། པར་ཤིང་ཕར་ཚུར་སྐྱེལ་སྐབས་ཤུགས་ཆེན་པོས་གང་སར་གཡུགས་མི་རུང་བ་སོགས་མདོར་ན། རང་གི་བུ་རྒྱུད་ལ་རང་ཁྱིམ་གྱི་ཅ་དངོས་རྣམས་བེད་སྤྱོད་གཏོང་སྟངས་དང་གཅེས་སྤྲད་བྱེད་ཚུལ་སློབ་པ་དང་གཉིས་སུ་མེད་ལ། ཁོང་གིས་དེ་དག་ནི་ཆེས་རྒྱུན་གྱི་བྱ་བ་རྩག་རྩིག་ཞིག་ཡིན་ཀྱང་། དོན་དངོས་སུ་ཕྲ་ཞིང་རགས་པའི་བྱ་གཞག་དེ་དག་བརྒྱུད་ནས་སོ་སོའི་ཟུར་དུ་གཞན་དྲིང་མི་འཇོག་པའི་ཡོན་ཏན་གང་མང་འབྱོར་རྒྱུ་ཡོད་ལ། པར་འདེབས་ཀྱི་ལག་རྩལ་ཡང་དེ་ནས་རྒྱུད་འཛིན་དང་དར་སྤེལ་འགྱུར་སྲིད་ཅེས་ཟེར། ཁོང་གིས་ཧ་ཅང་ཁེངས་སྐྱུང་གི་སྒོ་ནས་ངས་སྔར་ནས་འདི་རུ་ལས་ཀ་བྱས། གཞན་པའི་རེ་བ་དང་འདུན་པ་ཆེན་པོ་མེད་ནའང་། མ་འོངས་པར་རྒས་ནས་གཡོ་འགུལ་མི་ཐུབ་པའི་བར་དུ་འདིར་ལས་ཀ་བྱ་འདོད་ཡོད། ལས་ཀ་འདི་ལོབས་ཚར་ནས་སྐྱིད་པོ་དགའ་མོ་འདུག པར་འདེབས་ལེགས་པོ་བྱས་ན་ཕན་པ་རྒྱ་ཆེན་པོ་ཡོད་ལུགས་མེས་པོ་གོང་མ་ཚོས་བཤད་མྱོང་ལ། རང་གིས་ཀྱང་དངོས་སུ་རྒྱུས་ལོན་བྱས་མྱོང་། འདི་རུ་མུ་མཐུད་དུ་པར་འདེབས་བྱ་རྒྱུ་ལས་གཞན་པའི་འདིང་མང་པོ་ཅི་ཡང་མེད་ཅེས་ཟེར།
མདོར་ན་དེང་དུས་ཁོང་དང་ཁོང་ལྟ་བུ་ལས་ལ་བརྩོན་ཞིང་སྙིང་སྟོབས་ལྡན་པ་དང་། མ་འོངས་པར་པར་འདེབས་ལག་རྩལ་རྒྱུད་འཛིན་དང་དར་སྤེལ་ཆེད་དུ་རང་ནུས་གང་ཡོད་འདོན་མཁན་ནི་སྡེ་དགེའི་པར་ཁང་དུ་གང་མང་ཞིག་ཡོད་སྲིད་རུང་འདིར་དཔེ་མཚོན་ཙམ་བཀོད་པའོ།།