༄༅།། བོད་ཀྱི་སྙན་ངག་དང་ཚིག་རྒྱན་རིག་པའི་སྐོར་གྱི་གནད་དོན་འགའ་གླེང་བ།

བསོད་ནམས་གཡང་འཛོམས། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ཀྱི་ཤེས་རིག སྤེལ་དུས། 11-14


བསོད་ནམས་གཡང་འཛོམས།
             བོད་ཀྱི་སྙན་ངག་ལ་ངོས་འཛིན་ཇི་ལྟར་བྱེད་རྒྱུ་དང་། སྙན་ངག་དང་ཚིག་རྒྱན་བར་གྱི་འབྲེལ་བ་ཅི་ཡིན། ཅི་ཞིག་ལ་རྩོམ་རིག་གི་ལུས་ཀྱི་ཡ་གྱལ་དུ་གྱུར་པའི་སྙན་ངག་ཅེས་པ་སོགས་ཀྱི་གནད་དོན་ཐག་གཅོད་རྒྱུ་ནི་སྙན་ངག་དང་ཚིག་རྒྱན་རིག་པར་ཞིབ་འཇུག་བྱེད་པའི་རྨང་གཞིའམ་སྔོན་འགྲོའི་ཆ་རྐྱེན་ཞིག་རེད།  
             དེ་ནི་ད་དུང་རྩོམ་རིག་གི་རིགས་པའི་གཞུང་ཙགས་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ་དང་འབྲེལ་བ་ཡོད་ལ་རྩོམ་རིག་གི་ལག་ལེན་དངོས་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཀྱང་རེད། གནད་དོན་དེ་དག་ལ་ཚན་རིག་དང་མཐུན་པའི་དཔྱད་པ་གཏོང་བ་ལ་སྐྱེས་སྦྱངས་ཀྱི་ཤེས་རབ་ཕྲ་བའི་ལས་དང་པོ་བ་ཕྲན་ལྟ་བུས་དགག་སྒྲུབ་ཀྱི་ཁུར་ལེན་པའི་འོས་སུ་མི་ཆེ་རུང་། བོད་ཀྱི་རྩོམ་རིག་དང་ཚིག་རྒྱན་རིག་པར་ཞིབ་འཇུག་གི་བྱ་བ་གཏིང་ཟབ་དང་སྒོ་ཀུན་ནས་སྤེལ་རྒྱུར་ཀུ་ཤའི་རྩེ་མོས་བླངས་པའི་ཆུ་ཐིགས་ལྟ་བུའི་ནུས་པ་ཐོན་རེའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་རང་གི་མྱོང་ཚོར་རམ་ལྟ་ཚུལ་དཔྱོད་ལྡན་དག་གི་སྤྱན་སྔར་བསྟར་འདོད་པ་འདི་ལྟ་སྟེ།   
             གཅིག བོད་ཀྱི་རྒྱུན་སྲོལ་སྙན་ངག་གི་གོ་དོན།   
             སྙན་ངག་ཅེས་པའི་མཚན་གཞི་མཚན་ཉིད་དང་བཅས་རྒྱས་པར་བསྟན་པ་ནི་གཞུང་མེ་ལོང་མ་བོད་དུ་བསྒྱུར་བ་ནས་བཟུང་བྱུང་བ་ཞིག་རེད། མེ་ལོང་མའི་རྩ་བ་ལས“ལུས་དང་རྒྱན་ཡང་རབ་ཏུ་བསྟན①”ཞེས་དང་མེ་ལོང་མ་མ་བསྒྱུར་སྔོན་ཙམ་དུ་ས་པཎ་གྱིས་སྙན་ངག་མེ་ལོང་མ་ཐོག་མར་བོད་ལ་ངོ་སྤྲོད་མཛད་སྐབས་ཀྱང“སྙན་ངག་ལ་ནི་ལུས་དང་རྒྱན། །རྣམ་པ་གཉིས་་བསྡུས་ཏེ་བཤད་②”ཅེས་གསུངས་པ་ལྟར་ན་སྙན་ངག་ནི་ལུས་དང་རྒྱན་གྱི་ཚོགས་པའི་རང་བཞིན་ཞིག་ཡིན་པར་བསྟན། མེ་ལོང་མའི་རྩ་ཚིག་ལས་“ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱི་རྣམ་བཅད་ཚིག་གི་ཕྲེང་། །དེ་ཡང་ཚིགས་བཅད་ལྷུག་པ་དང་།།སྤེལ་མ་རྣམ་གསུམ་ཉིད་དུ་གནས③”ཞིས་གང་ཞིག་སྙན་ངག་གི་ལུས་ཡིན་པར་བསྟན། དེ་ལ་རྩ་ཚིག་གི་དག་ཆར“ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱི་རྣམ་བཅད་ཚིག་གི་ཕྲེང④”ཞེས་དང“ལུས་ནི་རེ་ཞིག་འདོདཔ་ཡི། །དོན་གྱི་རྣམ་དཔྱད་ཚིག་གི་ཕྲེང⑤”ཞེས“བཅད”དང“དཔྱད”ཀྱི་འབྲི་སྟངས་མི་འདྲ་བ་གཉིས་བྱུང་བས་བོད་ཀྱི་སྙན་འགྲེལ་མཁན་ཚོས་འགྲེལ་བཤད་མི་འདྲ་བ་ཁ་ཤས་མཛད་ཡོད་ཀྱང་། མདོར་ན“སྙན་ངག་གི་ལུས་ནི་རེ་ཞིག་ཅེས་རྩོམ་པའི་སྐབས་དེར།  རང་གིས་གང་བརྗོད་བྱར་འདོད་པ་ཡི་དོན་གྱི་རྣམ་པར་བཅད་པའམ་ཁྱད་པར་དུ་བྱས་པའི་ཚིག་གི་ཕྲེང་བའམ་ངག་གི་རྒྱུན་དེ་ཉིད་ལ་འདོད་དོ⑥་ཞེས་དང་། ཡང་ན“སྙན་ངག་གི་ལུས་ཀྱི་མཚན་ཉིད་གང་ཞེ་ན། དེ་ལ་རེ་ཞིག་སྨྲ་བ་པོའི་བརྗོད་འདོད་ཀྱིས་ཀུན་ནས་བསླངས་པའི་བརྗོད་བྱ་གང་ཞིག   ཚིག་རྒྱན་གྱི་བསྟན་བཅོས་ལས་བཤད་པའི་ངེས་པ་ལས་མ་འདས་པར་དོན་དང་དོན་མ་ཡིན་པ་གང་དག་རྣམ་པར་དཔྱད་ནས་རྗོད་བྱེད་ཚིག་གི་ཕྲེང་བ་ལེགས་པར་སྤེལ་བ་ཞིག་ཡིན⑦”ཞེས་པའི་འགྲེལ་སྟངས་མི་འདྲ་བ་གཉིས་ཀྱི་ཁོངས་སུ་འདུ་བ་ཡིན། འོན་ཀྱང་སྙན་ངག་གི་ལུས་ནི་ངག་གི་རྒྱུན་ནམ་ཚིག་གི་ཕྲེང་བ་ཡིན་པ་དེ་བོད་ཀྱི་སྙན་འགྲེལ་མཁན་ཡོངས་རྫོགས་ཀྱི་གཅིག་མཐུན་པའི་ལྟ་ཚུལ་དུ་སྣང་ངོ་། དེ་ནས་རྩ་ཚིག་ལས“སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད⑧”ཅེས་གང་ཞིག་སྙན་ངག་གི་རྒྱན་ཡིན་པར་བསྟན། དེ་ལ་བོད་ཀྱི་སྙན་འགྲེལ་མཁན་ཚོས“སྙན་ངག་གི་ལུས་བཅད་ལྷུག་སྤེལ་མ་གསུམ་དང་ལྡན་པ་དེ་མཛེས་པར་བྱེད་པའི་ཁྱད་པར་གྱི་ཆོས་རང་བཞིན་བརྗོད་པ་སོགས་ཀྱི་སྦྱོར་བ་སྣ་ཚོགས་རྣམས་རྒྱན་ཞེས་རབ་ཏུ་བརྗོད་དོ⑨” ཞེས་བཅད་ལྷུག་སྤེལ་མ་གསུམ་གྱི་ལུས་དེ་ཡོངས་པར་བྱེད་པའི་ཁྱད་པར་གྱི་ཆོས་སམ་ཡོན་ཏན་རྣམས་ལ་སྙན་ངག་གི་རྒྱན་ཞེས་ཞལ་གཅིག་ཏུ་འགྲེལ་བ་ལས་འགྲེལ་སྟངས་མི་འདྲ་བ་མ་བྱུང་། དེར་བརྟེན་སྙན་ངག་ཅེས་པ་ནི་རྗོད་བྱེད་ཚིག་གི་ཕྲེང་བ་སྟེ་ལུས་དང་ཚིག་གི་ནུས་པ་ཇེ་ཆེར་གཏོང་བའི་ཐབས་ཏེ་རྒྱན་གྱི་གྲུབ་ཆ་གཉིས་འདུས་པའི་ཚོགས་པའི་རང་བཞིན་ཞིག་ལ་བརྗོད་པ་མངོན་པར་གསལ། འོ་ན་བོད་ཀྱི་གསོ་རིག་པ་དང་སྙན་ངག་མཁན་ཆེན་པོ་ཟུར་མཁར་བ་བློ་གྲོས་རྒྱལ་པོས་སྐྱེས་བུའི་ལུས་སྲོག་རྒྱན་གསུམ་དཔེར་བཞག་སྟེ་སྙན་ངག་ལ་ལུས་སྲོག་རྒྱན་གསུམ་གྱི་དབྱེ་བ་མཛད་སྟབས་སྙན་ངག་ལ་ལུས་རྒྱན་གཉིས་ཙམ་མ་ཟད་སྲོག་ཀྱང་ལྡན་པས། དེ་ལུས་རྒྱན་གཉིས་སུ་བགྲང་ཚུལ་དང་འགལ་བར་གྱུར་པ་མ་ཡིན་ནམ་ཞེ་ན། བགྲང་ཚུལ་དེ་གཉིས་ལ་ངོ་བོའི་ཐོག་ནས་ཁྱད་པར་མེད་པ་ཞིག་ལ་སྣང་སྟེ་གྲུབ་ཆ་དེ་གསུམ་འདུས་པའི་ཚོགས་པའི་རང་བཞིན་ཞིག་ལ་སྙན་ངག་ཅེས་བྱ་སྟེ། ལུས་རྒྱན་གཉིས་སུ་བགྲང་སྐབས་སྙན་ངག་ལ་བརྗོད་བྱའམ་ནང་དོན་མི་དགོས་པའམ་མེད་པའི་དོན་སྟོན་པ་རྩ་བ་ནས་མིན་པར“འོ་ན་སྙན་ངག་ཆེན་པོ་དེས་བསྔགས་པར་བྱ་བའི་ཡུལ་ལམ་དེའི་བརྗོད་བྱ་ཅི་ཞིག་ཅེ་ན། “སྔོན་བྱུང་གཏམ་ལས་གྱུར་བའམ། །ཅིག་ཤོས་ལེགས་པ་ལ་བརྟེན་པ⑩”ཞེས་སྔོན་བྱུང་གཏམ་དང་ཅིག་ཤོས་སྡེ་བཞི་ལ་སོགས་པ་ནི་སྙན་ངག་གི་བརྗོད་བྱ་ཡིན་པར་བསྟན། དེ་བཞིན“གཉིས་པ་སྙན་ངག་ཆེན་པོའི་ལུས་ནི། སྔོན་བྱུང་གཏམ་ལས་གྱུར་པའམ། །ཅིག་ཤོས་ལེགས་པ་ལ་བརྟེན་པ⑾”ཞེས་སྔོན་བྱུང་གི་གཏམ་མམ་སྡེ་བཞི་ལ་སོགས་པའི་ནང་དོན་དེ་སྙན་ངག་གི་ལུས་ཀྱི་ཁོངས་སུ་བཞག་ཡོད། ད་དུང་སྡེ་བཞི་གཏམ་སོགས་ཀྱི་བརྗོད་བྱ་དེ་ལུས་རྒྱན་གང་རུང་དུ་འདུས་ཀྱང་འགྲིག་ཅེས་བཞེད་པའང་ཡོད། དེ་ལས་ལུས་རྒྱན་གཉིས་སུ་བགྲང་སྐབས་རྗོད་བྱེད་ཚིག་གི་ཕྲེང་བ་དང་ཚིག་རྒྱན་གྱི་གྲུབ་ཆ་གཉིས་ལྡན་པ་ཙམ་མ་ཟད་བརྗོད་བྱའི་དོན་ཡང་འདུས་ཡོད་པས་དོན་དམ་དུ་གྲུབ་ཆ་གསུམ་ཚང་བའི་ཚོགས་པའི་རང་བཞིན་ཞིག་ཡིན་པར་མངོན། དེས་ན་བགྲང་ཚུལ་དེ་དང་ལུས་སྲོག་རྒྱན་གསུམ་དུ་བགྲང་ཚུལ་གཉིས་ཀ་ལ་གྲུབ་ཆ་གསུམ་ཚང་ཡོད་པས་ངོ་བོ་གཞི་མཐུན་དུ་སྣང་། འོན་ཀྱང་བརྗོད་བྱའི་དོན་དག་ལུས་སམ་རྒྱན་གྱི་ཁོངས་སུ་འདྲེན་པའི་བགྲང་ཚུལ་ལ་བརྗོད་བྱའི་དོན་གྱི་སྲོག་ཤིང་ལྟ་བུའི་གནས་བབ་ཆེར་མི་དོད་པ་དང་།  བརྗོད་བྱ་དང་རྗོད་བྱེད་ཀྱི་གཙོ་ཕལ་གྱི་འབྲེལ་བ་ཁ་མི་གསལ་བའི་སྐྱོན་ནི་འབྱུང་། དེར་བརྟེན་སྙན་ངག་གི་བརྗོད་བྱ་སྡེ་བཞི་བསྡུས་པའི་དོན་རྣམས་ལ་སྲོག་དང་། རྗོད་བྱེད་ཀྱི་ཚིགས་བཅད་ལྷུག་སྤེལ་མ་གསུམ་ལ་ལུས། དོན་རྒྱན་སྒྲ་རྒྱན་གབ་ཚིག་རྣམས་ལ་རྒྱན་བཅས་ཀྱི་རྣམ་གཞག་གི་དབྱེ་བ་བཀར་ན་དཔེ་དོན་ཤིན་ཏུ་འཕྲོད་པའི་ངང་བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་བ་མཚོན་ཐུབ་པ་དང་། དེའི་ཐོག་ནས་ད་དུང་ནང་དོན་གྱིས་རྣམ་པ་ཐག་གཅོད་པའི་རྩོམ་རིག་གི་གནད་ཟབ་མོ་ཞིག་ཀྱང་གསལ་སྟོན་བྱས་ཡོད་པས་ན་དགེ་མཚན་གྱིས་ཕྱུག་པའི་བཞེད་སྲོལ་ཡིན་པ་གདོན་མི་ཟ།  
             གོང་གསལ་གྱི་གནད་དོན་རྣམས་མདོར་བསྒྲིལ་ན། སྙན་ངག་ཅེས་པ་ནི་ལུས་སྲོག་རྒྱན་གསུམ་ཚང་བའི་ངག་གི་ཕྲེང་བའམ་ཚིག་གི་སྦྱོར་བ་སྟེ་གྲུབ་ཆ་གསུམ་ཚང་བའི་ཚོགས་པའི་རང་བཞིན་ཞིག་ལ་བྱ་བ་གསལ་པོར་མཐོང་ཐུབ། དེ་ལྟར་ཚོགས་གསུམ་གྱི་བདག་ཉིད་ཅན་གྱི་སྙན་ངག་གམ་བོད་ཀྱི་རྒྱུན་སྲོལ་གྱི་རིགས་པའི་གཞུང་ལུགས་སྟེང་ནས་བསྟན་པའི་སྙན་ངག་དེ་ནི་རྩོམ་རིག་གི་ཞིབ་ཕྲའི་རྣམ་པའམ་རྩོམ་ལུས་ཤིག་མིན་ལ་ཚིག་རྒྱན་རྐྱང་པའི་གོ་དོན་ཞིག་ཀྱང་མིན་པ་ཤིན་ཏུ་གསལ། དེས་ན་འདིར་སྐབས་སུ་བབ་པའི་སྙན་ངག་གི་སྒྲའི་འཇུག་ཡུལ་ནི་སྒྲ་ཡངས་འཇུག་གི་དབང་དུ་འགྲོ་བ་ཡིན།   
             འོ་ན《སྙན་དངགས་མེ་ལོང》ཞེས་པ་དོན་དུ་ཅི་ཞིག་ཡིན་ཞེ་ན། དེའི་བརྗོད་བྱ་གཙོ་བོ་ནི་རྒྱ་གར་ཤར་ལྷོའི་རྩོམ་ཉམས་མི་འདྲ་བ་གཉིས་གཞིར་བཞག་གི་སྟེང་རྒྱ་གར་གྱི་མཁས་པ་ཚོས་བརྩམས་པའི་སྙན་རྩོམ་ནང་གི་རྒྱན་སྣ་ཚོགས་ཀྱི་སྙིང་པོ་བསྡུས་ཏེ་བརྩམས་པའི་རྒྱན་གྱི་བསྟན་བཅོས་ཤིག་རེད། དེའང་བརྗོད་བྱའི་ཉམས་གཙོ་བོར་འདོད་པ་ལ་དོན་གྱི་རྒྱན་དང་།རྗོད་བྱེད་ཚིག་གམ་སྒྲའི་ཉམས་གཙོ་བོར་འདོན་པ་ལ་སྒྲ་རྒྱན། བརྗོད་བྱའི་དོན་དངོས་སྦ་བའི་ཕྱིར་ཚིག་དོན་གཞན་གྱིས་བཀབ་ནས་བརྗོད་པ་གཙོ་བོར་བྱས་པ་ལ་གབ་ཚིག་གི་རྒྱན་ཞེས་གསུམ་དུ་ཕྱེས་ནས་བཤད་ཡོད། གཞུང་དེར་རྒྱན་ཙམ་མ་ཟད་ལུས་ཀྱི་སྐོར་དང་སྐྱོན་སེལ་གྱི་སྐོར་ཡང་བསྟན་ཡོད་པས་རྒྱན་རྐྱང་པའི་བསྟན་བཅོས་སུ་འགྲོའམ་ཞེ་ན། ལུས་ནི་དཔང་ལོས“ལུས་སྔོན་ལ་བཤད་པ་ནི་རྒྱན་གྱི་རྟེན་ཡིན་པས་སོ⑿”ཞེས་པ་ལྟར་ཚིག་རྒྱན་གྱི་སྦྱོར་ཡུལ་གང་ཡིན་བསྟན་པ་སྟེ་བཅད་ལྷུག་སྤེལ་མའི་ངག་གི་ཕྲེང་བ་ཡིན་པ་དེ་དང་། དེའང་ས་བཅད་དང་ནང་དོན་གཉིས་ཀ་ཧ་ཅང་ཉུང་ངུ་ཞིག་ལས་ཟིན་མེད་པས་བརྗོད་བྱ་གཙོ་བོ་ཡེ་ནས་མིན།  གཞན་ཡང《ཚིག་རྒྱན་གྱི་བསྟན་བཅོས་སྙན་ངག་གི་མེ་ལོང》དང་། 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པ།》 《རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ》སོགས་ལྟ་བུའི་ཐ་སྙད་འདོགས་ཚུལ་ལ་བལྟས་པ་ཙམ་གྱིས་ཀྱང་ཚིག་རྒྱན་ནི་གཞུང་དེའི་བརྗོད་བྱ་གཙོ་བོ་ཡིན་པ་ཤེས་ཐུབ། སྐྱོན་སེལ་གྱི་ས་བཅད་དུ་བསྟན་པའི་སྐྱོན་བཅུའི་ནང་ནས་རེ་ཟུང(བདུན་པ་དང་དགུ་པ་ལྟ་བུ)ཚིགས་བཙད་རྩོམ་ཡིག་གི་སྐྱོན་གྱི་ཁོངས་སུ་གཏོགས་པ་ཕུད། དེ་བྱིངས་ཚང་མ་ནི་མདོར་ན་གཏན་ཚིགས་དང་བརྡ་སྤྲོད་ཀྱི་སྐྱོན་གྱི་ཁོངས་སུ་འདུ། གཏན་ཚིགས་དང་བརྡ་སྤྲོད་རྣམ་པར་དག་པ་ཞིག་ཡོང་བ་བྱེད་རྒྱུ་ནི་ཚིག་རྒྱན་གྱི་སྦྱོར་བ་ལེགས་པར་སྤེལ་བའི་སྔོན་འགྲོའི་ཆ་རྐྱེན་ནམ་རྨང་གཞི་ཞིག་ཡིན། ཚིག་རྒྱན་གྱི་རྣམ་གྲངས་དང་སྦྱོར་ཚུལ་སྟོན་པའི་གཞུང་དུ་གཏན་ཚིགས་དང་བརྡ་སྤྲོད་ཀྱི་སྐྱོན་ཆ་འགོག་སེལ་དམིགས་སུ་བཀར་ནས་བསྟན་པ་ལ་དགོས་པ་དང་ཕན་པ་ཆེ། དཔེར་ན།   
             “མཚན་དགུང་ཉི་མའི་ཟེར་གྱིས་ཡོངས་སྨིན་པའི། །   
             དགུན་གྱི་པདྨ་ཡིད་འོང་གེ་སར་ཅན། །  
             སོས་ཀའི་ལྗོན་ཤིང་འབྲས་བུ་ལ་འཁུ་ཡང་། །   
             དབྱར་དུས་ཟླ་འོད་དྭངས་པས་ཟིལ་གྱིས་མནན⒀”   ཞེས་པ་ལྟ་བུའི་ཚིག་གི་ཕྲེང་བ་ཞིག་ལ་ཆ་མཚོན་ན་ཚིག་རྒྱན་གྱི་ཉིང་ཁུ་སྙན་འཇེབས་ཀྱི་རོ་རྒུས་ཇི་ཙམ་སྤུད་ཀྱང་རྩ་བའི་ཚིག་གི་མཚན་དགུང་གི་ཉི་མ་དང་། དགུན་གྱི་པདྨ། སོས་ཀའི་འབྲས་བུ། དབར་དུས་ཀྱི་ཟླ་འོད་དྭངས་པ་སོགས་ནི་འཇིག་རྟེན་ན་མི་སྲིད་པས་གཏན་ཚིགས་དང་འགལ་བའམ་རྒྱུ་མཚན་དང་མི་ལྡན་པས་ཚིག་རྒྱན་གྱི་དགོས་པ་ཡོངས་སུ་ཉམས།  དེ་བཞིན་དཔེར་ན།   
             “འབྲས་ལྡན་སྟོན་ལ(གྱི)ནམ་མཁའ་དྭངས་པའི་ངོས། །  
             དྲི་བྲལ་ཟླ་བར(བའི)བཞིན་རས་ལྷག་པར་གསལ།།   
             ལང་ལོང་སྤྲིན་དཀར་ཚོགས་ནས(ཀྱིས)རི་བོའི་རྩེ(རྩེར)།།   
             འགྱིང་ཞིང་གསོ་བའི(ན)འབྲུ་ཆང་འཐུང་དུས་སླེབས།།⒁”   
             ཞེས་པ་ལྟ་བུའི་ཚིག་གི་སྦྱོར་བ་ཞིག་ལ་སྙན་འགྱུར་འབུམ་སྡེའི་རྒྱུད་ལས་ཉེ་བར་དྲངས་པའི་ཚིག་གིས་ཇི་ལྟར་ལེགས་པར་སྤྲས་ཀྱང་རྩ་བའི་ཚིག་རྣམས་བརྡ་སྤྲོད་ཀྱི་གཞུང་དང་འགལ་བས་བརྗོད་བྱ་གང་ཡིན་ཙམ་སྟོན་མི་ནུས་སྟབས་ཚིག་རྒྱན་གྱི་བྱེད་ལས་ཏིལ་འབྲུ་ཙམ་མི་ཐོན། དེ་ལས་གཏན་ཚིགས་དང་བརྡ་སྤྲོད་ཡང་དག་པ་ཞིག་བྱེད་རྒྱུ་ནི་ཚིག་རྒྱན་ལེགས་པར་སྤེལ་བའི་རྨང་གཞི་འགངས་ཆེ་བ་ཞིག་ཡིན་པ་ཤིན་ཏུ་གསལ། དེར་བརྟེན་སྐྱོན་སེལ་གྱི་རྣམ་གཞག་ནི་ཚིག་རྒྱན་གྱི་མ་ལག་གི་ཁོངས་སུ་འཇོག་ཏུ་རུང་བས་མེ་ལོང་མ་ནི་རྒྱན་གྱི་རྣམ་གཞག་ཉེ་བར་སྟོན་པའི་བསྟན་བཅོས་འབའ་ཞིག་ཡིན་པ་ལ་བསྙོན་དུ་མེད་པ་ཡིན།   
             གཉིས། བོད་ཀྱི་སྙན་ངག་དང་ཚིག་རྒྱན་བར་གྱི་འབྲེལ་བ།   
             སྙན་ངག་དང་ཚིག་རྒྱན་བར་གྱི་འབྲེལ་བ་ཅི་ཡིན་ཐད་ལ་འཛིན་པའི་བོད་ཀྱི་སྙན་འགྲེལ་མཁན་རིམ་བྱོན་ཚོའི་བཞེད་ཚུལ་ནི་སྤྱིར་གོང་དུ་སྨོས་པའི་དོན་ཚན་ལས་རགས་རིམ་ཙམ་རྟོགས་ཐུབ། འདིར་ཞིབ་ཆ་གཏོད་པའམ་ཕྱོགས་བསྡོམས་ཞིག་བྱས་ན།སྔོན་བྱོན་སྙན་འགྲེལ་མཁན་རིན་སྤུངས་པ་སོགས་ཁ་ཅིག་གིས“ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས⒂”དང་། བོད་མཁས་པ་སོགས་ཁ་ཅིག་གིས་ནི་“སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས་⒃”ཞེས་གསུངས། འགྲེལ་ཚུལ་དེ་གཉིས་ནི་ཚིག་རིས་ཀྱི་ཆ་ནས་འགལ་བ་ལྟག་སྤྲོད་དུ་སྣང་བས་རྗེས་འཇུག་པ་མང་དག་ཅིག་འཁྲུལ་བའི་ལམ་དུ་འཕན་པའི་གཞིར་ཡང་གྱུར།   
             འོན་ཀྱང་བོད་མཁས་རང་གིས་ཀྱང“སྤྱིར་སྙན་ངག་ཅེས་པ་རྣ་བར་སྙན་ཞིང་ཡིད་འཕྲོག་པའི་ཚིག་དེ་ལ་གང་ཚིག་གི་སྦྱོར་བས་མཛེས་པར་བྱ་བའི་ཡུལ་ལམ་གཞིའམ་ཆོས་ཅན་ལ་ལུས་དང་། དེ་མཛེས་བྱེད་ཀྱི་ཆོས་ཚིག་གི་སྦྱོར་བ་རྣམས་ལ་རྒྱན་ཞེས་པའི་ཐ་སྙད་རྣམ་པར་བཞག⒄” ཅེས་གསུངས་པ་ལ་གཞིགས་ན་ཁོང་རྣམ་པ་ཡང་ཚིག་རྒྱན་དང་སྙན་ངག་གི་སྔ་ཕྱིའི་འགོད་ཕྱོགས་ཙམ་ལ་བཞེད་པ་མ་མཐུན་པ་མ་གཏོགས་དེ་གཉིས་ནི་ཆ་ཤས་ཅན་དང་ཆ་ཤས་ཀྱི་འབྲེལ་བར་བཞེད་པ་བོད་ཀྱི་སྙན་འགྲེལ་མཁན་སྤྱིའི་བཞེད་ཚུལ་དང་ཡོངས་སུ་མཐུན་པར་སྣང་། དེ་རྗེས་དུས་ཕྱིས་ཀྱི་སྙན་འགྲེལ་མཁན་འབྲུག་ཁམས་སྤྲུལ་ནས“ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས⒅”ཞེས་རང་གི་བཞེད་པར་བཀོད་མཐར“འོན་ཀྱང་བར་སྐབས་སུ་ངག་རྒྱུན་འཆུགས་ནས་སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས་ཞེས་བྲིས་པ་ནི་རྒྱུ་འབྲས་གོ་ལྡོག་པར་འགྱུར་བས་མི་ལེགས་སོ⒆”ཞེས་གསལ་ཁ་བཏོད་པ་ནི་རྣག་ཐོག་གཙག་འཁེལ་གྱིས་སྙན་ངག་དང་ཚིག་རྒྱན་གྱི་འབྲེལ་བ་གསལ་པོར་བསྟན་པ་ཞིག་ལགས། ཆ་ཤས་ཅན་ནི་ཆ་ཤས་འདུས་པ་ལས་བྱུང་བས་རྒྱུ་འབྲས་ཀྱི་གོ་རིམ་གྱི་དབང་དུ་བཏང་ན་སྔ་མ་ཆ་ཤས་དང་ཕྱི་མ་ཆ་ཤས་ཅན་ཡིན་པ་དོན་དུ་གནས་པ་ཡིན། ད་དུང་འབྲུག་ཁམས་སྤྲུལ་ནས“དེ་ཡང་སྤྱིར་རྒྱ་གར་བའི་མཁས་པ་རྣམས་ཀྱིས་ནི། རཱ་མ་ཤརྨ་དང་། བྷ་ར་ཏ་དང་། དབྱངས་ཅན་མགུལ་རྒྱན་དང་།  དན་ཌཱིའི་མེ་ལོང་འདི་ལ་སོགས་པ་སྙན་ངག་ཇི་ལྟར་སྦྱོར་བའི་ཚུལ་ཚིག་གི་རྒྱན་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་འཆད་པའི་བསྟན་བཅོས་རྣམས་ལ་ནི་རྒྱན་གྱི་བསྟན་བཅོས་ཞེས་བྱ་ཡི།  སྙན་ངག་གི་བསྟན་བཅོས་སུ་མི་འདོགས། རྒྱ་གར་དུ་བྱུང་བར་རགྷུ་ལྦཾ་ཤ་དང་། ཀཱ་ལི་དཱ་སས་བྱས་པ་གཞོན་ནུ་འབྱུང་བ་དང་། གཞན་ཡང་སཱི་ཏ་འཕྲོག་པ། མཁར་བ་བསད་པ་སོགས་དང་། བོད་དུ་འགྱུར་བ་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་ལྟ་བུ་ལུས་དང་རྒྱན་ཡང་དག་པར་སྦྱར་ནས་བརྩམས་ཟིན་པ་ལ་སྙན་ངག་གི་བསྟན་བཅོས་ཞེས་བྱ་བ་ཡིན⒇”ཞེས་རྒྱན་གྱི་བསྟན་བཅོས་དང་སྙན་ངག་གི་བསྟན་བཅོས་གཉིས་མ་འདྲེས་པར་གསལ་བར་བསྟན། དེས་ན་བོད་ཀྱི་སྙན་ངག་དང་ཚིག་རྒྱན་གྱི་འབྲེལ་བའི་ཐད“སྙན་ངག་དང་ཚིག་རྒྱན་གྱི་དབྱེ་བ་ནི་ད་དུང་རྟ་མོག་གི་སྤུ་ལྟར་དབྱེ་དཀའ་བའི་གནས་སུ་གྱུར་པ(21)”ཞིག་མིན་པར་སྙན་ངག་དང་ཚིག་རྒྱན་གྱི་འབྲེལ་བ་ནི་ཆ་ཤས་ཅན་དང་ཆ་ཤས་ཀྱི་འབྲེལ་ཡིན་པ་བོད་ཀྱི་སྙན་འགྲེལ་མཁན་ཚོའི་དགོངས་པ་ལ་ཞིབ་བལྟ་བྱས་པས་རྟོགས།   
             གསུམ། སྙན་ངག་དང་སྙན་དངགས་ཀྱི་ཁྱད་པར།   
             སྙན་ངག་དང་སྙན་དངགས་ཀྱི་འགྲེལ་སྟངས་ཐད་དཔེར་ན《ཚངས་སྲས་བཞད་པའི་སྒྲ་དབྱངས》སུ“དངགས་ནི་བརྡ་རྙིང་ལས་ངག་གི་ཐ་སྙད་དུ་གསུངས(22)”ཞེས་བྱུང་བ་ལྟར་སྙན་འགྲེལ་མཁན་ཁ་ཅིག་གིས་སྙན་དངགས་ཞེས་དས་འཕུལ་ཡོད་པ་ནི་བརྡ་རྙིང་པ་དང་སྙན་ངག་ཅེས་དས་འཕུལ་མེད་པ་ནི་བརྡ་གསར་པའི་ཁྱད་པར་ལས་དོན་གཅིག་ཡིན་པར་བསྟན། ཡང་སྙན་གཞུང་འཆད་ཉན་གྱི་སྐབས་དས་འཕུལ་ཅན་ནི་སྙན་ངག་གི་གཞུང་དང་དས་འཕུལ་མེད་པ་ནི་སྙན་ངག་གི་བསྟན་བཅོས་ཡིན་ཞེས་པའི་འགྲེལ་སྲོལ་མཆིས། འོན་ཀྱང་ཅིའི་ཕྱིར་དེ་ལྟར་འཇོག་པའི་རྒྱུ་མཚན་ཞིབ་ཏུ་བསྟན་པ་ཞིག་འདྲེན་བྱེད་ཀྱི་བཅུད་དུ་མ་ཐོབ། 《སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ》ཡི་ནང“ངག་གི་ཡོན་ཏན་དེ་ལྟ་བུ་སྐྱེད་པར་བྱེད་པའི་བསྟན་བཅོས་ཀྱི་གཞུང་ལ་སྙན་དངགས་ཞེས་དས་འཕུལ་ཅན་བྱེད་པའི་ཚིག་ཏུ་སྔོན་གྱི་ལོ་ཙཱ་བ་མཁས་པས་བརྡ་མཛད་པ་ཡིན་པས་སྙན་ངག་གི་རྒྱན་དང་ལྡན་པའི་སྐྱེ་རབས་སོ་བཞི་ལྟ་བུ་རྣམས་ལ་དས་འཕུལ་མེད་པའི་སྙན་ངག་བྱས་ཀྱང་ལེགས་སོ(23)”ཞེས་གསུངས་པའི་དོན་ལ་བསམ་གཞིགས་རྣལ་དུ་ཕབ་པ་ཞིག་བྱས་ཚེ་དེ་ནི་ངག་ལ་སྔོན་འཇུག་ཐོབ་དང་མི་ཐོབ་ཙམ་གྱི་ཁྱད་མིན་པར་དོན་གྱི་ཆ་ནས་ཁྱད་པར་ཆེན་པོ་ཡོད་པར་བསྟན་ནའང་དེའི་རྗེས་སུ་བྱུང་བའི་སྙན་འགྲེལ་ཁག་ཏུ་དེ་ལ་དཔྱད་པ་མཛད་པ་ཞིག་མ་མཐོང་། ཡང་བོད་མཁས་ཀྱི་སྙན་འགྲེལ་དུ“མངོན་པར་འབྱུང་བའི་རྒྱུད་ལས་བྱང་ཆུབ་སེམས་པ་སེམས་ཅན་འདུན་པར་བྱ་བའི་ཕྱིར་གཞན་དག་ལ་སྙན་པར་དངགས་པའི་བསྟན་བཅོས་དང་། མིང་གཅིག་ཉིད་དོན་དུ་མར་འཇུག་པ་དང་དོན་གཅིག་ཉིད་ཀྱང་མིང་གི་རྣམ་གྲངས་དུ་མས་མངོན་པར་བརྗོད་པའི་བསྟན་བཅོས(24)”ཞེས་རྒྱུད་ལུང་དྲངས་པ་དེའི་ཚིག་འགྲོས་ལ་དཔྱད་ན་ངག་དང་དངགས་གཉིས་པོ་ཐ་སྙད་ཀྱི་ངོ་བོའི་ཆ་ནས་ཁྱད་པར་ཆེན་པོ་ཡོད་པ་དེ་བས་མངོན་གསལ་དོད་དུ་སོང་། ངག་ཅེས་པ་མིང་རྐྱང་ཡིན་པ་མ་ཟད་ཆོས་ཅན་བརྗོད་པའི་མིང་རྐྱང་ཡིན་ལ་དེ་ཉིད་ལས་ཚིག་ཏུ་འགྲོ་མི་སྲིད་ནའང་གོང་གི་རྒྱུད་ལུང་གི་དངགས་ལས་ཚིག་ཏུ་འགྲོ་བ་ཡིན་ཏེ“གཞན་དག་ལ་སྙན་པར་དངགས་པའི་བསྟན་བཅོས”ཞེས་གཞན་དག་ལ་ལས་ཀྱི་རྣམ་དབྱེ་སྦྱར་བ་དང་།   སྙོན་པ་ལ་དེ་ཉིད་སྟོན་པའི་ལ་དོན་སྦྱར་བས་ན་དངགས་ཞེས་པ་ལས་ཚིག་ཏུ་གྱུར་བ་ཡིན་ཏེ་དཔེར་ན་གཞན་དག་ལ་དྲང་པོར་བཤད་དང་ཁྱད་མེད་པས་སོ། 《དབྱངས་ཅན་དགྱེས་པའི་རོལ་མཚོ》ཡི་བཞེད་པ་ལ“བྱེད་པའི་ཚིག”ཏུ་གསུངས་ལུགས་དང་། མངོན་འབྱུང་གི་རྒྱུད་ལུང་གི་གོ་བ་ལས་ངག་དང་དངགས་གཉིས་པོ་ནི་བརྡ་གསར་རྙིང་གི་ཁྱད་པར་ཙམ་མིན་པར་ངག་དང་དངགས་ལ་བྱ་ཚིག་དང་མིང་ཚིག་གི་ཁྱད་པར་གྱི་ཆ་ལྡན་པའི་ངེས་ཤེས་རྙེད་ཐུབ།   གཞན་ཡང“སྙན་ངག་གི་བསྟན་བཅོས”ལ་དས་འཕུལ་མེད་པ་དང་། “སྙན་ངག་གི་གཞུང”ལ་ནི་དས་འཕུལ་ཅན་གྱི་སྙན་དངགས་ཀྱི་རྣམ་དབྱེ་འཇོག་པའི་འགྲེལ་སྲོལ་གྱི་དགོས་པ་ཡང་བྱ་ཚིག་དང་མིང་ཚིག་གི་ཁྱད་པར་ལྡན་པ་དེ་ཡིན་པར་གསལ། དེར་བརྟེན་དས་འཕུལ་མེད་པའི་སྙན་ངག་ནི་སྒྲ་ཡངས་འཇུག་གི་དབང་དུ་སོང་བའི་ཚོགས་གསུམ་གྱི་བདག་ཉིད་ཅན་གྱི་སྙན་ངག་དང་། དས་འཕུལ་ཅན་གྱི་སྙན་དངགས་ནི་རྒྱན་གྱི་བསྟན་བཅོས་ལ་གོ་ན་རྒྱུན་སྲོལ་གྱི་བཞེད་སྲོལ་དང་ཕྱིན་ཅི་ལོག་མེད་ལ་བོད་ཀྱི་རྩོམ་རིག་དང་ཚིག་རྒྱན་གྱི་དོན་ཐོག་ཏུའང་གནས་པས་འགྲེལ་ཤིན་ཏུ་ཆགས།  
             བཞི། རྩོམ་རིག་གི་ལུས་ཀྱི་ཡ་གྱལ་དུ་གྱུར་པའི་སྙན་ངག   
             རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཚོ་བ་ངེས་ཅན་ཞིག་རྩོམ་པ་པོའི་ཀླད་པའི་ནང་ཚུར་ཤར་བའི་ཐོན་དངོས་ཤིག་ཡིན་པས། དེ་ནི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཡིན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དང་འདྲ་བར་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལས་བྱུང་བ་དང་།  དེ་སླར་ཕྱིར་ལྡོག་ནས་མི་ཚོར་ཕྱི་རོལ་གྱི་འཇིག་རྟེན་ངོས་འཛིན་དང་བསྒྱུར་བཅོས་བྱེད་རྒྱུར་རོགས་རམ་བྱེད་ཀྱི་ཡོད་པས་གལ་ཆེའི་སྤྱི་ཚོགས་ཀྱི་ནུས་པ་ལྡན་ཡོད། འོན་ཀྱང་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས་ཞིབ་ཅིང་ཕྲ་ལ་གསོན་ཉམས་ལྡན་པའི་སྣང་བརྙན་གྱི་རྣམ་པའི་ཐོག་ནས་ཕྱི་རོལ་ཡུལ་ངོས་འཛིན་པ་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ནི་སྤྱི་མཚན་དང་དོན་སྤྱིའི་རྣམ་པས་ཕྱི་རོལ་ཡུལ་ངོས་འཛིན་པ་ཡིན། རྩོམ་རིག་ཀྱང་འཇིག་རྟེན་ཁམས་ཀྱི་དངོས་པོ་གཞན་དང་འདྲ་བར་ནང་དོན་དང་རྣམ་པ་གཉིས་ལས་གྲུབ། རྩོམ་རིག་གི་ནང་དོན་ནི་རྩོམ་ཡིག་ནང་མངོན་པའི་རྩོམ་པ་པོའི་རང་ངོས་ཀྱི་གདེང་འཇོག་ལྡན་པའི་ཕྱི་རོལ་ཡུལ་གྱི་དངོས་ཡོད་འཚོ་བ་སྟེ་ཕྱི་རོལ་གྱི་ཆ་དང་རང་ངོས་ཀྱི་ཆ་གཉིས་འདུས་པའི་གཅིག་འདུའི་ཕུང་པོ་དེ་རེད། དེའི་རྣམ་པ་ནི་བརྗོད་བྱའི་གོ་རིམ་དང་། སྐད་ཆ། རྩོམ་ལུས་སོགས་གྲུབ་ཆ་ཁག་ཁ་ཤས་ལས་གྲུབ། དེ་ལས་རྩོམ་རིག་གི་ལུས་ནི་རྩོམ་རིག་གི་རྣམ་པའི་གྲུབ་ཆ་ཞིག་ཡིན་པ་གསལ། འདིར་བསྟན་པའི་རྩོམ་རིག་གི་ལུས་ནི་གོང་གི་ལུས་སྲོག་རྒྱན་གསུམ་དུ་བགྲང་སྐབས་ཀྱི་ངག་གི་སྦྱོར་བའམ་ཚིག་གི་ཕྲེང་བ་ལ་ལུས་ཅེས་པའི་གོ་དོན་དང་མི་འདྲ། འདིའི་སྐབས་ཀྱི་ལུས་ནི་རྩོམ་རིག་སྒྱུ་རྩལ་གྱི་བརྩམ་བྱའི་བསམ་བློ་དང་ནང་དོན་ངེས་ཅན་ཞིག་མཚོན་པར་བྱེད་པའི་ཞིབ་ཕྲའི་རྣམ་པ་ཞིག་ཡིན། དཔེར་ན་བོད་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལའི་བྱུང་བ་བརྗོད་པའི་རྩོམ་རིག་གི་ཞིབ་ཕྲའི་རྣམ་པའམ་རྩོམ་ལུས་ནི་རྣམ་ཐར་ཡིན་པ་དང་། 《རཱ་མ་ཎའི་རྟོགས་བརྗོད》(ཞང་ཞུང་བས་མཛད་པ་)ཀྱི་རྩོམ་གྱི་ཞིབ་ཕྲའི་རྣམ་པའམ་རྩོམ་ལུས་ནི་སྙན་ངག་ཡིན་པ་ལྟ་བུ། རང་རེ་བོད་ལ་སྙན་ངག་གི་གོ་དོན་ནི་གོང་སྨོས་བཞིན་གཞུང་མེ་ལོང་མ་ནས་བསྟན་པ་ལྟར་མོད། འོན་ཀྱང་། རྩོམ་རིག་གི་ལག་ལེན་ཁྲོད་དུ་སྣང་ཚུལ་འདི་འདྲ་ཞིག་མཆིས་པ་སྟེ། སྙན་ངག་གླེང་ན་ཚིགས་བཅད་དྲན་པ་དང་། ཚིགས་བཅད་མཐོང་ན་སྙན་ངག་དྲན་པ། སྙན་ངག་མཁས་མི་མཁས་ཀྱང་ཚིགས་བཅད་རྩོམ་འབྲིར་མཁས་མི་མཁས་ལ་བྱེད་པ། སྙན་ངག་གི་མཚན་གཞི་འཇོག་སྐབས་ཀྱང་སྤྱིར་བཏང་བྱས་ན་ཚིགས་བཅད་ཀྱི་རྩོམ་འཇོག་པ་སོགས་དེ་ཡིན་ཞིང་། སྣང་ཚུལ་དེ་ལས་རྒྱུན་རིང་གི་རྩོམ་རིག་གི་ལག་ལེན་ཁྲོད་དུ་སྙན་ངག་ལ་གོ་དོན་གཞན་ཞིག་ངང་ངམ་ཤུགས་ཀྱིས་ཆགས་ཡོད་པ་སྟེ་རང་རྐྱ་འཕེར་བའི་རྩོམ་ལུས་སམ་རྩོམ་རིག་གི་རྣམ་པ་བྱེ་བྲག་པ་ཞིག་ཏུ་གྱུར་ཡོད་པ་མཚོན་ཐུབ། མཁས་དབང་དུང་དཀར་ལགས་ནས“སྙན་ངག་གི་རྩོམ་ཡིག་ནི་རང་ཉིད་གནས་པའི་འཚོ་བའི་ཁོར་ཡུག་གི་སྣང་ཚུལ་རྣམས་རྩོམ་པ་པོའི་བསམ་བློར་འཆར་བ་དེ་ཉིད་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་མཚོན་པར་བྱེད་པ་ཞིག་ཡིན(25)”ཞེས་སྒྱུ་རྩལ་གྱི་རྣམ་པའི་ཁོངས་སུ་འཇོག་པ་གནང་བའི་སྙན་ངག་དེ་ཡང་དོན་དེ་ལ་དམིགས་པ་མངོན་པར་གསལ།      
             སྙན་ངག་ནི་འཛམ་གླིང་གི་མི་རིགས་ཚང་མར་ཡོད་པའི་རྩོམ་རིག་གི་རྣམ་པ་ཞིག་དང་འབྱུང་སྔ་ཤོས་ཀྱི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པ་ཡོངས་སུ་གྲགས་པ་ལྟར་ཡིན། རང་རེ་བོད་ཀྱང་འཛམ་གླིང་གི་མི་རིགས་གཞན་དང་འདྲ་བར་ཡི་གེའི་སྲོལ་མ་ཕྱེས་པའི་གོང་རོལ་ནས་མགུར་དང་གླུ་ལ་སོགས་པའི་ཚིགས་སུ་བཅད་པའི་བོད་རང་གི་ངག་ཐོག་གི་སྙན་ངག་བགྲངས་ལས་འདས་པ་ཞིག་ཡོད་པ་གདོན་མི་ཟ། དཔེར་ན་ད་ལྟ་རང་རེའི་འདྲེན་བྱེད་ཀྱི་ལམ་དུ་གྱུར་པ་ཏུན་ཧོང་གི་གཏེར་ཡིག་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་རིང་གི་མགུར་བཞིན་ནོ། སྐབས་དེའི་སྙན་ངག་ནི་ལུས་རྒྱན་ཉམས་སོགས་གང་གི་ཐད་ནས་ཀྱང་གདོད་མའི་རྣམ་པ་ཅུང་ཤས་ཆེ་བ་ནི་སྨོས་མེད་ཡིན། མགུར་དང་གླུ་ལ་སོགས་པ་སྙན་ངག་གི་ཁོངས་སུ་འཇོག་པ་ལ་འཕང་མོ་ཉུག་གི་ཡིད་འཛིན་པ་དག་ལ་ནི་མཁས་དབང་དུང་དཀར་ལགས་དང་ཚེ་བརྟན་ཞབས་དྲུང་ནས་ཏུན་ཧོང་གི་གཏེར་མགུར་དང་མགུར་གླུ་སྙན་ངག་གི་མཚན་གཞི་དང་དཔེར་བརྗོད་དུ་འཇོག་པ་གནང་བ་ཡང་ཐེ་ཚོམ་གྱི་དྲ་བ་གཅོད་བྱེད་ཀྱི་མཚོན་དུ་འགྲོ་བ་ཡིན། མདོར་ན་གནའ་བོའི་དམངས་ཁྲོད་ཀྱི་ངག་ཐོག་གི་སྙན་ངག་དང་ས་པཎ་ཡན་ཆད་ཀྱི་བོད་ཀྱི་མཁས་པ་ཚོའི་སོར་མོའི་འདུ་བྱེད་ལས་འཁྲུངས་པའི་ཡིག་ཐོག་གི་སྙན་ངག་ནི་བགྲང་བྱའི་ཡུལ་ལས་འགོངས་པ་ཞིག་མཆིས། 《མེ་ལོང་མ》བསྒྱུར་རྗེས་བོད་ཀྱི་མཁས་པ་ཚོས་ཚིག་རྒྱན་གྱི་རྩལ་སྣ་ཚོགས་ལ་སྦྱངས་པ་མཐར་ཕྱིན་བྱས་ནས་ཚིག་རྒྱན་ཅི་འདོད་དུ་སྤེལ་བ་དང་། ཚིགས་བཅད་ཀྱི་རྩོམ་ལུས་དེ་ལུས་རྒྱན་སྐྱོན་སེལ་སོགས་གང་ཅིའི་ཐད་ནས་གཞུང་ལུགས་དང་ཆེས་ཆེར་བསྟུན་པས་སྔར་བས་འཐུས་ཚང་དང་མཛེས་སྡུག་བཀྲ་བར་སོང་། དེས་ན་སྙན་ངག་དེ་རྩོམ་རིག་གི་རྣམ་པ་གཞན་ཅི་ལས་ཀྱང་འཕེལ་རྒྱས་མགྱོགས་པར་སོང་བ་དང་ཁྱབ་གདལ་ཆེ་བ་བྱུང་།   འོན་ཀྱང་གོ་དོན་དེའི་དབང་དུ་སོང་བའི་སྙན་ངག་ལ་ད་ཕན་མཚན་ཉིད་ཚད་ལྡན་ཞིག་མཛད་པ་གཟུགས་འཛིན་གྱི་སྤྱོད་ཡུལ་དུ་མ་གྱུར། དེང་དུས་ཀྱི་རིག་པ་སྨྲ་བ་ཚོས“སྙན་ངག་ཅེས་པ་ནི་ལུས་ངེས་པར་དུ་ཚིགས་བཅད་ཀྱི་རྣམ་པས་བྱེད་ཅིང་། རྒྱན་ཕུན་སུམ་ཚོགས་པས་སྤུད་པ། ཚིག་བསྡུས་ཤིང་སྡེབ་ལེགས་པ་བཅས་ཀྱི་སྒོ་ནས་གང་བརྗོད་པར་བྱ་བའི་དོན་ཞིག་ཕུལ་དུ་བྱུང་བའི་ཉམས་དུ་མ་དང་ལྡན་པར་མཚོན་པའི་རྩོམ་རིག་གི་རྣམ་པ་ཞིག་ལ་བཤད་དགོས(26)”དང་། ཡང་ན“སྙན་ངག་ནི་ལུས་གང་ཡང་རུང་བ་ཞིག་ལ་བརྗོད་བྱའི་དོན་ནམ་སྲོག་བཟང་པོ་ཞིག་ཡོད་དགོས་པར་མ་ཟད་དེ་ལ་གསོན་ཉམས་དང་ལྡན་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པར་འདོད(27)”ཅེས་སོགས་ཀྱི་མཚན་ཉིད་འཇོག་པ་གནང་ཡོད། དེ་ནི་རྩོམ་རིག་གི་རྣམ་པའི་ཡ་གྱལ་དུ་གྱུར་པའི་སྙན་ངག་ལ་ངོས་འཛིན་ཐོག་མར་མཛད་པའི་སྡོམ་ཚིག་ཅིག་རེད། སྡོམ་ཚིག་དེ་དག་ལས་ཀྱང་ང་ཚོར་རྩོམ་རིག་གི་རྣམ་པའི་ཡ་གྱལ་དུ་གྱུར་པའི་སྙན་ངག་ནི་རྣམ་པ་དང་ནང་དོན་གཉིས་ཀར་བལྟས་ནས་འཇོག་དགོས་ལ་རྩོམ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་ངེས་ཅན་ཞིག་ལ་བལྟ་དགོས་པའི་བློ་བསྐྱེད་ཅིག་སྟེར་ཐུབ། དེས་ན་སྙན་ངག་དེ་ནང་དོན་གྱི་ཆ་ནས་སྤྱི་ཚོགས་ཀྱི་འཚོ་བར་ཕྱོགས་སྡོམ་བྱེད་པའི་ཚད་མཐོའི་ནུས་པ་དང་། ཡིད་ཀྱི་འགྱུར་བ་མཚོན་པའི་ཐབས་ལམ་གསར་པ། བསམ་པའི་འོག་འགྱུའི་བཀོད་པ་ཕུན་སུམ་ཚོགས་པ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། རྣམ་པའི་ཆ་ནས་ལུས་ཚིགས་སུ་བཅད་པ་ལ་རྒྱན་ཕུན་སུམ་ཚོགས་པས་སྤུད་པ་དང་། ཚིགས་བསྡུས་ཤིང་སྡེབ་ལེགས་པ། དབྱངས་ཀྱི་འདེགས་འཇོག་གསལ་བ་བཅས་ཀྱི་ཡོན་ཏན་འབུར་དུ་ཐོན་ན་བོད་ཀྱི་རྩོམ་རིག་གི་དོན་དངོས་དང་མཐུན་པ་ཡིན། དེ་ལས་འདིར་སྐབས་སུ་བབ་པའི་སྙན་ངག་དང་བོད་ཀྱི་རྒྱུན་སྲོལ་གྱི་གཞུང་ལུགས་ལྟར་རམ་ཚོགས་གསུམ་གི་བདག་ཉིད་ཅན་གྱི་སྙན་ངག་གཉིས་གོ་དོན་མི་འདྲ་བ་ཤིན་ཏུ་གསལ། སྐབས་སུ་བབ་པའི་སྙན་ངག་ཅེས་པའི་སྒྲའི་འཇུག་ཡུལ་ཡང་སྒྲ་དོག་འཇུག་གི་དབང་དུ་འགྲོ་བ་ཡིན།   
             མཇུག་བསྡུ་བའི་དོན།   
             གོང་གསལ་གྱི་དཔྱད་དོན་རྣམས་མདོར་བསྡུས་ན། བོད་ཀྱི་སྙན་ངག་ཅེས་པར་དོན་དངོས་ཀྱི་ཁྲོད་དུ་གོ་དོན་མི་འདྲ་བ་གཉིས་བྱུང་བས་ལུས་སྲོག་རྒྱན་གསུམ་ཚང་བའི་ངག་གི་ཕྲེང་བའམ་ཚིག་སྦྱོར་གི་སྦྱོར་བའི་སྙན་ངག་དེ་སྒྲ་ཡངས་འཇུག་དང་། རྩོམ་རིག་གི་ལུས་སུ་གྱུར་པའི་སྙན་ངག་དེ་སྒྲ་དོག་འཇུག་གི་དབང་དུ་འགྲོ་བ་དང་། བོད་ཀྱི་རྒྱུན་སྲོལ་གྱི་སྙན་ངག་དང་ཚིག་རྒྱན་བར་གྱི་འབྲེལ་བ་ནི་ཆ་ཤས་ཅན་དང་ཆ་ཤས་ཀྱི་འབྲེལ་བ་ཡིན་པ། སྙན་ངག་དང་སྙན་དངགས་ཀྱང་མིང་ཚིག་དང་བྱ་ཚིག་གི་ཁྱད་པར་གྱི་ཆ་ལྡན་པའི་དབང་གིས་དས་འཕུལ་མེད་པའི་སྙན་ངག་ནི་སྒྲ་ཡངས་འཇུག་གི་དབང་དུ་སོང་བའི་སྙན་ངག་དང་། དས་འཕུལ་ཅན་ནི་རྒྱན་གྱི་བསྟན་བཅོས་རྐྱང་པའི་མིང་ལ་གོ་བ་བཅས་ནི་ཆེད་རྩོམ་འདིའི་ལྟ་ཚུལ་ཙམ་ཡིན།   
             དེ་ཡང་མ་རྟོགས་ལོག་རྟོག་གི་དབང་གིས་འཁྲུལ་བཤད་དང་འགལ་ནོངས་ཀྱི་དྲི་མས་གོས་པ་དག་རྣམ་པར་དཔྱོད་པའི་སྣང་བ་མཆོག་ཏུ་ཡངས་པ་དག་ནས་དཔྱད་པ་གསུམ་རྒྱུས་དག་པར་མཛད་འཚལ་དང་། ཡང་ན་རྨོངས་གཏམ་དེ་ལས་འཕྲོས་ཏེ་རིག་པའི་གནས་དེ་གཉིས་ལ་ཞིབ་འཇུག་མཛད་པའི་རིན་བྲལ་གྱི་ལེགས་བཤད་རེ་སྤྱན་འདྲེན་པར་ནུས་ནའང་རྩོམ་འདིའི་དགོས་པ་ཡོངས་སུ་གྲུབ་པ་ལགས། །    
             མཆན།   
             ①③⑧ 《སྙན་དངགས་མེ་ལོང》
             ④⑾《སྙན་འགྲེལ་མི་འཇིགས་སེང་གེའི་ང་རོ》
             ②⒂⒅⑽⒆⒇《སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ》
             ⑤⑦⑿⒃⒄(24)《བོད་མཁས་སྙན་འགྲེལ》
             ⑥(23) 《སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ》
             ⑨《སྙན་འགྲེལ་དབྱངས་ཅན་དགྱེས་གླུ》
             (13)⒁(25) 《སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད》
             (21)(26) 《ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག》
             (22) 《ཚངས་སྲས་བཞད་པའི་སྒྲ་དབྱངས》
             (27)《ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་བཀླགས་པའི་མྱོང་ཚོར》(སྦྲང་ཆར1984.2)   
             (དཔྱད་རྩོམ་འདི་ཉིད《ཀྲུང་གོའི་བོད་ཀྱི་ཤེས་རིག》1988ལོའི་དུས་དེབ་བཞི་པར་བཀོད།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1