ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ཞེས་པ་ནི་ཁོར་ཡུག་གམ་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པ་དང་བཙོག་སྐྱོན་སོགས་སྤྱི་པའི་གནོད་པ་གཞན་དག་བཀག་འགོག་ཆེད་སྤྱི་ཚོགས་འབྲེལ་བ་མཐའ་དག་ལེགས་སྒྲིགས་བྱེད་པའི་ཁྲིམས་ལུགས་ཚད་གཞི་སྤྱི་ཡི་མིང་ལ་ཟེར། དུས་རབས་18པའི་དུས་མཇུག་ནས་དུས་རབས་19པའི་དུས་འགོར་བྱུང་བའི་ཐོན་ལས་གསར་བརྗེ་ཡིས་རླུང་ཁམས་ཆེན་པོ་དང་ཆུའི་བཙོག་སྐྱོན་སྔར་ལས་ཀྱང་ཚབས་ཇེ་ཆེ་རུ་བཏང་པ་ན། རྒྱལ་ཁབ་ཁ་ཤས་ཀྱིས་ཁྲིམས་བཙུགས་ཏེ་འགྲོ་བ་མིའི་རིགས་ཀྱི་རྟེན་གཞིར་གྱུར་པའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ནི་1989ལོའི་ཟླ་12པའི་ཚེས་26ཉིན་དུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཐེངས་བཅུ་གཅིག་ཐོག་ཆོག་མཆན་ཐོབ་ཅིང་ཉིན་དེ་ནས་བཟུང་ལག་བསྟར་བྱས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ལ་ཁྱོན་བསྡོམས་ལེའུ་དྲུག་ལྡན་ཏེ།
ལེའུ་དང་པོ། སྤྱི་དོན།
ཁྲིམས་འདིའི་ཁྲོད་བཀོད་པའི་ཁོར་ཡུག་ཅེས་པ་ནི་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ལྡན་པའི་རང་བྱུང་ཁམས་ཀྱི་རྒྱུ་རྐྱེན་ཏེ་རང་བཞིན་དུ་གྲུབ་པའམ་མིས་བསྒྱུར་བཟོ་བྱས་པ་ཀུན་ལ་གོ། དེར་རླུང་ཁམས་ཆེན་མོ་དང་ཆུ། རྒྱ་མཚོ། ས་གཞི། གཏེར་ཁ། ནགས་ཚལ། སྤང་། རི་སྐྱེས་སྐྱེ་དངོས། རང་བྱུང་རྗེས་ཤུལ། མི་ཆོས་རྗེས་ཤུལ། རང་བྱུང་སྲུང་སྐྱོང་ཁུལ། གྲགས་ཆེའི་ཡུལ་ལྗོངས། གྲོང་ཁྱེར་དང་གྲོང་སྡེ་སོགས་འདུས། ཁྲིམས་འདི་ཉིད་བེད་སྤྱོད་བྱ་ཡུལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བདག་དམ་བྱས་པའི་མཚོ་ཁུལ་གཞན་དག་ཡིན་ཞིང་། ལས་ཁུངས་སམ་མི་སྒེར་སུ་ཞིག་ཡིན་ཡང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་འོས་འགན་ལྡན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་གཉེར་ལས་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ལས་ཀར་གཅིག་གྱུར་གྱིས་ལྟ་སྐུལ་དང་དོ་དམ་བྱེད།
ལེའུ་གཉིས་པ། ཁོར་ཡུག་ལ་ལྟ་སྐུལ་དང་དོ་དམ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་དོ་དམ་གྱི་གཙོ་གཉེར་ལས་ཁུངས་ཀྱིས་རྒྱལ་ཁབ་རིམ་པའི་ཁོར་ཡུག་སྤུས་ཚད་ཚད་གཞི་དང་རྒྱལ་ཁབ་རིམ་པའི་བཙོག་སྐྱོན་ཕྱིར་གཏོང་ཚད་གཞི་གཏན་འཁེལ་བྱེད་དགོས། རྒྱལ་ཁབ་རིམ་པའི་ཁོར་ཡུག་སྤུས་ཚད་ཚད་གཞི་དང་རྒྱལ་ཁབ་རིམ་པའི་བཙོག་སྐྱོན་ཕྱིར་གཏོང་ཚད་གཞིའི་ཁྲོད་དུ་གཏན་འཁེལ་བྱས་མེད་པའི་རྣམ་གྲངས་ཤིག་ཡིན་ཚེ། ཞིང་ཆེན་དང་རང་སྐྱོང་ཁུལ། ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་ས་གནས་རིམ་པའི་ཁོར་ཡུག་སྤུས་ཚད་ཚད་གཞི་དང་བཙོག་སྐྱོན་དངོས་རྫས་ཕྱིར་གཏོང་ཚད་གཞི་གཏན་འཁེལ་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་དོ་དམ་གྱི་གཙོ་གཉེར་ལས་ཁུངས་སུ་ཐོ་འགོད་སྙན་སེང་ཞུ་དགོས།
ཁོར་ཡུག་ལ་བཙོག་སྐྱོན་ཕོག་སྲིད་པའི་རྣམ་གྲངས་འཛུག་སྐྲུན་བྱ་ཚེ་ངེས་པར་དུ་འཛུགས་སྐྲུན་རྣམ་གྲངས་ཀྱིས་བཟོ་སྲིད་པའི་བཙོག་སྐྱོན་དང་ཁོར་ཡུག་ལ་ཐེབས་སྲིད་པའི་ཤུགས་རྐྱེན་སོགས་ཞིབ་བཤེར་བྱ་དགོས་ཤིང་ཁོར་ཡུག་ལ་ཤུགས་རྐྱེན་ཅི་ཐེབས་ཡར་ཞུ་ཡེ་གེར་ཆོག་མཆན་ཐོབ་ན་མ་གཏོགས་འཆར་འགོད་ལས་ཁུངས་གང་དེས་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་གཞི་ཡི་གེར་ཆོག་མཆན་འགོད་མི་རུང་།
སྲིད་འཛིན་ས་ཁུལ་ཁ་ཤས་སུ་འདའ་བའི་ཁོར་ཡུག་བཙོག་སྐྱོན་དང་ཁོར་ཡུག་གནོད་སྐྱོན་གྱི་སྔོན་འགོག་གི་ལས་ཀ་ནི་འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་གྲོས་མོལ་བྱས་ཏེ་ཐག་གཅོད་པའམ་ཡང་ན་མི་དམངས་སྲིད་གཞུང་གོང་རིམ་གྱིས་བར་འདུམ་བྱས་ཏེ་ཐག་གཅོད་དགོས།
ལེའུ་གསུམ་པ། ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས།
མི་དམངས་སྲིད་གཞུང་རིམ་པ་སོ་སོས་ཞིང་ལས་ཁོར་ཡུག་ལ་སྲུང་སྐྱོང་དང་ས་གཞིའི་བཙོག་སྐྱོན། ས་གཤིན་བྱེ་མར་འགྱུར་བ། ན་འདམ་དུ་འགྱུར་བ། ས་ངོས་མར་འགྲིབ་པ་སོགས་འགོག་པའམ་ཡང་ན་སྤང་ལ་གནོད་པ། ས་བཅུད་ཤོར་བ། ཆུ་ཁུངས་སྐམ་པ། དངོས་རིགས་རྩ་མེད་དུ་འགྲོ་བ་དང་སྐྱེ་ཁམས་དོ་མི་མཉམ་པར་བྱེད་པའི་སྣང་ཚུལ་གཞན་དག་འབྱུང་ཞིང་འཕེལ་བར་སྔོན་འགོག་བྱེད་དགོས། མི་དམངས་སྲིད་གཞུང་གིས་ད་དུང་སྐྱེ་དངོས་ལ་གནོད་པའི་ནད་དམ་གནོད་འབུ་འགོག་བཅོས་བྱེད་པ་དང་། རྫས་འགྱུར་ལུད་རྫས་དང་ཞིང་སྨན། རྩི་ཤིང་སྐྱེ་སྐུལ་སྨན་རྫས་སོགས་ལུགས་མཐུན་གྱིས་བེད་སྤྱོད་བྱེད་པ་བཅས་རྒྱ་ཁྱབ་ཏུ་གཏོང་དགོས།
ལེའུ་བཞི་བ། ཁོར་ཡུག་བཙོག་སྐྱོན་དང་སྤྱི་པའི་གནོད་པ་གཞན་དག་འགོག་བཅོས།
ཁོར་ཡུག་བཙོག་སྐྱོན་དང་སྤྱི་པའི་གནོད་པ་གཞན་དག་འབྱུང་པའི་ལས་ཁུངས་ཀྱིས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོང་འགན་ལེན་ལམ་ལུགས་འཛུགས་དགོས་པ་མ་ཟད། ཕན་ནུས་ལྡན་པའི་ཐབས་བཀོད་ལག་བསྟར་བྱས་ཏེ་ཐོན་སྐྱེད་འཛུགས་སྐྲུན་དང་བྱ་འགུལ་གཞན་དག་གི་ཁྲོད་དུ་བྱུང་པའི་རླུང་ངན་དང་ཆུ་བཙོག གཙིགས་རོ། བྱེ་རྡུལ། རླུང་བཙོག འབྱེད་འཕྲོ་རང་བཞིན་གྱི་དངོས་པོ། གཞན་ཡང་འཛེར་སྒྲ་དང་འདར་སྒུལ། གློག་རྣོའི་རླབས་ཀྱི་འབྱེད་འཕྲོ་སོགས་ཀྱིས་ཁོར་ཡུག་ལ་བཟོས་པའི་བཙོག་སྐྱོན་དང་གནོད་འཚེ་སོགས་སྔོན་འགོག་བྱ་དགོས།
འཛུགས་སྐྲུན་རྣམ་གྲངས་ཁྲོད་ཀྱི་བཙོག་སྐྱོན་འགོག་བཅོས་བྱེད་པའི་སྒྲིག་ཆས་དག་ངེས་པར་དུ་མ་གཞིའི་བཟོ་བཀོད་དང་དུས་མཉམ་དུ་ཇུས་འགོད་དང་བཟོ་བསྐྲུན། དུས་མཉམ་དུ་བེད་སྤྱོད་བྱ་དགོས།
ལས་འཛོལ་བྱུང་བའམ་གློ་བུར་བའི་དོན་རྐྱེན་གང་རུང་གིས་བཙོག་སྐྱོན་བྱུར་རྐྱེན་བྱུང་བའམའ་འབྱུང་པར་བྱེད་པའི་ལས་ཁུངས་ཀྱིས་ངེས་པར་དུ་མགྱོགས་མྱུར་གྱིས་ཐབས་བཀོད་འཐེན་ཏེ་ཐག་གཅོད་བྱ་དགོས། གཞན་ད་དུང་བཙོག་སྐྱོན་གྱིས་གནོད་འཚེ་ཐེབས་སྲིད་པའི་ལས་ཁུངས་སམ་སྡོད་དམངས་ལ་དེ་མུར་བརྡ་རྒྱག་དགོས་པ་མ་ཟད། ས་དེའི་ཁོར་ཡུག་སྲུང་སྐྱོང་གི་སྲིད་འཛིན་གཙོ་གཉེར་ལས་ཁུངས་སོགས་འབྲེལ་ཡོད་ལས་ཁུངས་ལ་ཡང་བརྡ་བརྒྱབ་སྟེ་བརྟག་དཔྱད་དང་ཐག་གཅོད་དང་ལེན་བྱེད་དགོས།
ལེའུ་ལྔ་བ། ཁྲིམས་འབྲེལ་ཁུར་འཁྲི།
གཤམ་གྱི་ཁྲིམས་འགལ་བྱ་སྤྱོད་ལས་གང་རུང་ཞིག་བྱུང་ཚེ་ཁོར་ཡུག་སྲུང་སྐྱོང་གི་སྲིད་འཛིན་གཙོ་གཉེར་ལས་ཁུངས་སམ་ཡང་ན་ཁྲིམས་ལུགས་ཀྱིས་གཏན་འབེབས་ལྟར་ཁོར་ཡུག་ལྟ་སྐུལ་དོ་དམ་དབང་ཆ་ལག་བསྟར་བྱེད་པའི་ལས་ཁུངས་ཀྱིས་གནས་ཚུལ་མི་འདྲ་བ་གཞིར་བཟུང་སྟེ་ཐ་ཚིག་སྒྲོག་པའམ་ཆད་པ་གཅོད།
གཅིག ཁོར་ཡུག་སྲུང་སྐྱོང་གི་སྲིད་འཛིན་གཙོ་གཉེར་ལས་ཁུངས་སམ་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་ཁོར་ཡུག་ལྟ་སྐུལ་དོ་དམ་དབང་ཆ་ལག་བསྟར་བྱེད་པའི་ལས་ཁུངས་གཞན་དག་ལ་ལས་ཡུལ་དངོས་སུ་ཞིབ་བཤེར་བྱེད་དུ་མི་འཇུག་པའམ་ཞིབ་བཤེར་བྱེད་སྐབས་རྫུན་བཟོ་རྫུན་སྒྲིག་བྱེད་པ།
གཉིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་གཙོ་གཉེར་ལས་ཁུངས་ཀྱིས་གཏན་འཁེལ་ལྟར་སྙན་ཞུ་བྱ་དགོས་པའི་བཙོག་སྐྱོན་ཕྱིར་གཏོང་དང་འབྲེལ་བའི་དོན་ཚན་ཁག་སྙན་ཞུ་མི་བྱེད་པ་དང་སྙན་ཞུ་བྱེད་སྐབས་རྫུན་བཟོ་བྱེད་པ།
གསུམ། རྒྱལ་ཁབ་ཀྱི་གཏན་འབེབ་ལྟར་ཚད་གཞི་ལས་བརྒལ་བའི་བཙོག་སྐྱོན་གཙང་དག་བྱེད་པར་གླ་ཆ་མི་སྤྲོད་པ།
བཞི། རང་རྒྱལ་གྱི་ཁོར་ཡུག་སྲུང་སྐྱོང་གཏན་འབེབ་དང་མི་མཐུན་པའི་ལག་རྩལ་ལམ་སྒྲིག་ཆས་ནང་འདྲེན་བྱེད་པ།
ལྔ། བཙོག་སྐྱོན་ཆེན་པོ་བཟོ་སྲིད་པའི་ཐོན་སྐྱེད་སྒྲིག་ཆས་དེ་བཙོག་སྐྱོན་འགོག་སྲུང་ནུས་པ་མི་ལྡན་པའི་ལས་ཁུངས་ལ་བེད་སྤྱོད་ལ་སྤྲད་དེ་བེད་སྤྱོད་བྱེད་དུ་བཅུག་པ།
གལ་སྲིད་དོ་བདག་མི་སྣ་དེས་སྲིད་འཛིན་ཆད་པ་ཁས་མི་ལེན་ཚེ་ཆད་པ་བཅད་པའི་བརྡ་སྦྱོར་འབྱོར་ཉིན་ནས་བཟུང་བརྩིས་པའི་ཉིན་བཅོ་ལྔའི་ཚུན་ཆད་དུ་ཆད་པ་གཅོད་མཁན་ལས་ཁུངས་གང་དེའི་རིམ་པ་གོང་མར་ཡང་བསྐྱར་ཐག་གཅོད་བྱེད་པར་ཞུ་སྦྱོར་བྱས་ཆོག ཡང་བསྐྱར་ཐག་བཅད་པར་མི་འཐད་ཚེ་ལན་འབྱོར་ཉིན་ནས་བརྩིས་པའི་ཉིན་བཅོ་ལྔའི་ནང་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག
ཁོར་ཡུག་བཙོག་སྐྱོན་གྱིས་གནོད་སྐྱོན་ཐེབས་ཏེ་གསབ་དངུལ་ལེན་པར་ཞུ་གཏུག་ལོ་གསུམ་དུ་བྱས་ཆོག དོ་བདག་མི་སྣས་བཙོག་སྐྱོན་གྱིས་གནོད་པ་ཐེབས་པ་ཤེས་པའམ་ཤེས་སྲིད་པའི་ཉིན་དེ་ནས་བཟུང་བརྩི།
ཁྲིམས་འདིར་འགལ་ཏེ་ཁོར་ཡུག་བཙོག་སྐྱོན་གྱི་དོན་རྐྱེན་ཚབས་ཆེན་བཟོས་ཤིང་སྤྱི་སྒེར་གང་རུང་གི་རྒྱུ་ནོར་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པའམ་མི་ལ་ཤི་རྨས་ཚབས་ཆེན་བཟོས་ཚེ་འགན་ལྡན་མི་དེས་ཉེས་དོན་འགན་ཁུར་འཁུར་དགོས།
ལེའུ་དྲུག་པ། ཞར་བཀོད།
གལ་སྲིད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཞག་པའམ་ཡང་ན་ནང་དུ་ཞུགས་ཡོད་པའི་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བའི་རྒྱལ་སྤྱིའི་ཆིངས་ཡིག་གི་གཏན་འབེབས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་མི་མཐུན་པའི་ཆ་ཡོད་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གསལ་བསྒྲགས་དང་སྲུང་འཛིན་བྱས་ཡོད་པའི་དོན་ཚན་ལས་གཞན་ཚང་མ་རྒྱལ་སྤྱིའི་ཆིངས་ཡིག་གཞིར་འཛིན་དགོས།