རྟ་ཐོག་གི་འདུམ་འགྲིག་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-16


—— སི་ཁྲོན་དཀར་མཛེས་ཀྲོའུ་ལི་ཐང་རྫོང་གི་རྟ་ཐོག་མི་དམངས་འདུམ་འགྲིག་ལས་དོན་རུ་ཁག་གི་སྐོར་བཀོད་པ། 


     དགུན་ཟླ་དང་པོའི་ལི་ཐང་འབུམ་ཡག་རྩྭ་ཐང་དུ། རྟ་ནོར་ལུག་གསུམ་གྱིས་རྩྭ་ཆུའི་བཅུད་ལ་རོལ་བཞིན་ཅི་དགར་རྒྱུ། བོད་ཆས་གྱོན་པའི་སྐྱ་མི་འགས་སྲབ་མདའ་འཐེན་ནས་དེ་གར་བསྡད།
     བཞིན་མདངས་སྨུག་པའི་བོད་རིགས་དེ་དག་རྟ་ལས་བབས། ཁོང་ཚོ་ནི་ལི་ཐང་རྫོང་གི“རྟ་ཐོག་མི་དམངས་འདུམ་འགྲིག་བ”ཞེས་བརྗོད་པའི་མི་དམངས་འདུམ་འགྲིག་བ་ཡག་ཤོས་རེད། ཁོང་ཚོ་ལི་ཐང་རྫོང་གི་ཤང་ཁག་ནས་འདི་གར་སླེབས་མ་ཐག་ཡིན་ལ། ཁོང་ཚོའི་ཁྲོད་རྒན་ཤོས་ནི་ལོ་66རེད།
     ལི་ཐང་དུ། ཁོང་ཚོ་ཇི་བཞིན་རྟག་པར་འབྲོག་ཁུལ་ཁག་ཏུ་བསྐྱོད་དེ་རྩོད་གཞི་འདུམ་འགྲིག་བྱེད་མཁན“རྟ་ཐོག་འདུམ་འགྲིག་བ”120ལྷག་ཡོད་ལ། “གསོ་རླུང་དཀོན་ཀྱང་སྙིང་སྟོབས་ཀྱིས་ཕྱུག་པ་དང་། དཀའ་ཚེགས་ལ་མི་འཛེམ་པ”ནི“རྟ་ཐོག་འདུམ་འགྲིག་བ”དེ་ཚོའི་སྙིང་སྟོབས་རེད།
     སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ལྷོ་ནུབ་མཚམས་སུ་ཡོད་པའི་ལི་ཐང་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4014.2ཟིན་པས་མཐོ་ཞིང་གྲང་བ་དང་། གསོ་རླུང་དཀོན་པ། ས་རྒྱ་ཆེ་ཞིང་མི་ཉུང་བ་བཅས་ནི་ཁྱད་ཆོས་ཆེ་ཤོས་རེད། དེ་གར་བོད་རིགས་ཚུད་པའི་མི་རིགས་དགུ་ཡིས་འཚོ་བ་སྐྱེལ་བཞིན་ཡོད།
     ད་བར་དུ། དེ་གའི་འབྲོག་པ་མང་ཆེ་བ་རྩྭ་ཆུ་གང་དུ་བཟང་ན་དེ་གར་སྤོ་བཞིན་ཡོད་པས་ཅུང་ཁ་ཐོར་དུ་གནས་ཡོད། དེ་གའི་ས་དབྱིབས་གཙོ་བོ་རི་ཁུལ་ཡིན་སྟབས་གལ་སྲིད་རྩོད་གཞི་ཐོན་ཚེ་རླངས་འཁོར་ཐར་དཀའ་བས་རྟ་ལ་མི་བཞོན་ཐབས་མེད་དུ་གྱུར། དེར་བརྟེན་ཆུང་དུས་ནས་དེ་གར་འཚོ་བ་བསྐྱལ་ཅིང་རྟ་རྩལ་ཡག་པོ་ཡོད་པའི་བོད་རིགས་ལས་བྱེད་པ་ཚོ་རྩྭ་ཐང་གི་རྩོད་གཞི་འདུམ་འགྲིག་བྱེད་པའི་སྟོབས་ཤུགས་གཙོ་བོར་གྱུར།
     འདི་ལོར་ལོ་49ལ་སླེབས་པའི་ལྷ་དབང་ནི་དཔོན་སྐོར་ཤང་གི་གྲོང་ཚོ་ཞིག་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ལ། ལི་ཐང་གི་འདུམ་འགྲིག་བ་གྲགས་ཅན་ཞིག་ཀྱང་རེད། 2005ལོ་ནས་ད་བར་དུ། ཁོང་གིས་རྟ་ལ་བཞོན་ནས་སྤྱི་ལེ་ཆིག་སྟོང་ལྷག་བསྐྱོད་དེ་རྩོད་གཞི་ཆེ་ཆུང་མང་པོ་འདུམ་འགྲིག་བྱས་པ་རེད།
     2016ལོར། གྲོང་ཚོའི་བློ་བཟང་ཚེ་རིང་དང་ཁོང་གི་བཟའ་ཟླ་ཉི་མ་ལྷ་མོ་གཉིས་ཉི་མ་ལྷ་མོའི་ཁྱིམ་གྱིས་བཙན་ཐབས་ཀྱིས་ཁ་བྲལ་དུ་གཏོང་བ་ཤེས་རྗེས། ལྷ་དབང་གིས་འཕྲལ་དུ་བློ་བཟང་ཚེ་རིང་ཁྱིམ་དུ་བསྐྱོད་དེ། བློ་བཟང་ཚེ་རིང་གི་ཁྱིམ་ལ་སྦྲ་གུར་གཅིག་ལས་རྒྱུ་ནོར་ཅི་ཡང་མེད་པ་མ་ཟད། ད་དུང་ཁྱོ་ཤུག་གཉིས་ཀར་ནད་གཞི་ཕོག་ཡོད་པས་བུ་ཕྲུག་གཉིས་དང་ཁོང་ཚོའི་ཁ་གསོ་ཐབས་དཀའ་བའི་གནས་ཚུལ་ཤེས།
     དེ་རྗེས་ཁོང་གིས་འཕྲལ་དུ་གྲོང་ཚོར་བློ་བཟང་ཚེ་རིང་ཁྱིམ་ལ་དུད་ཚང་དབུལ་པོའི་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་རེ་ཞུ་བྱས་པ་དང་ཆབས་ཅིག་རང་ཉིད་ཀྱིས་དངུལ་བཏོན་ནས་བློ་བཟང་ཚེ་རིང་ལ་རྟ་ཞིག་ཉོས་པ་རེད། དེས་མ་ཟད་ད་དུང་བློ་བཟང་ཚེ་རིང་གྲོང་ཚོའི་འཕྲོད་བསྟེན་བར་བདམས་པར་ལོ་རེར་ཡོང་འབབ་སྒོར་6000ལྷག་ཡོད་པ་དེས་ཁོང་གི་ཁྱིམ་གྱི་གཞི་རྩའི་འཚོ་བའི་གནད་དོན་ཐག་གཅོད་ཐུབ་པ་རེད།
     མི་མང་པོ་ཞིག་གིས་ལྷ་དབང་ལ་ཁྱེད་ཀྱིས་ཅིའི་ཕྱིར་འདི་ལྟར་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་ཡིན། ཁྱེད་ཀྱི་དད་སེམས་དང་སྙིང་སྟོབས་ཅི་ཞིག་ཡིན་ཞེས་དྲིས་པར། ལྷ་དབང་གིས། རང་ཉིད་ལ་འཇོན་ཐང་ཆེན་པོ་མེད་མོད། ཡིན་ན་ཡང་རང་ཉིད་མི་དམངས་ཀྱི་འདུམ་འགྲིག་བ་ཞིག་དང་ཏང་ཡོན་ཞིག་ཡིན་པ་ནམ་ཡང་བརྗེད་ཀྱི་མེད། “གྲོང་མི་ཚང་མ་དུས་བདེ་སེམས་སྐྱིད་ཡོང་བ་དང་། རང་ཉིད་མ་ཤིའི་བར་དུ་ལས་བཟང་དོན་བཟང་གང་མང་མང་སྒྲུབ་པ་ནི་ངའི་རེ་བ་ཡིན”ཞེས་ང་ཚོར་བརྗོད་བྱུང་།
     ལི་ཐང་རྫོང་གི་འབྲོག་པ་མང་ཚོགས་ཁག་གཅིག་གི་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པས། མཚམས་རེར། འགལ་བ་ཆུང་ཆུང་ཞིག་ལས་མེད་ཀྱང་གལ་སྲིད་དུས་ཐོག་ཏུ་འདུམ་འགྲིག་མ་ཐུབ་ན་གྱོད་གཞི་ཆེན་པོར་འགྱུར་ཉེན་ཡོད།
     འདི་ལོ་ལོ་66ལ་སླེབས་པའི་རབ་རྒྱས་ནི་ལི་ཐང་རྫོང་ས་སྐོར་གྲོང་ཚོའི་སྐད་གྲགས་ལྡན་པའི་འདུམ་འགྲིག་བ་ཞིག་རེད། ལོ་དེ་དག་རིང་ཁོང་གིས་གྲོང་ལྷན་གྱི་ཀྲུའུ་རེན་དང་འདུམ་འགྲིག་པ་གཅིག་ལྕོགས་ཀྱི་འགན་འཁུར་རིང་ནང་ངོས་ཀྱི་རྩོད་གཞི་ཆེ་ཆུང་མི་འདྲ་བ་200ལྷག་ཙམ་ཐག་གཅོད་བྱས་ཡོད། “མི་མང་པོ་ཞིག་གིས་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་ཤེས་བྱ་ཤེས་ཀྱི་མེད། ང་རང་ལ་སུ་ཐུག་རིམ་བཞིན་ཁོང་ཚོར་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་གི་ཡོད”ཅེས་བཤད།
     ས་སྐོར་གྲོང་ཚོར་རབ་རྒྱས་ཀྱིས་གྲོང་མི་སྒྲིག་འཛུགས་བྱས་ནས་དུས་བཀག་ལྟར་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་ཀྱི་ཡོད། གཟའ་འཁོར་རེར་གྲོང་ཚོའི་གནས་ཚུལ་སྐོར་གཡེང་བྱས་ནས་མངོན་མེད་རྐྱེན་ངན་ཤེས་ཚེ་དུས་ཐོག་ཏུ་སྙན་སེང་ཞུས་པས་ལོ་མང་རིང་གྲོང་ཚོར་ཉེས་དོན་གྱོད་གཞི་ཆེ་གྲས་གཅིག་ཀྱང་ལྷག་མྱོང་མེད།
     རབ་རྒྱས་ཀྱིས་འདུམ་འགྲིག་བྱས་པའི་ཕྱོགས་གཉིས་པོ་ནི་རང་ཉིད་ཀྱི་ངོ་ཤེས་པའམ་ཡང་ན་གྲོགས་པོ་ཡིན་པས་ཁོང་ཚོའི་སེམས་ལ་ཕོག་ཐུག་བཟོ་སྲིད་པ་ནི་སྨོས་མེད་རེད། འོན་ཀྱང་གྲོང་ཚོའི་མཐུན་སྒྲིལ་དང་ཞི་མཐུན་སྲུང་ཆེད། ཁོང་གིས་དེ་འདྲ་བྱེད་རྒྱུ་ལས་མ་འདས།
     “མི་དམངས་ཀྱི་བྱ་བར་ཆེ་ཆུང་མེད། ང་ཚོའི་ལས་ཀ་དེ་ཧང་སང་དགོས་པ་ཞིག་མེད་ཀྱང་། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་དགོས་མཁོ་ཨང་དང་པོར་འཇོག་གི་ཡོད། འབྲོག་པ་གང་དུ་ཡོད་ཕྱིན་དེ་གར་ང་ཚོའི་མི་དམངས་འདུམ་འགྲིག་བ་ཡོད”ཅེས་ལི་ཐང་རྫོང་བཟོ་ཨུད་ཀྱི་ཀྲུའུ་རེན་ཚེ་རྡོར་གྱིས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1