ཟླ་བ་11པའི་ཚེས་11ཉིན། སི་ཁྲོན་ཞིང་ཆེན་བཟོ་རིག་མཛེས་རྩལ་ལས་རིགས་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། སི་ཁྲོན་ཁམས་པ་ཏྲ་བཟོ་རིག་སྒྱུ་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་འགན་སྒྲུབ་གནང་བའི་བོད་ཀྱི་འབུར་གཟུགས་སྒྱུ་རྩལ་མཐོ་རིམ་བགྲོ་གླེང་དང་«ཨ་ཆུང་བཟོ་རིག་གཅེས་བཏུས།»«ཨ་ཆུང་ཞལ་འབག་བཟོ་རྩལ»དཔེ་དེབ་འགྲེམས་སྤེལ་དབུ་འབྱེད་ཚོགས་འདུ་ཁྲི་འདུ་གྲོང་ཁྱེར་གྱི་སེམས་ཀྱི་ཉི་ཟླ་གསོལ་མགྲོན་ཁང་དུ་འཚོགས།
ཉིན་དེའི་མཛད་སྒོའི་ཐོག་སི་ཁྲོན་ཞིང་ཆེན་གྱི་སྔོན་གྱི་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཡངས་གླིང་རྡོ་རྗེ་ལགས་དང་། སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གི་ཐིང་ཀྲང་ཡེ་ཤེས་ཟླ་བ་། ཀྲུང་གོ་མི་རིགས་དམངས་ཁྲོད་བཟོ་རིག་མཛེས་རྩལ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཏོན་ཞའོ་ཡུའུ། ཀྲུང་གོ་བཟོ་རིག་མཛེས་རྩལ་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་། སི་ཁྲོན་ཞིང་ཆེན་བཟོ་རིག་མཛེས་རྩལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཝུའུ་ཏི་མེན་གཙོས་པའི་དབུ་ཁྲིད་དང་། བོད་རྒྱའི་འབུར་གཟུགས་རིག་པའི་ཆེད་མཁས་པ་བདུན་ཅུ་ལྷག་དང་། བོད་ཀྱི་བླ་སྤྲུལ་དགེ་བཤེས་མཁན་པོ་བརྒྱ་ལྷག །སློབ་ཆེན་གྱི་དགེ་རྒན་དང་འབུམ་རམས་པ། དེ་བཞིན་མི་རིགས་དཔེ་སྐྲུན་ཁང་དང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཀྲུང་གོའི་གཏོང་སྦྱོར་སློབ་ཆེན། ཀྲུང་དབྱང་མཛེས་རྩལ་སློབ་གླིང་། སི་ཁྲོན་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན་སོགས་ཀྱི་མཁས་བརྒྱ་ཙམ་དང་གསར་འགྱུར་འཕྲིན་སྦྱོར་སྡེ་ཁག་སོ་སོའི་ལས་དོན་པ་སོགས་མཛད་སྒོའི་ནང་ཞུགས་ཡོད།
སྔ་དྲོར། «ཨ་ཆུང་བཟོ་རིག་གཅེས་བཏུས།»«ཨ་ཆུང་ཞལ་འབག་བཟོ་རྩལ»དཔེ་དེབ་འགྲེམས་སྤེལ་དབུ་འབྱེད་མཛད་སྒོ་འཚོགས་ཤིང་། གདན་ཞུའི་དབུ་ཁྲིད་དང་ཆེད་མཁས་པས་དཔེ་དེབ་གསར་པའི་ཞལ་ཁ་ཕྱེས་ཤིང་། ཨ་ཆུང་གིས་ཚོགས་འདུའི་ཡུལ་དངོས་སུ་འབུར་གཟུགས་ཀྱི་སྐུ་བརྙན་བཅའ་བཟོ་གནང་།
«ཨ་ཆུང་བཟོ་རིག་གཅེས་བཏུས»«ཨ་ཆུང་ཞལ་འབག་བཟོ་རྩལ»དེབ་སྤུས་ལེགས་གཉིས་ནི་ཀླུ་རྡེའུ་རྟ་མགྲིན་སྐྱབས་ལགས་ཀྱིས་སྒྲིག་རྩོམ་བྱས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་རེད། «ཨ་ཆུང་བཟོ་རིག་གཅེས་བཏུས»ཞེས་པ་ནི་འཛམ་གླིང་འབུར་གཟུགས་སྤྱི་བཤད་དང་། འབུར་སྐུའི་ཐིག་ཡིག་བློ་གསལ་སྤྱི་ནོར། འབུར་ཐིག་བསྡུས་པ་མེ་ལོང་མ། ཞལ་ཐང་དང་རྒྱན་རིས་པ་ཏྲ། ཤིང་བརྐོས། རྡོ་བརྐོས། འཚེམ་དྲུབ། ཞལ་འབག འཇིམ་བཟོ། མར་རྒྱན་མེ་ཏོག་མཆོད་པ། མགར་བཟོ། རྡུལ་ཚོན་ཕྱེ་མ།ལུགས་སྐུ་སོགས་ཀྱི་བདག་ཉིད་ཀྱིས་གྲུབ་ཅིང་། པར་རིས་ལྔ་བརྒྱ་ལྷག་བཀོད་ཡོད།«ཨ་ཆུང་ཞལ་འབག་བཟོ་རྩལ»ཞེས་པ་ནི་ཞལ་འབག་ལག་ལེན་རྣམ་བཤད་དང་། ཞལ་འབག་ཐིག་ཡིག གླིང་གི་དཔའ་རྟུལ་གྱི་ཞལ་འབག ཆོས་ལུགས་ཞལ་འབག་སོགས་བསྡུ་སྒྲིག་བྱས་ཡོད། དེབ་སྤུས་ལེགས་འདི་གཉིས་ནི་ལྷ་བཟོ་ཨ་ཆུང་ལགས་ཀྱིས་ལོ་ངོ་༥༠རིང་བོད་ཀྱི་བཟོ་རིག་པ་དང་། ལྷག་པར་བོད་ཀྱི་འབུར་གཟུགས་རིག་གནས་ལ་ཞིབ་འཇུག་དང་བཅས་ལག་ལེན་དོན་གཉེར་མཛད་པའི་གྲུབ་འབྲས་ཀྱི་ཕྱོགས་བསྡུས་ཤིག་ཡིན་ཞིང་། དེ་ལ་སྒྱུ་རྩལ་གྱི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་། གཞུང་ལུགས་ཀྱི་རིན་ཐང་། མཛེས་དཔྱོད་ཀྱི་རིན་ཐང་། དེ་བཞིན་དུ་སྤྱི་ཚོགས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད།
ཕྱི་དྲོར། བོད་ཀྱི་འབུར་གཟུགས་སྒྱུ་རྩལ་མཐོ་རིམ་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། ཕྱོགས་སོ་སོ་ནས་ཕེབས་པའི་ཆེད་མཁས་པ་དང་བཟོ་རིག་ལག་རྩལ་པ་རྣམས་ཀྱིས་བོད་ཀྱི་འབུར་གཟུགས་སྒྱུ་རྩལ་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོའི་སྐོར་ནས་དགོངས་ཚུལ་ལྷུག་པོ་གནང་།
གཞན་བདེ་མཆོག་སྐྱབས་དང་བྱམས་པ་གཡང་འཛོམས། དབང་ཆེན་ལྷ་མོ་སོགས་ཀྱིས་བོད་མདོ་དབུས་ཁམས་ཀྱི་སྐད་དང་དམིགས་བསལ་རྒྱལ་རོང་སྐད་དང་རྒྱ་སྐད། དབྱིན་སྐད་བཅས་སྐད་རིགས་དྲུག་གི་སྒོ་ནས་མདོ་འཛིན་བྱས་ཤིང་། བོད་ཀྱི་གླུ་པ་གྲགས་ཅན་དཔལ་མགོན་དང་སྒྲོལ་མ་སྐྱབས་སོགས་ཀྱིས་གླུ་ངག་གི་ལེགས་སྐྱེས་ཕུལ།