༄༅།། རྩོམ་ཡིག་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རྒྱགས་ཕྱེ་གསར་པ་ཞིག་ཏུ་འགྱུར་བར་འབད་དགོས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-08


—རྩོམ་པ་པོ་སྟག་འབུམ་རྒྱལ་ལགས་ལ་བཅར་འདྲི་བྱས་པའི་ཟིན་ཐོ།
ལྷ་ས། འབའ་སྨད་རྒྱལ་ལོ་ཚེ་རིང་།
དྲི་བ། དགེ་རྒན་ཁམས་བཟང་། ཐེངས་འདིར་བདག་གི་བཅར་འདྲི་དང་ལེན་གནང་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ཐོག་མར་ཁྱེད་ཀྱིས་ན་གཞོན་བརྩམས་སྒྲུང་ལ་འཇུག་མཁན་རྣམས་ཀྱི་སྒྲུང་གཏམ་སྐོར་ཞིག་ལ་དཔྱད་འཇོག་དང་བཅས་ཁོ་ཚོར་རེ་བ་ཞིག་འདོན་རོགས།

དྲིས་ལན། ཁམས་བདེ་མོ་ཡོད། ངའི་རེ་བ་ཡིན་ན་ནམ་ཡིན་ཡང་ང་ཚོ་ཚང་མའི་ཁམས་འདི་ལྟར་བཟང་བར་སྨོན། ལྷག་པར་ད་ཐེངས་ཁྱེད་ཀྱིས་ང་ལ་འདི་ལྟ་བུའི་བསམ་འཆར་བགྲོ་གླེང་གིས་གོ་སྐབས་ཤིག་སྤྲད་པར་ངོ་མ་བཀའ་དྲིན་ཆེ། འོན་ཀྱང་དོན་དངོས་སྟེང་བཤད་ན་ང་རང་ནི་སྒྲུང་གཏམ་འབྲི་བར་ཕྱོགས་ཞེན་བྱེད་མཁན་ཞིག་དང་རང་ཉིད་ཀྱི་རྩོམ་འབྲིའི་ནུས་པར་ཚོད་ལྟ་བྱེད་མཁན་ཙམ་ཡིན་པ་ལས། སྒྲུང་གཏམ་ཇི་ལྟར་འབྲི་དགོས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཕྲན་བུ་ཙམ་ཡང་མེད་པ་ཞིག་ཡིན་པས། སྒྲུང་གཏམ་ལེགས་ཉེས་ཀྱི་ཆ་དག་བསེད་བཀྲོལ་བྱ་བའི་ཤེས་བྱ་དང་ནུས་པའང་དེ་མཚུངས་སུ་མེད། ཡིན་ནའང་ངས་འདི་ནས་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་ནི་བར་སྐབས་འདིར་བོད་ཀྱི་སྒྲུང་གཏམ་གསར་རྩོམ་གྱི་ཐད་ལ་ཡིད་དགའ་བའི་རྣམ་པ་གསར་པ་ཞིག་ཤར་ཡོད་པ་དེ་རེད། དེའི་རྒྱུ་མཚན་ཅི་རེད་ཟེར་ན། ཉེ་བའི་ལོ་འགའི་རིང་ལ་སྒྲུང་གཏམ་འབྲི་བའི་འདུན་པ་བརྟན་ཞིང་ཆུ་ཚད་འཛོམས་པའི་ལོ་གཞོན་སྒྲུང་གཏམ་པ་སྐོར་ཞིག་ཆར་རྗེས་ཀྱི་ཤ་མོ་ལྟར་རྒྱས་བཞིན་པ་འདི་དག་ལས་ཀྱང་ཤེས་ཐུབ། དཔེར་ན། སྒྲུང་གཏམ་པ་གྲགས་ཅན་ལྷ་བྱམས་རྒྱལ་དང་སྒོ་མེ་ཚེ་རིང་བཀྲ་ཤིས། ཅོ་ནེ་ཡུམ་ཚེ་རིང་། འཇམ་ཁོ། མང་རའི་རྒྱལ་མཚན། ཨེ་ཉི་མ་ཚེ་རིང་། ཨ་སྐྱབས་དར་རྒྱས། ཚེ་དབང་རྣམ་རྒྱལ། ཚེ་ལོ་ཐར། ཚེ་དབང་རིག་འཛིན། རྣམ་གླིང་རིན་ཆེན། ད་དུང་དེ་རིང་གློ་བུར་དུ་ངའི་ཡིད་དུ་མཚན་མིང་དྲན་དཀའ་བར་འདུག ཧ་ཅང་མང་པོ་ཞིག་འདུག་པ་འདི་དག་དེའི་མཚོན་བྱེད་ཀྱི་མི་སྣ་རེད་ལ། ཁོ་ཚོའི་སྒྲུང་གཏམ་འབྲི་བའི་ཆོད་སེམས་བརྟན་ཅིང་ཆུ་ཚད་ངེས་ཅན་ལྡན་པས། མ་འོངས་པའི་བོད་ཀྱི་སྒྲུང་གཏམ་གསར་རྩོམ་ཐད་སྔ་ན་མེད་པའི་གྲུབ་འབྲས་ལེན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། སྐབས་འདིར་ང་ལ་རེ་བ་ཕྲན་ཙམ་ཡོད་པ་ནི། ཁོ་ཚོ་ཚང་མ་ད་སོ་མ་སློབ་གྲྭ་ནས་ཕྱི་རུ་ཐོན་མ་ཐག་པའི་དུས་སྐབས་ཡིན་པས། སྤྱི་ཚོགས་འཚོ་བའི་ཞིབ་ཕྲའི་རང་བཞིན་དང་རྙོག་འཛིང་རང་བཞིན་འབྲི་བའི་ཐད་ཅུང་དཀའ་ངལ་ཡོད་རྒྱུ་རེད་སྙམ། དེ་བས་ཁོ་ཚོས་དུས་དང་རྣམ་པ་ཀུན་ཏུ་ཕྱི་རྒྱལ་དང་རྒྱ་ནག་གི་རྩོམ་མཁན་གྲགས་ཅན་ཚོས་ཇི་ལྟར་འཚོ་བར་ཟབ་ཞུགས་དང་རྒྱུས་ལོན་གཏིང་ཟབ་བྱས་པའི་རྣམ་ཐར་ལ་སློབ་སྦྱོང་བྱས་ཏེ། བོད་ཀྱི་སྒྲུང་གཏམ་གྱི་ཕྱོགས་སོ་སོའི་སྤུས་ཀ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་བྱ་རྒྱུ་ནི་ངའི་རེ་བ་ཡིན།

དྲི་བ། ང་སྒེར་ལ་མཚོན་ན། ད་ལྟའི་དུས་འདིར་སྒྲུང་གཏམ་ལ་གོ་བ་གསར་དུ་ལེན་དགོས་པར་འདོད། བོད་ཀྱི་ད་སྔའི་ཡན་ཆད་ཀྱི་སྒྲུང་གཏམ་མང་ཆེ་བ་གཏམ་རྒྱུད་དམ་དམངས་སྒྲུང་གི་རྣམ་པ་ལ་ཁ་གཏད་པ་ཤས་ཆེ་བར་མ་ཟད། སྒྲུང་གཏམ་གྱི་མཚན་ཉིད་ལྟར་རྩོམ་ཐུབ་མེད་པས་སྒྲུང་གཏམ་རང་སྟེང་གི་ཁྱད་ཆོས་སམ་ནུས་པ་ཐོན་མེད། དེ་བས། ངས་དེའི་མིང་ལ། བཅོས་སྒྲུང་ངམ་གཏམ་སྒྲུང་། བཤུས་སྒྲུང་ཟེར་འདོད། ཁྱེད་རང་ངའི་ལྟ་ཚུལ་འདི་དང་བསྡོངས་སྒྲུང་གཏམ་ལ་གོ་བ་གསར་དུ་ལེན་དགོས་པའི་བསམ་ཚུལ་ཡོད་དམ།

དྲིས་ལན། དོན་ངོ་མར་བཤད་ན་སྒྲུང་གཏམ་ལ་བརྩམས་སྒྲུང་དང་སྒྲུང་རྩོམ་སོགས་རིགས་མི་འདྲ་བའི་ཐ་སྙད་སྦྱོར་གྱིན་ཡོད་ཀྱང་། ངས་བལྟས་ན་མིང་གི་ཐད་ནས་དེ་དག་ལ་དབྱེ་བ་ཆེར་མ་མཆིས་སྙམ། དེ་བས་ངས་ཉེ་ཆར་སྒྲུང་གཏམ་ཞེས་འབོད་ཀྱིན་ཡོད་ཅིང་། དེ་ནི་ཕལ་ཆེར་སྦྲང་ཆར་རྩོམ་སྒྲིག་ཁང་གི་འབོད་ལུགས་དེའི་རྗེས་སུ་འབྲངས་པ་ཡིན་ཤས་ཆེ། ངས་ཅི་འདྲ་བཏགས་ཀྱང་རུང་། སྤྱིར་སྒྲུང་གཏམ་ནི་གཏམ་རྒྱུད་དང་ཁ་འབྲལ་ཐབས་མེད་པའི་རྩོམ་ལུས་ཤིག་རེད་ལ། ཁྱོད་ཀྱིས་གཏམ་རྒྱུད་མེད་པའི་སྒྲུང་གཏམ་ཞིག་འབྲི་རྒྱུ་ཟེར་ན་དེ་ནི་ཧ་ཅང་དགོད་བྲོ་བའི་ཁ་མཚར་ཞིག་ཏུ་སྙམ་སྲིད། གཏམ་རྒྱུད་མེད་ན་སྒྲུང་གཏམ་གྱི་མིང་དེ་ལ་ཡང་སྙན་ངག་ཟེར་བའམ་ཡང་ན་ལབ་བརྡོལ་ཟེར་ཡང་སྲིད། གཏམ་རྒྱུད་ཀྱི་རང་བཞིན་དེ་ནི་ངས་སྒྲུང་གཏམ་གྱི་ཁྱད་ཆོས་གཙོ་བོ་ཞིག་ཏུ་རྩི་བཞིན་ཡོད། ཡིན་ནའང་སྐབས་འདིར་ཁྱོད་ཀྱིས་བཤད་འདོད་པ་ནི་རང་རེའི་སྒྲུང་གཏམ་དག་ཏུ་མི་སྣ་ངོ་སྤྲོད་བྱས་པ་ཙམ་ལས་མི་སྣའི་ནང་སེམས་སྔོག་འདོན་དང་སྣང་བརྙན་གསར་བཞེངས་བྱས་པའི་ཐད་འདང་གིན་མི་འདུག་ཟེར་བ་རེད་སྙམ། དེ་ནི་ངོ་མ་དེ་འདྲ་ཞིག་རེད། དེ་སྔོན་ངས་སློབ་མ་དག་ལ་སློབ་ཁྲིད་བྱེད་སྐབས་ཀྱང་རྒྱུན་དུ་དེ་ལྟར་བཤད་པ་ཡིན་ཏེ། དཔེར་ན་མི་དེ་ནི་དཔའ་བོ་ཞིག་ཡིན་ཚེ་ཁྱོད་ཀྱིས་དཔའ་བོ་ཞིག་རེད་ཅེས་བཤད་མི་རུང་བར་ཁོ་རང་ཡ་ང་བའི་གཡུལ་སར་མངགས་ཏེ་དགྲ་དམག་བརྒྱ་ཕྲག་མང་པོ་སྡོང་པོ་བསྒྱེལ་བ་ལྟར་བྱེད་དུས་སུ་ཞིག་གིས་ཁོ་ནི་དཔའ་བོ་མ་རེད་ཟེར་ཕོད། ཕྱོགས་དུ་མ་ནས་སྣང་བརྙན་གསར་བཞེངས་བྱེད་པའི་ཕྱོགས་སུ་གཞོལ་ཡོད་མེད་དེ་ནི་སྤྱིར་གཏང་གི་གཏམ་རྒྱུད་དང་སྒྲུང་གཏམ་བར་གྱི་ཁྱད་པར་རེད། ངས་བལྟས་ན་གནད་དོན་འདིའི་འབྱུང་རྐྱེན་གཙོ་བོ་ནི་རྩོམ་པ་པོ་རྩོམ་ནང་དུ་རྒྱུན་ཞུགས་བྱས་པའི་སྐྱོན་ཞིག་རེད་སྙམ། འོན་ཀྱང་རྩོམ་ནང་དུ་འབོད་པའི་ཐ་སྙད་དང་པོ་བཀོལ་པ་ཡིན་ཚེ་གནད་དོན་དེ་འདྲ་མི་འབྱུང་ལ། འབོད་པའི་ཐ་སྙད་གསུམ་པ་བཀོལ་ན་སྐྱོན་དེ་ལ་ཧ་ཅང་དོགས་ཟོན་བྱེད་དགོས་སྙམ།


དྲི་བ། རྒན་ལགས་ཀྱིས་ནམ་རྒྱུན་གསར་རྩོམ་བྱེད་ཞོར་རྩོམ་རིག་གཞུང་ལུགས་ལ་འབྲེལ་འདྲིས་བྱེད་ཀྱིན་ཡོད་དམ།
དྲིས་ལན། འབྲེལ་འདྲིས་ཆེན་པོ་བྱེད་ཀྱིན་མེད། ངས་བལྟས་ན་རྩོམ་རིག་གཞུང་ལུགས་ཀྱིས་གསར་རྩོམ་བྱེད་པར་ཕྱོགས་སྟོན་སྣེ་ཁྲིད་བྱེད་ཀྱིན་ཡོད་པ་རེད་མོད། ཡིན་ནའང་རྩོམ་རིག་གཞུང་ལུགས་ཀྱིས་གསར་རྩོམ་ལ་ཚོད་འཛིན་ཀྱང་ཐེབས་ཀྱི་ཡོད་པ་རེད། དེ་ནི་ཁྱོད་ཀྱིས་ཡབ་ཆེན་གྱིས་གདམས་པ་ལྟར་སྒྲུབ་རྐྱང་བྱེད་པ་ལས་རང་ནུས་སྔོག་འདོན་མ་བྱས་ཚེ། ནམ་ཡང་ཡབ་ཆེན་ལྟ་བུ་ཞིག་ཏུ་འགྱུར་བ་ལས་དེ་ལས་ལྷག་པའི་ཐོལ་བརྒལ་འབྱུང་མི་སྲིད་པ་ལྟ་བུ་རེད།

དྲི་བ། བོད་ཀྱི་རྩོམ་རིག་ལ་ཤ་ཚ་མཁན་ཞིག་ཡིན་ཕྱིར་ལས་གང་དག་ལ་འབད་དགོས་པར་འདོད།
དྲིས་ལན། རྩོམ་མཁན་ཞིག་གི་ངོས་ནས་བཤད་ན། རང་ཉིད་ཀྱི་གསར་རྩོམ་ལ་འགན་ཁུར་ཏེ་རེ་བ་མཐོན་པོ་འཛིན་དགོས། མུ་མཐུད་དུ་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཟབ་ཞུགས་གང་ལེགས་སྒོས་རྙོག་འཛིང་ཆེ་ཞིང་སྣ་མང་བའི་འཚོ་བའི་མཛེས་སྡུག་སྔོག་འདོན་བྱེད་པ་དང་། གསར་རྩོམ་གྱི་ཐབས་རྩལ་དང་ནུས་པའི་ཐད་མུ་མཐུད་དུ་འཚོལ་སྙེག་བྱས་ཏེ། ཁྱོད་ཀྱིས་བྲིས་པའི་རྩོམ་ཡིག་དེས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་པ་ཅི་འདྲ་ཞིག་ཨེ་ཐོན་ལ་འབད་དགོས་པ་དང་། ཁྱོད་ཀྱི་རྩོམ་ཡིག་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རྒྱགས་ཕྱེ་གསར་པ་ཞིག་ཏུ་ཨེ་འགྱུར་བར་འབད་དགོས་པ་མ་གཏོགས། ནམ་ཡང་འཕེལ་རྒྱས་མེད་པའི་རྩོམ་པ་པོ་ཞིག་ཏུ་འགྱུར་མི་རུང་།


དྲི་བ། རྒན་ལགས་ཀྱིས་རྩོམ་རིག་ནི་མི་རིགས་ཤིག་གི་རིག་གནས་ཀྱི་སྔོན་འགྲོ་དང་། ཡང་ན་རིག་གནས་ཀྱི་དར་རྒུད་ལྟ་བུ་ངོས་བཟུང་སྟེ་གསར་རྩོམ་གནང་པ་ཡིན་ནམ།

དྲིས་ལན། ང་ལ་མཚོན་ན་སྒྲུང་གཏམ་གསར་རྩོམ་བྱེད་དོན་གྱི་ཐད་ལ་འགྱུར་ལྡོག་མང་པོ་བྱུང་མྱོང་། དང་ཐོག་རྩོམ་པ་པོ་ཞིག་བྱེད་འདོད་པའམ་དེའི་མིང་གི་ཆེད་དུ་ཡིན་ཏེ། ང་ཚོ་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་སྦྱོང་བྱེད་པའི་སྐབས་ཏེ། 1980ལོ་ནས1986ལོའི་བར་ནི་བོད་ཀྱི་དེང་རབས་རྩོམ་རིག་གསར་པ་འཕེལ་མགོ་རྩོམ་སྐབས་ཡིན་ཏེ། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《སྦྲང་ཆར》《ཟླ་ཟེར》སོགས་དུས་དེབ་འཕྲོ་རིམ་འཕྲོར་བྱུང་བ་དང་བསྟུན་ནས། དཔལ་དོན་གྲུབ་རྒྱལ་དང་གླང་མདུན་དཔལ་འབྱོར། བཀྲ་ཤིས་དཔལ་ལྡན། ཆབ་འགག་རྡོ་རྗེ་ཚེ་རིང་། རེབ་གོང་རྡོ་རྗེ་མཁར། རྡོ་རྗེ་རིན་ཆེན། ལྗང་བུ། ཚེ་རིང་དོན་གྲུབ་སོགས་རྩོམ་པ་པོའི་དཔུང་སྡེ་ཡང་བྱུང་བ་རེད་པས། ང་ཡང་ཁོ་ཚོའི་བརྩམས་ཆོས་ལ་ཀློག་པར་ཧ་ཅང་དགའ་བའི་སྐོར་ཡིན་ལ། རིམ་བཞིན་དུ་རང་ཉིད་ཀྱང་རྩོམ་པ་པོ་ཞིག་ཏུ་ཨེ་འགྱུར་ལ་ཚོད་ལྟ་བྱས་པ་ཡིན། དེའི་རྗེས་ནས་རྩོམ་ཡོན་གྱི་ཆེད་དུ་བྲིས་པ་ཡིན་ཞེས་ཟེར་ཆོག་སྟེ། སློབ་མཐར་ཕྱིན་རྗེས་ངས་ཐད་ཀར་རྒྱལ་གཉེར་ཞིང་ར་ཞིག་ཏུ་དགེ་རྒན་གྱི་བྱ་བ་བསྒྲུབས་པ་ཡིན་པས་ཟླ་ཕོགས་ཧ་ཅང་དམའ་བའི་ཁར་དུས་ཚོད་ལྟར་སྟེར་ནུས་ཀྱི་མེད་པས་སྒོར་མོའི་དཀའ་ངལ་ཆེ། ངའི་སྒྲུང་གཏམ་མང་ཆེ་བ་ཞིག་དེ་དུས་བྲིས་པ་ཡིན་ཞིང་རྩོམ་ཡོན་ཡང་འབེལ་བོ་འདུག་པས། ངོ་མ་དེ་ནི་རྟ་རྒྱུག་ཞོར་མེ་ཏོག་འབལ་ཞོར་ཞེས་པ་མ་རེད་དམ། ཡིན་ནའང་སྐབས་དེར་བྲིས་པའི་སྒྲུང་གཏམ་གྱི་རྒྱུ་སྤུས་ཧ་ཅང་ཞན། ཧ་ཧ་ཧ། ལ་ལར་ད་ལྟར་བལྟས་ན་ངོ་མ་ངོ་གནོང་བ་ཞིག་ཀྱང་རེད། དེ་རྗེས་ང་རང་ནུབ་བྱང་མི་རིགས་སློབ་ཆེན་དུ་ཕྱིན་པ་ནས་བཟུང་སྒྲུང་གཏམ་གསར་རྩོམ་བྱ་བར་ཁ་ཕྱོགས་གསར་པ་ཞིག་འགྱུར་མགོ་བརྩམས་ཤིང་། བརྩམས་ཆོས་རེ་རེར་རང་ཉིད་ཀྱིས་འགན་འཁུར་འོས་པ་དང་། རང་ཉིད་ཀྱི་སྒྲུང་གཏམ་གསར་རྩོམ་བྱེད་པ་དེས་བོད་ཀྱི་རྩོམ་རིག་གོང་འཕེལ་དུ་འགྲོ་བར་ཕན་ཐོགས་ཅུང་ཙམ་ཨེ་འབྱུང་གི་འདུན་པས་བསྐུལ་ཏེ་ད་བར་དུ་རྒྱུན་བསྐྱངས་པ་ཡིན།

དྲི་བ། རང་རེའི་ཀློག་པ་པོ་ཁ་ཤས་ཀྱིས་བོད་རྩོམ་ཅིག་ཅིག་དང་ཉིག་ཉིག་འཛམ་གླིང་རྩོམ་རིག་གི་ཆུ་ཚད་དུ་ཐོན་འདུག་ཅེས་བཤད་ཚུལ་འདུག རྒན་ལགས་ལ་མཚོན་ན། བོད་རྩོམ་གྱི་ཆུ་ཚད་དང་འཛམ་གླིང་རྩོམ་རིག་གི་ཆུ་ཚད་དོ་མཉམ་མམ། ཡང་ན་རྒན་ལགས་ཀྱིས་འཛམ་གླིང་རྩོམ་རིག་གི་ཆུ་ཚད་ཟེར་བ་ག་འདྲ་ཞིག་ལ་གོ་བ་ལེན་གྱིན་ཡོད།
དྲིས་ལན། ངས་བལྟས་ན་བོད་ཀྱི་རྩོམ་རིག་དང་འཛམ་གླིང་རྩོམ་རིག་གཉིས་སོ་སོ་བ་གཉིས་མ་ཡིན་པར་བོད་ཀྱི་རྩོམ་རིག་ནི་འཛམ་གླིང་རྩོམ་རིག་གི་ཆ་ཤས་ཤིག་ཏུ་ངོས་བཟུང་ན་འགྲིག་སྙམ། ཡིན་ནའང་བོད་རྩོམ་གྱི་གསར་རྩོམ་ཆུ་ཚད་དང་རྩོམ་ཡིག་སྤུས་ཀ་དེ་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་གཞན་དང་བསྡུར་ན་ད་དུང་ཧ་ཅང་ཞན་པར་འདུག དེ་ནི་གཙོ་བོ་བྲི་བྱའི་འཚོ་བའི་ཟབ་ཁྱད་དང་སྒྱུ་རྩལ་གྱི་བློས་བསླངས། རྩོམ་འབྲིའི་ཐབས་རྩལ་དང་བྱང་ཚད། བསམ་བློའི་རེ་སྙེག་སོགས་ཕྱོགས་དུ་མ་ནས་ལྟ་དགོས་པར་སྙམ། ཡིན་ནའང་ཉེ་བའི་ལོ་ཤས་རིང《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》དང《བོད་ཀྱི་གཅེས་ཕྲུག》གཙོ་བྱས་པའི་བོད་ཀྱི་རྩོམ་ཡིག་སྐོར་ཞིག་འཛམ་གླིང་གི་རྒྱལ་ཁབ་ཁག་གི་ཡིག་རིགས་དུ་མར་བསྒྱུར་པ་འདི་ནི་བོད་ཀྱི་རྩོམ་རིག་འཛམ་གླིང་ལ་ཁ་ཕྱོགས་ཀྱིན་པའི་གནས་ཚུལ་བཟང་པོ་ཞིག་རེད་སྙམ། ཡིན་ནའང་འཛམ་གླིང་རྩོམ་རིག་གི་ཆུ་ཚད་ཅེས་པ་ནི་ག་འདྲ་ཞིག་ལ་ཟེར་གྱིན་པ་ངས་ཧ་མི་གོ་བར་འདུག ཕལ་ཆེར་འཛམ་གླིང་སྟེང་མིང་དུ་གྲགས་པའི་སྒྲུང་གཏམ་མམ་སྙན་ངག་མཁན་པོ་དག་གི་རྩོམ་འབྲིའི་ཆུ་ཚད་ལ་ཟེར་བ་ཡིན་ནམ། ཡང་ན་འཛམ་གླིང་རྩོམ་རིག་གི་ཆུ་ཚད་ཅེས་ཚད་གཞི་ཞིག་གཏན་འཁེལ་བྱས་ཡོད་པ་ཡིན་ནམ།

དྲི་བ། ད་ལྟར་སྙན་ངག་པ་རྣམས་ཀྱིས་སྙན་ངག་གསར་རྩོམ་ལས་གཞན་སྒྲུང་གཏམ་གསར་རྩོམ་ལའང་འཇུག་པར་མ་ཟད། སྒྲུང་གཏམ་ལ་ལྟ་ཀློག་དང་བགྲོ་གླེང་། དཔྱད་རྩོམ་འབྲི་བའང་ཡོད། དེས་ན། སྒྲུང་གཏམ་གསར་རྩོམ་རྐྱང་བ་ལ་འཇུག་མཁན་རྣམས་ཀྱིས་རང་མོས་སྙན་ངག་འབྲི་བར་དཀའ་ངལ་ཡོད་པར་མ་ཟད། དེའི་སྐོར་ལ་ལྟ་ཀློག་དང་བགྲོ་གླེང་། ཞིབ་འཇུག་དཔྱད་རྩོམ་གྱི་ལས་སུ་འཇུག་མཁན་ཉུང་། རྒྱུ་མཚན་ཅིའི་ཕྱིར་འདི་ལྟ་བུའི་ཁྱད་པར་ཡོད་པ་རེད།
དྲིས་ལན། སྙན་ངག་འབྲི་མཁན་རྣམས་ཀྱིས་སྒྲུང་གཏམ་འབྲི་ནའང་འདྲ། སྒྲུང་གཏམ་འབྲི་མཁན་རྣམས་ཀྱིས་སྙན་ངག་གམ་ལྷུག་རྩོམ་འབྲི་ནའང་འདྲ། ངས་བལྟས་ན་རང་ཉིད་ཀྱི་མོས་ཕྱོགས་ཤིག་གམ་དམིགས་ཡུལ་ཞིག་གི་ཆེད་ཡིན་པ་མ་གཏོགས། དཀའ་ངལ་ཡོད་མེད་ཀྱི་གནད་དོན་ཞིག་ཏུ་སེམས་ཀྱིན་མེད། ངས་ཀྱང་དེ་སྔོན་སྙན་ངག་འགའ་རེ་བྲིས་མྱོང་ལ། ལྷུག་རྩོམ་བྲིས་མྱོང་། ཡིན་ནའང་སྙན་ངག་ཀློག་མཁན་ཞིག་ཡིན་ཚེ་རིག་གནས་ཀྱི་བྱང་ཚད་ངེས་ཅན་ཞིག་དགོས་ཀྱིན་འདུག་པ་དང་། སྒྲུང་གཏམ་གྱི་སྐོར་ལ་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུའང་ཀློག་མཁན་མང་པོ་འདུག སྤྱིར་རྩོམ་ཡིག་འབྲི་དོན་ནི་རྩོམ་ཡིག་རང་སྟེང་གི་འཕེལ་རྒྱས་ཀྱི་ཆེད་དུའང་རེད་ལ། གཙོ་བོ་ཀློག་མཁན་གྱི་ཆེད་དུ་རེད་ཅེས་བཤད་ན་འགྲིག་སྙམ། དེ་བས་ཀློག་མཁན་ནི་སྐྱབས་མགོན་ཡིན་ཞེས་པའི་བཤད་སྲོལ་དེ་བྱུང་བ་ལོས་ཡིན། ཡང་གཅིག་བཤད་ན་སྒྲུང་གཏམ་བྲི་རྒྱུ་དེ་ནི་ཧ་ཅང་དཀའ་མོ་ཞིག་རེད་ལ། སྒྲུང་གཏམ་ལེགས་པོ་ཞིག་བྲི་རྒྱུ་ནི་དེ་ལས་ཀྱང་དཀའ་བ་སྨོས་ཅི་དགོས། དེ་བས་བར་སྐབས་ཤིག་ལ་བོད་ཀྱི་རྩོམ་སྟེགས་སུ་སྙན་ངག་འབྲི་མཁན་ཧ་ཅང་མང་ལ། སྒྲུང་གཏམ་འབྲི་མཁན་ཧ་ཅང་ཉུང་བས་ཐ་ན་དུས་དེབ་སྐོར་ཞིག་ལ་སྒྲུང་གཏམ་གྱི“མུག་སྐྱོན”ཐེབས་ཀྱིན་ཡོད་པའི་སྣང་ཚུལ་བྱུང་བ་ལྟར་རེད། ངོ་མ་བཤད་ན་སྒྲུང་གཏམ་བྲི་རྒྱུ་དེ་ནི་ཧ་ཅང་ལས་ཚེགས་ལྕི་བའི་ལས་ཀ་ཞིག་རེད་མོད། གང་ལྟར་ངས་ནི་སྒྲུང་གཏམ་བྲི་རྒྱུ་དེ་གཙོ་བོར་བདམས་པ་ཡིན།

དྲི་བ། མི་མང་པོས་སྒྲུང་གཏམ་ལ་ལྷུག་བརྗོད་ཀྱི་ཤས་ཆེ་ན་སྒྲུང་གཏམ་གྲུབ་པའི་དགེ་མཚན་ཞིག་ལ་ངོས་འཛིན་གྱིན་འདུག ངས་དེ་དགེ་མཚན་ཞིག་རེད་མི་འདོད་དེ། རྒྱུ་མཚན། སྒྲུང་གཏམ་དུ་ལྷུག་བརྗོད་ཀྱི་ཤས་ཆེ་ན་ལྷུག་རྩོམ་གྱི་ཉམས་རང་བྱུང་དུ་ཐོན་ངེས། ད་སྐབས་ཀྱི་སྒྲུང་གཏམ་ལ་ལ་ཞིག་མི་སྣ་དང་བྱུང་རིམ། དུས་ཚོད། ཁོར་ཡུག གཏམ་རྒྱུད། མི་སྣ་བཞེངས་སྐྲུན་སོགས་སྒྲུང་གཏམ་དུ་ཉམས་ཆེན་པོ་ཐོན་མེད་ཅིང་། ཉམས་དེ་ཙམ་ལྷུག་རྩོམ་དུའང་ཡོད་པས་མཚམས་རེར་དངོས་གནས་སྒྲུང་དང་ལྷུག་རྩོམ་གྱི་དབྱེ་བ་འབྱེད་ཁག རང་གྲོལ་ལགས་ཀྱི《རྐང་ལམ་ཕྲ་མོ》ལ་ཡང་སྣང་ཚུལ་དེ་ལྟ་བུར་མཆིས་པས་མི་ལ་ཤས་ཀྱིས་སྒྲུང་གཏམ་དུ་ངོས་འཛིན་ལ་ཡང་སྐོར་ཞིག་གིས་ལྷུག་རྩོམ་དུ་ངོས་འཛིན་པས་མཚོན། དེ་བཞིན། ངས་བསམ་ན་ཚེ་རིང་དོན་གྲུབ་ཀྱི《ཝ་ནག་ལུང་པ》དང་། ལྷ་བྱམས་རྒྱལ་གྱི་སྒྲུང་མང་ཆེ་བ་ལྷུག་རྩོམ་གྱི་ཁོངས་སུ་བཞག་ན་འཚམ། དེས་ན། ཁྱེད་ལ་འདི་ལྟ་བུའི་དྲན་ཚུལ་ཡོད་དམ། སྣང་ཚུལ་འདི་ལྟ་བུར་ལྟ་ཚུལ་ཅི་ཡོད།
དྲིས་ལན། སྤྱིར་སྒྲུང་གཏམ་ནི་གཏམ་རྒྱུད་ཀྱི་ཆ་དང་སྙན་ངག་གི་ཆ། ལྷུག་རྩོམ་གྱི་ཆ། ཟློས་གར་གྱི་ཆ་སོགས་ཡོངས་འདུས་ཀྱི་རྩོམ་ལུས་ཤིག་རེད་ཅིང་། དེ་དག་ལས་ཀྱང་མི་སྣའི་སེམས་ཁམས་གཟབ་འབྲི་དང་སྣང་བརྙན་གསར་བཞེངས་བྱེད་པ་གཙིགས་ཆེན་དུ་འཛིན་པའི་གཏམ་རྒྱུད་རང་བཞིན་གྱི་རྩོམ་ལུས་དེ་རེད། དེ་བས་དོན་གྲུབ་རྒྱལ་གྱི《རྐང་ལམ་ཕྲ་མོ》ནི་མི་སྣའི་སྣང་བརྙན་གསར་བཞེངས་དང་གཏམ་རྒྱུད་ཀྱི་བྱུང་རིམ་གཙོ་གནད་དུ་བཟུང་མེད་པར་རང་སེམས་ཀྱི་བརྩེ་དུང་ཕྱིར་སྤྲོ་བ་དེ་འབུར་དུ་ཐོན་པས་དུང་བརྗོད་ལྷུག་རྩོམ་གྱི་གྲས་སུ་འཇོག་དགོས་པ་སྨོས་མེད་རེད། ང་ལ་མཚོན་ན་ཚེ་རིང་དོན་གྲུབ་དང་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་ལ་ལྟ་བར་ཧ་ཅང་དགའ་ཞིང་། ཁོང་གཉིས་ཀྱི་སྒྲུང་གཏམ་དག་ཏུ་ཕྱོགས་དུ་མ་ནས་ཐབས་བརྒྱ་ཇུས་སྟོང་གིས་སྣང་བརྙན་སློང་སྐྲུན་གྱི་ཕྱོགས་ལ་ཤུགས་བསྒྲིམས་པ་ཧ་ཅང་བཟང་འདུག་སྙམ་གྱིན་ཡོད། ངས་བལྟས་ན། སྤྱིར་སྒྲུང་གཏམ་ལ་ལྷུག་བརྗོད་མེད་དུ་མི་རུང་མོད། ཡིན་ནའང་སྒྲུང་གཏམ་གྱི་ལྷུག་བརྗོད་དེ་ནི་ངེས་པར་སྣང་བརྙན་གསར་བཞེངས་བྱེད་པའི་ཐད་ལ་གཞོལ་ཡོད་པ་རེད། དེ་མ་གཏོགས་གསར་འགྱུར་བཤད་པ་ལྟ་བུའི་སྟབས་བདེའི་ངོ་སྤྲོད་ཙམ་མམ། སྣང་བརྙན་ཅི་ཡང་མེད་པ་ཞིག་ཡིན་ཚེ་སྤྱིར་བཏང་གི་གཏམ་རྒྱུད་ཙམ་དུ་གྱུར་པ་རེད།

དྲི་བ། གང་འདྲ་ཞིག་ཡིན་ན། ད་གཟོད་ཕུལ་དུ་བྱུང་བའི་སྒྲུང་གཏམ་རིང་གྲས་ཤིག་ཏུ་བརྩི་ཆོག་པ་དང་སྒྲུང་རིང་གི་མཚན་ཉིན་དང་འཕྲོད།
དྲིས་ལན། ཕུལ་དུ་བྱུང་བའི་སྒྲུང་གཏམ་རིང་གྲས་ཤིག་ཡིན་པ་ན་ད་གཟོད་དེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་དང་འདི་འདུག་ཅེས་བརྗོད་ན་ཆོག་པ་མ་གཏོགས། ཕུལ་དུ་བྱུང་བའི་སྒྲུང་རིང་ཞིག་ལ་ཆ་རྐྱེན་འདི་དང་དེ་འཛོམས་དགོས་ཞེས་ཧ་ཅང་བརྗོད་དཀའ་མོ་རེད། དེ་ནི་མཚོན་བྱའི་འཚོ་བའི་གཏིང་ཟབ་ཚད་དང་སྒྱུ་རྩལ་གྱི་མཚོན་ཐབས། རྩོམ་མཁན་གྱི་བསམ་བློའི་ཕྱོགས་ལྷུང་བཅས་ཕྱོགས་མང་པོ་ཞིག་ནས་བལྟ་དགོས་རྒྱུ་རེད་སྙམ། སྤྱིར་སྒྲུང་རིང་ཞིག་ཡིན་ན་མཚོན་བྱའི་འཚོ་བའི་ཁྱོན་ཆེ་ཆུང་དང་ཡིག་གྲངས་ཀྱི་ཚད་ངེས་ཅན་ཞིག་གཏན་འཁེལ་བྱས་ཡོད་པ་ལྟར་རེད། མཚོན་བྱའི་ཁྱོན་གྱི་ངོས་ནས་བཤད་ན་དུས་རིམ་ངེས་ཅན་ཞིག་གི་འཚོ་བའི་ཕྱོགས་སོ་སོ་མཚོན་ཐུབ་པའི་མེ་ལོང་ལྟ་བུ་ཞིག་ཡིན་དགོས་པ་དང་། ཡིག་གྲངས་ཀྱི་ཆ་ནས་བཤད་ནའང་བོད་ཡིག་གི་ཚེག་བར་འབུམ་གཉིས་ཀྱི་ཡན་ཡིན་དགོས་པར་སྙམ། ད་ལྟའི་ཡིག་འབྲུ་བརྩི་ཚུལ་གྱི་འབུམ་གཉིས་ཡོད་པའི་སྒྲུང་རིང་སྐོར་ཞིག་ནི་རྒྱ་ཡིག་ཏུ་བསྒྱུར་ཚེ་སྒྲུང་རིང་གི་ཚད་གཞིར་སླེབས་དཀའ་བར་འདུག་སྙམ།

དྲི་བ། དེང་དུས་མི་མང་པོ་ཞིག་སྒྲུང་གཏམ་ལ་འཇུག་བཞིན་ཡོད། ཁོ་ཚོའི་སྒྲུང་ཐུང་འབྲིང་རིང་གསུམ་གང་རུང་ལ་མཚོན་ན་ཕྱི་རོལ་ཡུལ་གྱི་སྤྱི་ཚོགས་འཚོ་བར་གཞོལ་ཆེ་སྟེ། རྩོམ་པ་པོ་རང་ཉིད་བཤུ་འབྲི་བ་ཞིག་དང་པར་ལེན་མཁན་ཞིག་གི་ཚུལ་བཟུང་འཛིན་པ་དང་། གསར་འགྱུར་འབྲི་བ་ལྟ་བུ་ཉམས་ཙམ་ལས་ཡུལ་ཅན་གྱི་བྱེད་ནུས་རྩོམ་ནང་རྩ་བ་ནས་ཐོན་མེད་ཅེས་ན་རྒན་ལགས་ཀྱིས་ཅི་ཟེར།
དྲིས་ལན། སྒྲུང་གཏམ་རིང་ཐུང་གང་ཡིན་ཡང་ཕྱི་རོལ་ཡུལ་གྱི་སྤྱི་ཚོགས་འཚོ་བ་ལ་གཞོལ་དགོས་པ་ཡིན་ཏེ། དེའི་རྒྱུ་མཚན་གྱིས་རྩོམ་རིག་སྒྱུ་རྩལ་གྱི་འབྱུང་ཁུངས་ནི་སྤྱི་ཚོགས་འཚོ་བ་ཡིན་ཞེས་བཤད་པ་ལོས་ཡིན། ཡིན་ནའང་རྩོམ་པ་པོས་ཕྱི་རོལ་ཡུལ་གྱི་སྤྱི་ཚོགས་འཚོ་བ་བླང་དོར་ཡོད་པའི་སྒོ་ནས་ཞུན་བརྡར་དང་ལས་སྣོན་མ་བྱས་པར་ཇི་མ་ཇི་བཞིན་དུ་འབྲི་བ་སྟེ་པར་བླངས་པ་ལྟར་བྲིས་ཚེ། བརྩམས་ཆོས་ཀྱི་སྒྱུ་རྩལ་གྱི་བདེན་པ་ཞེས་པ་ནམ་ཡང་གླེང་ཐབས་མེད་པར་གྱུར་པ་རེད། ངའི་ཚོར་སྣང་ཞིག་ལ་ད་ལྟའི་བོད་ཀྱི་སྒྲུང་གཏམ་འབྲི་བ་དེ་ཁ་ཕྱོགས་གཉིས་སུ་གྱེས་ཡོད་པ་ལྟར་སྣང་སྟེ། གཅིག་གིས་ནི་བོད་མི་རིགས་ཀྱི་རྗེས་ལུས་དང་མུན་འཐོམས་ཀྱི་བྱ་སྤྱོད་སྐོར་ཞིག་དང་། དངོས་ཡོད་འཚོ་བའི་ཁྲོད་ཀྱི་དཔོན་ངན་རྣམས་ཀྱི་རུལ་སུངས་ཀྱི་བྱ་སྤྱོད་རིགས་ལ་མཚང་འབྱིན་དགག་རྒྱག་བྱེད་པ་གཙོ་བོར་དམིགས་ཡོད་ལ། འདི་ནི་ཕལ་ཆེར་ཁྱོད་ཀྱིས་བཤད་ཀྱིན་པའི་ཕྱི་རོལ་སྤྱི་ཚོགས་འཚོ་བར་གཞོལ་ཆེ་བ་ཟེར་བ་དེ་ཨེ་ཡིན་ནམ། ཅིག་ཤོས་ཀྱིས་མི་སྣའི་ནང་སེམས་སྔོག་འདོན་ལ་འབད་དེ་བོད་མིའི་རིག་གནས་ཀྱི་ནང་སྙིང་དུ་གྱུར་པའི་བྱམས་སྙིང་རྗེ་དེ་ཕྱི་ལ་སྒྲོག་ཅི་ཐུབ་ལ་འབད་ཀྱིན་འདུག འདི་ལ་རྩོམ་པ་པོ་གྲགས་ཅན་ཚེ་རིང་ནོར་བུ་ལགས་ཀྱིས། སྐྱེ་བོ་ཕལ་ཆེར་ནོར་གྱི་དབང་དུ་གྱུར་ནས་མི་ཆོས་གཙང་མ་ཡལ་བ་དང་། དཔའ་མཛངས་ཉམས་ཤིང་རྒུད་ལ། སྡུག་རུས་བོར་བའི་དུས་རབས་འདིར། རྩོམ་རིག་གིས་ཕྱི་རོལ་ཡུལ་ལས་འདས་པའི་ཡུལ་ཅན་ནང་སེམས་ཀྱི་འཇིག་རྟེན་དེ་ཉིད་ཕྱི་ལ་སྒྲོག་པའི་སྤོབས་པ་རྙེད་དགོས། བྱམས་སྙིང་རྗེའི་སེམས་ཀྱི་བདེ་བ་འཚོལ་རྒྱུ་དེ་ནི་བོད་ཀྱི་རིག་གནས་ཀྱི་ནང་སྙིང་ཡང་ཡིན་ནོ་ཞེས་གསུངས་པ་ལྟར་རོ།

དྲི་བ། ད་ལྟར། སྒྲུང་འབྲི་མཁན་ཁ་ཤས་ཀྱི་སྒྲུང་གཏམ་དུ་བྱུང་རིམ་ཡག་པོ་ཞིག་མེད་ཁར་ཐ་ན་གཏམ་རྒྱུད་ཡག་པོ་ཞིག་ཀྱང་འཆད་ཐུབ་མེད། དེ་ལྟ་བུ་དངོས་གནས་སྒྲུང་གཏམ་ཞིག་ལ་གོ་དཀའ་མོད། རྩོམ་རིག་གཞུང་ལུགས་ཀྱི་ཤེས་བྱ་དམན་པའི་མི་སྐོར་ཞིག་གིས་སྒྲུང་དེ་ལྟ་བུ་ཞིག་འཁྱོངས་ཡོད་ཚུལ་དང་ཉིག་འབྲི་རྩལ་ཁྱད་པར་བ་ཞིག་ཡིན་རེད་ཟེར། རྒན་ཁྱེད་ཀྱིས་བཀླགས་མྱོང་བའི་སྒྲུང་གཏམ་དུ་ངས་གོང་དུ་བཤད་པའི་སྣང་ཚུལ་དེ་དག་མཆིས་སམ།
དྲིས་ལན། ངའང་དེ་འདྲ་བ་མང་པོར་ཕྲད་མྱོང་། ཡིན་ནའང་ཞིབ་ཏུ་འདང་བརྒྱབ་ཚེ་དེ་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འཇུག་པའི་ལས་དང་པོ་བ་ཞིག་གི་ངོས་ནས་བཤད་ན་ངེས་པར་ཡོད་སྲིད་པ་ཞིག་ཀྱང་རེད། ངོ་མ་བཤད་ན་ང་རང་ཉིད་ཀྱིས་ཀྱང་དེ་ལྟ་བུའི་རྩོམ་ཡིག་བྲིས་མྱོང་། ཡིན་ནའང་མི་སྐོར་ཞིག་གིས་ཁོ་ཚོར་དེ་ལྟར་བསྟོད་ར་བྱེད་ཀྱིན་པ་ནི་ཁོ་ཚོའི་གསར་རྩོམ་ལ་རྒྱབ་སྐྱོར་བྱེད་པའི་རྣམ་འགྱུར་ཙམ་ཡིན་པ་ལས་གནད་དོན་གཞན་མེད་སྙམ། ཉེ་བའི་ལོ་འདི་དག་གི་རིང་ལ་ཤིན་ཏུ་ཧ་གོ་དཀའ་བའི་སྒྲུང་གཏམ་སྐོར་ཞིག་ཀྱང་འབྱུང་གིན་འདུག་སྟེ། དེ་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་སྐབས་ཀྱི་རྒྱ་ནག་གི་གདོང་མཆོངས་རྩོམ་རིག་གི་ཤན་ཞུགས་པ་ཡིན་པར་སྣང་། ཡིན་ནའང་སྐབས་དེའི་གདོང་མཆོང་རྩོམ་རིག་གི་རྒྱུན་དེའང་ཡུན་རིང་དུ་གནས་མ་ཐུབ་པར་སྣང་བས། འདི་ལྟར་བྲིས་ན་དགེ་མཚན་ཆེན་པོ་ཡོད་མེད་བཤད་དཀའ།

དྲི་བ། དེ་སྔ་སྐུ་ཞབས་ཡུམ་ཚེ་རིང་ལགས་ཀྱིས་བཅར་འདྲི་ཞིག་ལས“ངས་སྒྲུང་ཐུང་དང་སྒྲུང་འབྲིང་གི་ཐད་ནས་ཐོད་བརྒལ་ཆེན་པོ་ཞིག་མ་བྱུང་བར་དུ། སྒྲུང་རིང་ལ་འཇུག་རྒྱུ་མིན་ལ། གལ་སྲིད་སྒྲུང་རིང་ལ་ཞུགས་སྲིད་ནའང་། རི་མཐོ་ཞིང་ས་གཙང་བའི་རང་རེའི་ཁ་བ་ཅན་གྱི་ཡུལ་འདི་རུ་ཡིག་ཚོགས་ཀྱི་གད་སྙིགས་ཤིག་བསྐྱུར་ནས་འགྲོ་འདོད་མེད་དོ”ཅེས་པའི་གཏམ་ལ་དཔག་ཚེ་ཁོང་གི་གསར་རྩོམ་གྱི་དམིགས་ཡུལ་ཡག་ལ། གཟབ་ནན་གྱི་རང་བཞིན་མངོན་པ། རང་ཉིད་ལ་བཏོན་པའི་རེ་བ་འདི་ཙམ་གྱིས་ཀྱང་བོད་རྩོམ་ལ་འགན་འཁུར་གྱིན་པ་མཚོན། དེས་ན་རྒན་ཁྱེད་ལ་ཁོང་གི་ལྟ་ཚུལ་དང་བསྡོངས་བརྗོད་འདོད་པ་ནི་ཅི།
དྲིས་ལན། ཧ་ཧ། འདི་ནི་ཁོང་གིས་རང་ཉིད་ལ་བཏོན་པའི་རེ་བ་ཞིག་ཡིན་སྲིད་མོད། གལ་ཏེ་ང་ཚོ་ཚང་མས་བོད་རྩོམ་ལ་འགན་འདི་ལྟར་ཁུར་པ་ཡིན་ཚེ། བོད་ཡུལ་དུ་ད་དུང་ཡང་སྒྲུང་གཏམ་རིང་པོ་ཞིག་བྱུང་ཡོད་མེད་བཤད་དཀའ་རྒྱུ་རེད། ངས་བལྟས་ན་བོད་ཀྱི་མིག་སྔའི་བར་བྱུང་བའི་སྒྲུང་རིང་གི་སྤུས་ཚད་དང་གྲངས་ཚད་གང་གི་ཆ་ནས་ཀྱང་ཧ་ཅང་དམའ་མོར་འདུག་ཀྱང་། རྩོམ་མཁན་དག་གིས་དཀའ་བ་དུ་མ་ཕྲག་ཏུ་བླངས་ནས་རང་རང་སར་ཤུགས་བསྐྱེད་ནུས་འདོན་བྱས་པའི་འབྲས་བུ་རེད་པས། འདི་ནི་ཁོ་རང་ཚོའི་གསར་རྩོམ་གྱི་བློ་ཁ་བརྟན་པོ་ཡོད་པ་དང་བོད་ཀྱི་རྩོམ་རིག་ལ་འགན་ཁུར་པའི་རྣམ་འགྱུར་ཞིག་རེད་སྙམ་གྱིན་ཡོད། ང་རང་ཉིད་ལ་མཚོན་ནའང་སྒྲུང་གཏམ་རིང་ཐུང་ཅི་ཞིག་འབྲི་བའང་སྦྱོང་བརྡར་ཞིག་ཏུ་ངོས་འཛིན་གྱིན་ཡོད་དེ། དེའི་རྒྱུ་མཚན་ནི་ཕྱི་མ་ཕྱི་མ་དེ་དག་སྔ་མ་སྔ་མ་ལས་ལེགས་པའི་རེ་བ་ཡོད་པས་ཡིན།

དྲི་བ། རྩོམ་ལུས་རིགས་བཞིའི་ངོས་ནས་རྒན་ཁྱེད་ཀྱིས་སྒྲུང་གཏམ་དང་ལྷུག་རྩོམ་ལས་གཞན་སྙན་ངག་སོགས་གསར་རྩོམ་མི་བྱེད་པ་ཅི། ཡང་ན། སྒྲུང་གཏམ་འབྲི་དཀའ་བ་ཡིན་ནམ། སྙན་ངག་སོགས་འབྲི་སླ་བ་རེད། ཡང་ན། སྙན་ངག་སོགས་འབྲི་དཀའ་བས་ད་གཟོད་སྒྲུང་གཏམ་གྱི་ལས་སུ་འཇུག་པ་ཡིན། གཞན། ཁྱེད་ཀྱིས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་སྒྲུང་གཏམ་ལས་གཞན་རྩོམ་ལ་གཞན་དང་གཞན་ལ་དོ་སྣང་བྱེད་ཀྱི་ཡོད་དམ།
དྲིས་ལན། དྲི་བ་འདིར་ངས་གོང་རོལ་ནས་ལན་བཏབ་ཟིན་པ་འདྲ་མོད། རྩོམ་ལུས་རིགས་བཞིའི་ནང་ནས་ངས་འཁྲབ་གཞུང་འབྲི་བར་ཚོད་ལྟ་བྱས་མ་མྱོང་བ་མ་གཏོགས། ལྷུག་རྩོམ་ཡང་བྲིས་མྱོང་ལ་སྙན་ངག་ཀྱང་བྲིས་མྱོང་། སྙན་ངག་དང་ལྷུག་རྩོམ་ཡང་འབྲི་ལོས་དཀའ་མོད། དེ་དག་ལས་ཀྱང་སྒྲུང་གཏམ་འབྲི་བ་ཧ་ཅང་དཀའ་བར་མ་ཟད། ཐ་ན་ལས་ཚེགས་ཁོ་ནའི་ཐད་ནས་ཀྱང་ངས་མ་བཤད་ཀྱང་ཚང་མས་མཁྱེན་རྒྱུ་རེད། ཡིག་འབྲུ་འབུམ་ཕྲག་འགའ་རེ་སྨྱུ་གུའི་རྩེ་མོས་འབྲི་དུས་ལན་རེར་འུ་ཐུག་པའི་སྐབས་ཀྱང་འདུག དེ་བས་དེ་སྔོན་ང་དང་གྲོགས་པོ་སྙན་ངག་པ་འགའ་ལྷན་དུ་འཛོམས་ཏེ་ཀུ་རེ་རྩེ་བའི་སྐབས་སུ། ངས་ཁོ་ཚོར། སྙན་ངག་ནི་སྒྱིད་ལུག་རྩོམ་རིག་རེད་ཅེས་ཀུ་རེ་རྩེ་བ་ན། ཁོ་ཚོ་ཧ་ཅང་མ་དགྱེས་པའི་རྣམ་འགྱུར་བསྟན་བྱུང་། ཧ་ཧ་ཧ། ཀུ་རེ་ནི་ཀུ་རེ་ལ་དབང་བ་རེད། ངས་ནི་དུས་རྒྱུན་དུ་སྒྲུང་གཏམ་གསར་རྩོམ་གྱི་ལས་ཁོ་ན་གཙིགས་སུ་བཟུང་བ་ཡིན་མོད། ལན་རེར་གཞུང་སྒེར་གང་རུང་གིས་གཉེར་བའི་དུས་དེབ་རྩོམ་སྒྲིག་པ་དག་གིས་སྙན་ངག་དང་ལྷུག་རྩོམ་སྐོར་རྩོམ་སློང་བྱས་པ་ན་ཁོ་ཚོའི་རེ་བའང་མི་སྐོང་ཀ་མེད་རེད།

དྲི་བ། དེང་རབས་རྩོམ་རིག་ལ་མཛུབ་སྟོན་ཀེར་བྱེད་ཀྱི་གཞུང་ལུགས་གསར་པ་རང་ཅག་ལ་ད་ལྟ་ད་དུང་མེད། ངས་འདི་ལ་དམིགས་གཏད་དེ་རྩོམ་པ་པོ་རྒན་པ་དང་ཉམས་མྱོང་ཅན། རྩོམ་རིག་གསར་རྩོམ་ལ་འབད་ཀྱིན་པའི་གྲུབ་འབྲས་ཅན་གྱི་མི་སྣ་དག་ལ་བཅར་འདྲི་ཞུ་བཞིན་ཡོད། མི་འགྱང་བར་ཆེད་དུ་རྩོམ་རིག་རྐྱང་བའི་བཅར་འདྲི་དེབ་ཅིག་བཟོ་འཆར་ཡོད། རྒན་ལགས་ཀྱིས་ངའི་ལས་ཀ་འདི་ལ་བསམ་འཆར་དང་དེང་རབས་རྩོམ་རིག་ལ་གཞུང་ལུགས་འཛུགས་སྐྲུན་བྱེད་དགོས་པའི་སྐོར་ལ་ལྟ་ཚུལ་རེ་འཆད་ཅིག
དྲིས་ལན། འདི་ནི་ངོ་མ་བསམ་ཚུལ་ལེགས་པོ་ཞིག་རེད། རྒྱ་ནག་ལ་མཚོན་ནའང《རྩོམ་རིག་རྣམ་བཤད》ཅེས་པའི་གཞུང་ལུགས་ཀྱི་དཔེ་ཆ་ཞིག་ཡོད་ཀྱང་། དེ་ཁོ་ནས་རྩོམ་རིག་གསར་རྩོམ་ལ་ཕན་ཐོགས་ཆེན་པོ་འབྱུང་མི་ནུས་པར་འདུག དེ་དང་བསྡུར་ན《སྒྲུང་གཏམ་གྱི་སྒོ》ཟེར་བ་ཞིག་ཡོད་པ་དེ་ནི་ཅུང་བཟང་བར་བཤད་ཀྱང་ད་བར་མཇལ་མ་ཐུབ་པར་ཕངས་སེམས་ཆེ། ང་ཚོ་བོད་ལ་མཚོན་ནའང་། སྔོན་ཆད་རྒྱ་འགྱུར་མའི《སྙན་ངག་མེ་ལོང》བོད་ཀྱི་མཁས་པས་བརྩམས་པའི་དེའི་འགྲེལ་བ་སོགས་མང་པོ་ཞིག་ཡོད་ནའང་། དེང་རབས་རྩོམ་རིག་ཐད་ནས་རྒྱ་ཡིག་གི《རྩོམ་རིག་རྣམ་བཤད》ལ་གཞི་བཅོལ་བ་འགའ་རེ་འདུག་ཀྱང་། དེས་རྩོམ་ཡིག་གི་རྒྱུན་ཤེས་ཙམ་ངོ་སྤྲོད་བྱས་པ་ཙམ་ལས་རྩོམ་འབྲིར་ཇི་ལྟར་འཇུག་ཚུལ་གྱི་གནད་དེ་གསལ་བཤད་བྱེད་ཐུབ་ཀྱི་མི་འདུག དེས་ན་ང་ཚོར་ཡང་གསར་རྩོམ་པ་རྣམས་ཇི་ལྟར་གསར་རྩོམ་བྱེད་པའི་ཐད་བློ་སྒོ་འབྱེད་ནུས་པའི《སྒྲུང་གཏམ་ལ་འཇུག་པའི་སྒོ》ཡང་ན《གསར་རྩོམ་ལ་འཇུག་པའི་སྒོ》ཞིག་བསྐྲུན་དགོས་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་པའི་དོན་ཞིག་རེད་འདུག་སྙམ་གྱིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1