མང་ཚོགས་ཀྱི་འཚོ་བར་བདེ་སྐྱིད་ཀྱི་གཟི་མདངས་རྒྱས།——སྡེ་དཔོན་རྒན་པ་ཞིག་གི་སྡེ་པའི་འཕོ་འགྱུར་གྱི་མཐོང་ཐོས།

མགོན་པོ་ཚེ་བརྟན་གྱིས་བྲིས་ཤིང་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-14


        

        ལྗང་མདོག་རི་ཀླུང་དུ་རྫ་ཆུ་བསིལ་མ་ལྷུང་ལྷུང་དུ་འབབ་ཅིང་གྲལ་འགྲིག་ཅིང་མཛེས་པའི་སྡོད་ཁང་གསར་པའི་ཕྲེང་བ་རེ་རེ་ནི། གཟི་རྩ་སྡེ་དགུ་རྫོང་སྟག་ལོ་ཡུལ་ཚོ་སྟག་ལོ་གྲོང་ཚོའི་དབུལ་སྐྱོར་གནས་སྤོར་ས་ཚིགས་ཀྱི་སྡོད་ཁང་གསར་པ་དག་རེད། དེ་ནས་གྲོང་ཚོ་ཞིག་གནའ་བོའི་གནས་རྙིང་ནས་སྡོད་ཁང་གསར་པར་སྤོས་པའི་འཕོ་འགྱུར་མཐོང་ཐུབ་ལ། གྲོང་སྡེ་ཆུང་ཆུང་གི་འཕེལ་རྒྱས་དེས་ཀྱང་གྲོང་གསེབ་ཀྱི་འཕེལ་རྒྱས་ཆེན་པོ་མཚོན་ཐུབ།


        བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ་40ནི་གྲོང་གསེབ་འགོམ་བརྒལ་ལྟར་འཕེལ་རྒྱས་སོང་བའི་ལོ་ངོ་40ཡིན་ལ། ད་ལོ་ལོ་ན་63ལོན་པའི་རྒན་པོ་ཆོས་བྱམས་ཀྱིས་སྟག་ལོ་གྲོང་ཚོའི་འཕོ་འགྱུར་གྱི་ལོ་རྒྱུས་མིག་གིས་འཚོས་ཞིང་སེམས་ཀྱིས་མྱངས་བར་མ་ཟད། གྲོང་གསེབ་གསར་སྐྲུན་དང་བསྟུན་ནས་ཉིན་རེ་བཞིན་གྲོང་གསེབ་འཕོ་འགྱུར་གྱི་དཔང་བོའང་ཡིན། རྒན་པོ་ཆོས་བྱམས་ནི་སྟག་ལོ་གྲོང་ཚོའི་སྔོན་ཆད་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་ལ། 1976ལོ་ནས་བཟུང་2016ལོའི་བར་གྱི་ལོ་ངོ་40རིང་། ཁོས་སྔ་གཞུག་ཏུ་སྟག་ལོ་གྲོང་ཚོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སོགས་ཀྱི་འགན་ཁུར་ནས། མི་ཚེ་གང་བོར་གྲོང་གསེབ་གྱི་གཞི་རིམ་འཛུགས་སྐྲུན་ལ་ཞབས་ཞུ་བསྒྲུབས་པ་རེད།

        1976ལོའི་སྐབས་དེར་ཕྱིར་འདང་རེ་བརྒྱབ་ན། འཆར་ལྡན་དཔལ་འབྱོར་གྱི་སྒྲིག་སྲོལ་འོག་གི་སྟག་ལོ་ཡུལ་ཚོར་མཚོན་ན། ལྟོ་འགྲངས་དཀའ་ཞིང་རྒྱབ་དྲོ་མི་ཐུབ་ལ། འབྲུ་མཛོད་དུ་འབྲུ་རིགས་ལྷག་མ་རྡོག་ཙམ་ཡང་མེད། སྐབས་དེར་འབྱོར་ཕྱུག་དང་འཕེལ་རྒྱས་ནི་སྟག་ལོ་ཡུལ་ཚོར་མཚོན་ན་རི་བོང་གི་རྭ་དང་རུས་སྦལ་གྱི་སྤུ་བཞིན་དུ་གྱུར།

        རྒན་པོ་ཆོས་བྱམས་ཀྱིས་བཤད་པ་ལྟར་ན། གྲོང་གསེབ་འཕོ་འགྱུར་གྱི་ཁ་ཕྱོགས་འགྱུར་མཚམས་གཙོ་བོ་ནི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཡིན་ལ། 1982ལོར་རྒྱལ་ཡོངས་སུ་ཁྱིམ་ཚང་གིས་མཉམ་འབྲེལ་ཐོན་སྐྱེད་ཀྱི་འགན་གཙང་ལེན་གྱི་ལམ་ལུགས་ལག་ཏུ་བསྟར་ནས། དུད་ཁྱིམ་རེ་རེར་ས་ཞིང་བགོས་པ་རེད། སྐབས་དེར་སྡེ་མི་རེ་རེར་བརྩོན་སེམས་སྔར་བས་ཆེ་བར་མ་ཟད། རང་གི་ཁ་རྒྱབ་ཀྱང་གསོ་ཐུབ་པ་རེད། འབྲུ་མཛོད་དུ་ཡང་འབྲུ་རིགས་ལྷག་མ་ཡོད། དུས་དེ་ནས་ཏང་གི་སྲིད་ཇུས་བཟང་པོའི་འོད་ཟེར་གྱིས་ཞིང་སྡེ་ཡོངས་ལ་བཀྲག་མདངས་གསར་པ་ཞིག་སྤྲོས་ཤིང་། ལྷག་པར་དུ་2016ལོའི་ཟླ་1པོར་རྒྱལ་ཁབ་གྱིས་ཞིང་ལས་དཔྱ་ཁྲལ་མེད་པར་བཟོས་པས། དོན་དངོས་ཐོག་ཞིང་འབྲོག་མང་ཚོགས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་ཡོད། དུས་དེ་ནས་བཟུང་ཞིང་འབྲོག་མང་ཚོགས་ཀྱིས་གོམ་ཁ་སྟོབས་འབྱོར་ལྡན་པའི་བགྲོད་ལམ་ཡངས་པོར་སྤོས་པ་རེད།

        སྔོན་ཆད། རི་སྐྱེས་སྔོ་ཚལ་དང་རྩྭ་སྨན་འཐུ་བ། ནས་འདེབས་པ་དང་ཕྱུགས་འཚོ་བ་ནི་སྟག་ལོ་གྲོང་ཚོའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་རྣམ་པ་ཡིན་མོད། འོན་ཀྱང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བཞིན་པའི་དེང་གི་དུས་འདིར་གནམ་ལ་བརྟེན་ནས་འཚོ་བ་རོལ་བ་ཙམ་གྱིས་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་དངོས་པོའི་རིག་གནས་ཀྱི་དགོས་མཁོ་སྐོང་མི་ཐུབ་པ་ཤེས་ནས། ལོ་འདི་དག་གི་རིང་མི་རིགས་སློབ་གསོ་ལ་སྐུལ་འདེད་དང་མང་ཚོགས་ཀྱི་རིག་གནས་ཆུ་ཚད་ཇེ་མཐོར་གཏོང་བར་རེམས་པས། སྟག་ལོ་ཡུལ་ཚོའི་སྡེ་མི་ཚོའི་བསམ་བློ་དང་་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས། ལོ་འདི་དག་གི་རིང་ལ་ས་ཆ་གཞན་དུ་ལས་ཀ་འཚོལ་བར་འགྲོ་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།

        སྟག་ལོ་སྡེ་བའི་གྲོང་སྡེ་རྙིང་པ་ནི་སྲོལ་རྒྱུན་གྱི་རྣམ་པ་ཕུན་སུམ་ཚོགས་པའི་གནའ་བོའི་བོད་ཀྱི་གྲོང་རྙིང་ཞིག་ཡིན་ལ། 1995ལོའི་ནས་བཟུང་གྲོང་རྙིང་འདི་ནས་ཁང་པ་གསར་དུ་མ་བསྐྲུན་པར། གྲོང་རྙིང་གི་རྣམ་པ་རང་སོར་བཞག་པས། སྟག་ལོའི་གྲོང་རྙིང་དེ་སྲོལ་རྒྱུན་གྲོང་རྙིང་སྲུང་སྐྱོང་གི་མིང་གྲལ་དུ་ཚུད་ཡོད། གནས་སྤར་རྗེས་ཀྱི་སྟག་ལོ་སྡེ་པའི་མང་ཚོགས་ཀྱིས་གྲོང་རྙིང་དེ་དང་མཛེས་ལྗོངས་ལྷ་ཡི་རྫིང་བུ་གཉིས་ལ་བརྟེན་ནས་ལྗོངས་སྐོར་བ་སྣེ་ལེན་བྱས་པས། ཞིང་སྡེའི་ལྗོངས་སྐོར་ལས་རིགས་འཕེལ་རྒྱས་སུ་སོང་ཞིང་། མང་ཚོགས་རྣམས་ཕྱུག་པོར་འགྱུར་བའི་འགྲོ་ལམ་གསར་པ་ཞིག་རྙེད་པ་རེད།

        གནམ་དྭངས་དུས་སུ་ཐལ་རྡུལ་ལང་ལོང་དུ་འཚུབ་པ་དང་ཆར་འབབ་དུས་ས་འདམ་གྱིས་བཀབ་པའི་ལུག་གི་རྒྱུ་མ་ལྟར་ཕྲ་བའི་ལོ་ངོ་40སྔོན་གྱི་སྟག་ལོ་སྡེ་པའི་ལམ་ཕྲན་ཆུང་ངུ་བརྒྱུད་དེ། རྒྱུན་སྤྱོད་འཚོ་བའི་ཁྲོད་ཀྱི་དངོས་ཟོག་རྣམས་རང་གིས་ཁུར་བ་དང་ཁལ་རྟ་ལ་བཀལ་ནས་སོང་བའི་རྣམ་པ་དེ་ལག་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་པ་ལྟར་ཡིད་ལ་གསལ་ལེར་འཆར་ཐུབ། འགྲིམ་འགྲུལ་སྟབས་བདེ་མིན་གྱིས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཕན་གནོད་ཆེན་པོ་ཐེབས་སྲིད་ཅེས་རྒན་པོ་ཆོས་བྱམས་ཀྱིས་ཕྱིར་འདང་རྒྱག་བཞིན་བཤད་པར་མ་ཟད། རྒྱལ་ཁབ་ཉིན་རེ་ནས་ཉིན་རེར་ཇེ་ཕྱུག་ཏུ་འགྲོ་བཞིན་ཡོད་པར་མ་ཟད། མང་ཚོགས་ཀྱང་ཇེ་ཕྱུག་ནས་ཇེ་ཕྱུག་ཏུ་འགྲོ་བཞིན་པ་མིག་མཐོང་ལག་ཟིན་རེད། ང་ཚོའི་འཚོ་བ་ཡང་ཉིན་རེ་ནས་ཉིན་རེར་ཇེ་བཟང་ཡིན་ལ། འཚོ་བའི་སྐྱིད་སྣང་ཇེ་ཆེ་རེད་ཅེས་རྒན་པོ་ཆོས་བྱམས་གྱིས་དགའ་བའི་འཛུམ་ཆུང་གྲོལ་བཞིན་བཤད་བྱུང་།

        ད་ལོར་སྟག་ལོ་གྲོང་ཚོའི་དབུལ་ཞྭ་ཕུད་པའི་དམིགས་འབེན་ཡོངས་སུ་འགྲུབ་ཡོད། མི་འགྱངས་པར་མང་ཚོགས་ཕྱུག་པོར་གྱུར་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུ་རེད། ། 

        改革开放40年以来,藏区发展发生了翻天覆地的变化,九寨沟县大录乡大录村在扶贫攻坚的政策中得到了实实在在的果实,一家家住上了新房子,一个小小的村庄见证着一个时代的变迁。以前我们住在半山上的老寨子,交通、用水都不方便。如今,家里面貌一新,泽里珠对搬迁点的新生活赞不绝口。如今的大录村,水、电、路、网络等基础设施通到家家户户,村民思想观念转变,多渠道增收让他们逐步过上“四好”新生活。


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1