༄༅།། བོད་ཀྱི་རྩོམ་རིག་དུས་དེབ་《སྦྲང་ཆར་》ལ་རགས་ཙམ་དཔྱད་པ།

གཅོད་པ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-23


 གཅོད་པ་དོན་གྲུབ།
           དེ་ཡང་ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་འོད་གངས་ལྗོངས་ཡོངས་སུ་རྣམ་པར་འཕྲོ་བའི་རྫོགས་ལྡན་གྱི་དུས་སྐབས་འདིའི་ནང་དུ། རང་རིགས་ལ་ཤ་ཚ་ཞིང་སྙིང་ཉེ་བའི་དཔྱོད་ལྡན་གྱི་དབུ་ཁྲིད་རྣམ་པ་དང་མཁས་པ་རྣམ་པ། རྩོམ་སྒྲིག་པ་བཅས་ཀྱིས་ལྷག་བསམ་གྱི་ཐུགས་ཁུར་དང་ངལ་མེད་ཀྱི་རྩོལ་བར་བརྟེན་ནས། བོད་ཀྱི་རྩོམ་རིག་དུས་དེབ་《སྦྲང་ཆར་》འདི་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཐུས་ཚང་དུ་རྒྱ་ཆེར་བསྐྱེད་དེ།  ད་ལྟ་བགྲང་བྱ་ཉི་ཤུའི་བཀྲ་ཤིས་འཁྲུངས་སྐར་ལ་བསླེབས་བྱུང་།   འདིར་ཉི་བཟང་སྐར་བཟང་ལ་འཕྲོད་པའི་དུས་སྟོན་འདི་སྤྲོ་བའི་འཛུམ་དང་དགའ་བའི་ཉམས་ཀྱིས་བསུ་བ་དང་ལྷན་དུ།  རབ་དཀར་གྱི་ལྷ་རྫས་སོར་བཅུའི་རྩེར་བཏེགས་ནས་ལྷག་བསམ་ཟོལ་མེད་ཀྱིས་དགའ་སྟོན་རྟེན་འབྲེལ་ཞུ།  
           བོད་ཀྱི་རྩོམ་རིག་དུས་དེབ་《སྦྲང་ཆར་》ལ་མཚོན་ན།  བགྲང་བྱ་ཉི་ཤུའི་བགྲོད་ལམ་རིང་མོའི་སྟེང་དུ།  རྩོམ་སྒྲིག་པ་བགྲེས་གཞོན་རྣམས་ཀྱིས་ཏང་གི་རྩོམ་རིག་སྒྱུ་རྩལ་གྱི་བྱེད་ཕྱོགས་སྲིད་ཇུས་རྒྱུན་འཁྱོངས་ལེགས་པོ་གནང་ཐོག  བརྩོན་འགྲུས་ཀྱི་རྟ་མཆོག་ལ་བཅིབས་ཏེ་ཡར་སྐུལ་གྱི་ལྕག་ཚན་དགུང་དུ་ཕྱར་ནས་ཐང་ཆེན་ཐང་ཆུང་དང་ལ་རིང་ལ་ཐུང་གྲངས་མེད་བརྒྱུད་ནས་དམ་ལྷོད་མེད་པར་མདུན་དུ་བསྐྱོད་པར་བརྟེན།  བོད་ཀྱི་དེང་རབས་རྩོམ་རིག་གོང་ནས་གོང་དུ་འཕེལ་རྒྱས་སུ་གཏོང་བར་བསམ་གྱིས་མི་ཁྱབ་པའི་གྲུབ་འབྲས་བླངས་ཡོད་པར་མ་ཟད།  གངས་ཅན་ཡུལ་གྱི་རིན་ཆེན་ནོར་བུ་ལྟ་བུའི་བཅུ་ཕྲག་རིག་གནས་འཛིན་སྐྱོང་སྤེལ་གསུམ་བགྱིད་པར་མཛད་རྗེས་བླ་ན་མ་མཆིས་པ་སྐྲུན་དང་བསྐྲུན་བཞིན་ཡོད།   ཁྱད་པར་དུ་དེང་རབས་ཀྱི་ཁྱད་ཆོས་འཛོམས་པའི་སྒྲུང་གཏམ་དང་ལྷུག་རྩོམ།  སྙན་ངག་བཅས་གསར་རྩོམ་ཐད་དུ་སྔར་མེད་ཀྱི་ལམ་སྲོལ་གསར་བ་ཞིག་བྱུང་བ་དང་།  དེང་རབས་ཀྱི་ན་གཞོན་རྩོམ་པ་པོ་ཡང་འབོར་ཆེན་ཞིག་སྐྱེད་སྲིང་གནང་སྟེ་འཚར་ལོངས་བྱུང་ཡོད་ལ། ཀློག་པ་པོ་ཁྲི་མ་འབུམ་གྱི་དགེ་བའི་བཤེས་དང་སྡོངས་པའི་གྲོགས་ལྟ་བུར་ཡང་གྱུར་འདུག དུས་དེབ་འདིའི་བརྗོད་བྱའི་དོན་ནི་རྒྱ་ཆེ་ཞིང་གཏིང་ཟབ་ལ། ཡ་རབས་སྤྱོད་བཟང་གི་ལམ་དུ་འདྲེན་པའི་ནུས་པ་ཐོན་ཡོད་པ་དང་།  རྗོད་བྱེད་ཚིག་ནི་སྙན་ཞིང་འཇེབས་ལ།  དེང་རབས་ཡིག་ཐོག་རྩོམ་རིག་གི་ཆེས་མཐོ་བའི་ཆུ་ཚད་མཚོན་ཡོད།  ད་དུང་རྩོམ་རིག་ཐད་ཀྱི་མིང་ཚིག་ཐ་སྙད་གཅིག་གྱུར་དང་གང་ལ་གང་འཚམས་ཀྱི་ལེ་ཚན་བཀོད་སྒྲིག་གནང་བ་བཅས་དགེ་མཚན་དང་ཁྱད་ཆོས་དུ་མས་བརྒྱན་ཡོད་པ་ལས་འདིར་གཙོ་བོ་འགའ་གནད་དུ་བསྡུས་ནས་བརྗོད་པར་བྱས་ན།   
           དང་པོ།  འདས་པའི་ལོ་འཁོར་ཉི་ཤུའི་རིང་ལ།  《སྦྲང་ཆར》རྩོམ་སྒྲིག་ཁང་ལ་མཚོན་ན་བོད་ཀྱི་ན་གཞོན་རྩོམ་པ་པོའི་དཔུང་སྡེ་ཞིག་སྐྱེད་སྲིང་བྱེད་རྒྱུ་དེ་གནད་ཆེ་སར་བཞག་སྟེ།  ཐབས་བརྒྱ་ཇུས་སྟོང་གིས་དུས་དེབ་ཀྱི་སྤུས་ཀ་ཇེ་ལེགས་དང་ནང་དོན་ཕུན་སུམ་ཚོགས་པར་ཡོང་སླད།  《སྒྲུང་གཏམ་རླབས་ཀྱི་གཟེགས་མ་》དང་《སྙན་རྩོམ་ཅོ་གའི་དྲུག་འགྱུར།》《ལྷུག་རྩོམ་པད་མའི་ཟེའུ་འབྲུ།》《རྩོམ་རིག་ཤེས་བྱའི་འཇུག་ངོགས་》བཅས་དགེ་མཚན་ལྡན་པའི་ལེ་ཚན་མི་འདྲ་བ་བཅུ་ལྷག་བཀོད་སྒྲིག་མཛད་པ་བརྒྱུད།    མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོའི་རྩོམ་ལུས་མི་འདྲ་བའི་བརྩམས་ཆོས་བཞི་སྟོང་ལྷག་བདམས་བཀོད་གནང་ནས། གངས་ལྗོངས་འཛིན་མའི་ཁྱོན་ཡོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པ་དང་། དེང་རབས་ཀྱི་ན་གཞོན་རྩོམ་པ་པོ་ཡང་བརྒྱ་ཕྲག་དུ་མ་འཚར་ལོངས་བྱུང་དང་འབྱུང་བཞིན་མཆིས། ན་གཞོན་རྩོམ་པ་པོ་དེ་དག་གི་ཁྲོད་དུ།  སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གཉེར་བ་ཡོད་ལ།  བན་བོན་སྔགས་གསུམ་གྱི་དགོན་པའི་གྲྭ་བ་ཡང་ཡོད། མཐའ་ཡས་རོང་འབྲོག་ས་ཁུལ་གྱི་ཞིང་བ་དང་འབྲོག་པ་ཡོད་ལ།  ལས་རིགས་མི་གཅིག་པའི་ལས་བྱེད་མི་སྣ་དང་བཟོ་བ་ཡང་ཡོད།   ད་དུང་བོད་རིགས་རྩོམ་པ་པོ་སུམ་ཅུ་ལྷག་མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་ནང་ཞུགས་ཡོད་ལ། དེའི་ནང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡང་ཡོད།   དེ་མིན་རྩོམ་པ་པོ་སྐོར་ཞིག་གི་མཚན་དང་སྙན་གྲགས་རིམ་གྱིས་གངས་ལྗོངས་འཛིན་མའི་ཁྱོན་དུ་ཁྱབ་བཞིན་ཡོད་པ་ལས་གཞན། ཁོང་རྣམས་ཀྱི་བརྩམས་ཆོས་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐེངས་མང་ཐོབ་མྱོང་བ་རེད། དཔེར་ན། ན་གཞོན་རྩོམ་པ་པོ་འཇུ་སྐལ་བཟང་། དུར་བུད་རྣམ་གྲགས། གཅན་རང་སད། གངས་ཞུན། སྟག་འབུམ་རྒྱལ། བཀྲ་བྷ། བཀྲ་ཤིས་དོན་གྲུབ། རིན་ཆེན་བཀྲ་ཤིས།འབྲོང་བུ་རྡོ་རྗེ་རིན་ཆེན་ལྟ་བུ་མང་པོ་མཆིས། ཁོང་རྣམས་ཀྱང་རྩོམ་རིག་གསར་རྩོམ་གྱི་བགྲོད་ལམ་ཡངས་པོའི་སྟེང་དུ།  གང་ཞིག་སྦྲང་ཆར་བསིལ་མས་རིས་མེད་ཀྱིས་སྙོར་སྐྱོང་མཛད་པར་བརྟེན་ནས་གྲུབ་འབྲས་འབུར་དུ་ཐོན་པའི་ཆུ་སྐྱེས་མེ་ཏོག་གི་ཚོགས་ཤིག་ཡིན་པ་སུས་ཀྱང་བསྙོན་དུ་མེད།  
           གཉིས་པ། རྩོམ་རིག་དུས་དེབ་འདི་སྤེལ་བ་ནས་བཟུང་ཁྱབ་རྒྱ་ཤིན་ཏུ་ཆེ་སྟེ།  དུས་དེབ་འདིར་བཀོད་པའི་བརྩམས་ཆོས་ལེགས་པོ་སྐོར་ཞིག་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི།   སྨད་མདོ་ཁམས་སྒང་དྲུག་བཅས་སུ་ཁྱབ་དང་ཁྱབ་བཞིན་པར་མ་ཟད།  གྲོང་ཁྱེར་ཆེན་པོ་རྒྱལ་ས་པེ་ཅིན་དང་ཁྲིན་ཏུའུ།  ལན་གྲུ།  ཁུང་མེན་བཅས་ཀྱི་འབྲེལ་ཡོད་སློབ་གླིང་དང་ལས་ཁུངས་སུའང་ཁྱབ་བཞིན་ཡོད་ལ།  མི་རིགས་མི་འདྲ་བའི་ཀློག་པ་པོ་དང་ཞིབ་འཇུག་པའང་ཇེ་མང་དུ་འགྲོ་བཞིན་འདུག  ཁྱད་པར་དུ་ཕྱིའི་རྒྱལ་ཁབ་མི་ཉུང་བ་ཞིག་སྟེ། ཨུ་རུ་སུ་དང་ཨ་མེ་རི་ཁ། འཇར་མན། ལྗར་པན། ཨོ་སི་ཁྲུ་ལི་ཡ།ཧོ་ལན། རྒྱ་གར། བལ་བོ། འབྲུག་ཡུལ་བཅས་རྒྱལ་ཁབ་ཉི་ཤུ་ལྷག་ཏུ་ཁྱབ་ཡོད་པ་དང་།  བོད་རིག་པར་ཞིབ་འཇུག་གནང་མཁན་དང་སློབ་གཉེར་བ་མི་ཉུང་བས་ཀྱང་གཙིགས་འཛིན་གནང་བཞིན་མཆིས།  དཔེར་ན།  རྒྱལ་སྤྱིའི་བོད་ཀྱི་རིག་གཞུང་ཞིབ་འཇུག་གྲོས་ཚོགས་མང་པོའི་སྟེང་ཕྱི་གླིང་པའི་བོད་རིག་པའི་མཁས་པ་སྐོར་ཞིག་གིས་དཔྱད་རྩོམ་ཁྲོད་དུ་《སྦྲང་ཆར་》གྱི་བརྩམས་ཆོས་དང་རྩོམ་པ་པོ་ལ་ཞིབ་འཇུག་བགྱིད་པ་དང་།  ཡང་ན་བརྩམས་ཆོས་གང་རུང་ཞིག་ལས་ལུང་འདྲེན་གནང་ཡོད་པའང་དངོས་སུ་མཐོང་མྱོང་། གཞན་ཡང་ཨ་རིའི་ཨིན་ཏེ་ཨེན་ན་སློབ་གྲྭ་ཆེན་མོའི་བུད་མེད་མཁས་པ་ཞིག་གིས་དུས་དེབ་《སྦྲང་ཆར་》སྟེང་བཀོད་པའི་རྩོམ་པ་པོའི་ལོ་རྒྱུས་བསྡུས་པ་དང་། བརྩམས་ཆོས་ཀྱི་ཁ་བྱང་།  དུས་དེབ་ཐོག་བཀོད་པའི་དུས་ཚོད།  ད་ལྟ་དུས་དེབ་དཔེ་མཛོད་ཁང་གང་དུ་ཉར་ཚགས་བྱས་ཡོད་པ་སོགས་གསལ་བོར་རྩིས་འཁོར་དུ་བསྡུས་ཡོད་པས།  རྩོམ་ཡིག་དང་རྩོམ་པ་པོ་སུ་ཞིག་འཚོལ་འདོད་ན་དུས་ཐོག་ཏུ་རྙེད་ཐུབ།འདིས་བོད་ཀྱི་ཤེས་རིག་ཞིབ་འཇུག་པ་དང་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་སྟབས་བདེ་བཟོས་པ་ལས་གཞན།  ཕྱི་གླིང་པའི་བོད་རིག་པའི་མཁས་པ་རྣམས་ཀྱིས་ཀྱང་བོད་ཀྱི་དེང་རབས་རྩོམ་རིག་ལ་མཐོང་ཆེན་གནང་བཞིན་མཆིས་པའང་མ་འདུག  
           གསུམ་པ།  དེང་རབས་བོད་རིགས་རྩོམ་པ་པོའི་བརྩམས་ཆོས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་སླད། གནའ་རབས་དང་དེང་རབས་ཀྱི་རྒྱ་རིགས་རྩོམ་པ་པོའི་ཕུལ་བྱུང་བརྩམས་ཆོས་དང་།  ཕྱི་གླིང་པའི་རྩོམ་རིག་བརྩམས་ཆོས་གྲགས་ཅན་སྐོར་ཞིག་བོད་ཡིག་ཏུ་བསྒྱུར་ཏེ།  ཐེངས་མང་ལ་དུས་དེབ་སྟེང་དུ་བཀོད་ནས། མི་རིགས་གཞན་གྱི་རྩོམ་རིག་གི་ཉིང་བཅུད་ལེན་པའི་གོ་སྐབས་ལེགས་པོ་བྱིན་པར་བརྟེན།  བོད་རིགས་རྩོམ་པ་པོ་རྣམས་ལ་ཕན་འབྲས་ཀྱང་རྒྱ་ཆེན་པོ་ཐོབ་ཡོད་ལ། ཁྱད་པར་དུ་ཐང་རྒྱལ་རབས་ཀྱི་སྙན་ངག་པ་གྲགས་ཅན་ལིས་པའེ་དང་པའེ་ཅུའུ་དབྱི།  སུང་གི་སུའུ་ཏུན་ཕོ་སོགས་ཀྱི་སྙན་ངག་སྐོར་ཞིག་བོད་ཀྱི་སྲོལ་རྒྱུན་སྙན་ངག་གི་ལུས་ལྟར་བསྒྱུར་འདུག་པ་དག་ལ་ཀློག་པ་པོ་མང་པོས་ཡི་རང་བྱེད་བཞིན་པར་མ་ཟད།  ན་གཞོན་རྩོམ་པ་པོ་རྣམས་ལ་རྩོམ་རིག་གསར་རྩོམ་གྱི་བློ་སྒོ་འབྱེད་པའི་ནུས་པའང་བསམ་གྱིས་མི་ཁྱབ་པ་ཐོན་ཡོད།   འདིར་ངེས་པར་དུ་གླེང་དགོས་པ་ཞིག་ནི།  རང་རེའི་བོད་ཀྱི་སྙན་ངག་པ་གྲགས་ཅན་སྐལ་བཟང་རྡོ་རྗེ། ཡི་དམ་ཚེ་རིང་། རབ་རྒྱས་པ་སངས། རྟ་མགྲིན་མགོན་པོ་བཅས་གྱི་ཕུལ་བྱུང་སྙན་རྩོམ་སྐོར་ཞིག་རྒྱ་ཡིག་ལས་བོད་ཡིག་ཏུ་བསྒྱུར་ཏེ། དུས་དེབ་སྟེང་ལ་ཐེངས་མང་བཀོད་པ་ཡིས་བོད་རིགས་ན་གཞོན་རྩོམ་པ་པོ་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་ལ། མི་རབས་རྗེས་མའི་བོད་རིགས་སྙན་ངག་པ་སྐྱེད་སྲིང་ཐད་དུའང་མི་དམན་པའི་འབྲས་བུ་བསྐྲུན་ཡོད།  
           བཞི་པ། བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་རྩོམ་རིག་གསར་རྩོམ་གྱི་སྤྲོ་སེམས་ལ་སྐུལ་འདེད་དང་།  དེང་རབས་བོད་ཀྱི་རྩོམ་རིག་ལས་དོན་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་སུ་འགྲོ་སླད།   རྩོམ་སྒྲིག་པ་རྒན་གཞོན་ཚོས་དཀའ་ངལ་བརྒྱ་ཕྲག་རྒྱབ་ཏུ་བསྐྱུར་ཏེ་འབྲེལ་ཡོད་ཀྱི་ཡུལ་ཕྱོགས་མི་ཉུང་བ་འགྲིམས་ནས་མ་དངུལ་ཞལ་འདེབས་བསླངས་པས།  《སྦྲང་ཆར་》གྱི་རྩོམ་རིག་ཐེབས་རྩའི་རྨང་གཞི་ཞིག་གཞི་ནས་བཏིངས་ཤིང་།  སྤྱི་ལོ1994ལོ་ནས་བཟུང་ཐེབས་རྩ་དེར་བརྟེན་ནས་རྩོམ་རིག་བྱ་དགའ་དཔྱད་འདེམ་བགྱིད་པའི་འགོ་བརྩམས་ཏེ།  ད་བར་དུ་ཐེངས་གསུམ་ལ་སྤེལ་བ་དང་།    《སྦྲང་ཆར་》དུ་བཀོད་པའི་ཕུལ་བྱུང་སྒྲུང་གཏམ་དང་སྙན་ངག་ལྷུག་རྩོམ་སྐོར་ཞིག་ལ་རྩོམ་རིག་བྱ་དགའ་དེ་ཐོབ། དེ་ཡང་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་དེ་དག་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི།  བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་གཉིས་ཟུང་འབྲེལ་དམ་པོར་བགྱིས་ཡོད་པ་ལས་གཞན། མི་རིགས་ཀྱི་ཁྱད་ཆོས་མཚོན་པ་དང་དུས་རབས་ཀྱི་ཉམས་འགྱུར་ལྡན་པ། དངོས་ཡོད་ཀྱི་འཚོ་བར་ཐག་ཉེ་བ། ཡར་སྐུལ་གྱི་བསམ་བློ་འབུར་དུ་ཐོན་པ་བཅས་སོ།   །ལར་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོ་ནི་ཉུང་ཤས་ཡིན་ཡང་སྐུལ་འདེད་ཀྱི་ནུས་པ་ནི་རྒྱ་ཆེན་པོ་ཡིན་པས།《སྦྲང་ཆར་》གྱི་རྩོམ་རིག་བྱ་དགའ་སྤེལ་བའི་ཐབས་ཤེས་དེ་ནི་རྩོམ་རིག་བརྩམས་ཆོས་ཀྱི་སྤུས་ཀ་ཇེ་ལེགས་དང་།   རྩོམ་པ་པོའི་གསར་རྩོམ་གྱི་སྤྲོ་བ་ཇེ་རྒྱས་སུ་གཏོང་བ་འབའ་ཞིག་ལས་བརྒལ་ཏེ།  བོད་སྤྱིའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བགྱིད་པར་ཡང་ཕན་འབྲས་མི་དམན་པ་ཞིག་མཆིས།  གཞན་ཡང་སྤྱི་ལོ1995ལོ་ནས་བཟུང་།  《སྦྲང་ཆར་》རྩོམ་སྒྲིག་ཁང་གིས་སྐུ་བསོད་ཅན་གྱི་ཀློག་མཁན་ཞེས་པའི་བྱ་འགུལ་སྤེལ་ཏེ་ཀློག་པ་པོ་མི་ཉུང་བར་བྱ་དགའ་གནང་བས།    བོད་ཀྱི་དེང་རབས་རྩོམ་རིག་ཁྱབ་གདལ་དུ་གཏོང་བར་སྐུལ་འདེད་བགྱིས་པར་མ་ཟད།  ཀློག་མཁན་གྱི་ཚོགས་པ་རྒྱ་ཇེ་ཆེར་བསྐྱེད་པའི་ཆ་ལའང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་འདུག   
           སྤྱིར་《སྦྲང་ཆར་》སྤེལ་ནས་བགྲང་བྱ་ཉི་ཤུ་འཁོར་བའི་རིང་ལ་བླངས་པའི་གྲུབ་འབྲས་མངོན་པར་གསལ་ཞིང་ཕན་འབྲས་བརྗོད་ཀྱིས་མི་ལང་མོད།  ཡིན་ནའང་བོད་ཀྱི་ཁ་དཔེར་ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད།  མི་སྐྱོན་མེད་འཛམ་བུ་གླིང་ན་མེད་ཅེས་པའི་དཔེ་ལྟར། ད་ལྟ་ངེད་རྣམས་ཀྱི་མཐོང་ཡུལ་དུ་གྱུར་པའི་བོད་ཀྱི་རྩོམ་རིག་བརྩམས་ཆོས་ཀྱི་བརྗོད་བྱའི་ཁྱབ་ཆུང་ལ།  ཁྱད་པར་དུ་དེང་རབས་ཀྱི་སྤྱི་ཚོགས་དང་འཚོ་བ་མཚོན་པའི་བརྩམས་ཆོས་ཅུང་ཉུང་བ་དང་གཅིག  བོད་ཀྱི་རྩོམ་རིག་བརྩམས་ཆོས་གསར་བའི་ནང་དུ་སྙན་ངག་གི་བརྩམས་ཆོས་མང་བ་དང་ལྷུག་རྩོམ་གྱི་བརྩམས་ཆོས་ཉུང་བ་དང་གཉིས།  དེང་རབས་རྩོམ་རིག་བརྩམས་ཆོས་གྲགས་ཅན་སྐོར་ཞིག་རྒྱ་ཡིག་དང་དབྱིན་ཇིའི་སྐད་སོགས་སུ་བསྒྱུར་ནས་མི་རིགས་གཞན་དང་ཕྱི་གླིང་པར་མཚམས་སྦྱོར་བགྱིས་པ་ཉུང་བ་དང་གསུམ་བཅས་ཀྱི་ཐད་དུ་ཞན་ཆ་རེ་མཆིས་ཀྱང་།   སླད་མར་མུ་མཐུད་ནས་གོང་རིམ་འབྲེལ་ཡོད་ལས་ཁུངས་དང་དབུ་ཁྲིད་རྣམས་ཀྱི་ལྷག་བསམ་རྣམ་དག་གི་ཐུགས་ཁུར་དང་རྒྱབ་རོགས་དང་འབྲེལ།  རྩོམ་སྒྲིག་པ་རྒན་གཞོན་ཡོངས་ཀྱིས་བློ་སེམས་རྩེ་གཅིག་ངང་ལྷོད་མེད་ཀྱིས་བརྩོན་པ་བསྐྱེད་ན།  རང་རེའི་《སྦྲང་ཆར་》དུས་དེབ་འདི་དཔྱིད་ཀྱི་དཔལ་ཡོན་རྒྱས་པ་བཞིན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་ངེས་པར་མ་ཟད། མ་འགྱངས་པར་གངས་ཅན་འཛིན་མའི་རྩོམ་རིག་གི་འདབ་བརྒྱའི་དབུས་སུ། རྣམ་པར་མཛེས་པའི་མེ་ཏོག་ཙམ་པ་ཀ་དང་མཚུངས་པར་ལྷང་ངེར་མངོན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་དོ། །      
                      འབྱམས་ཀླས་གངས་ཅན་རྩོམ་རིག་དགའ་ཚལ་ལས། །      
                      ལེགས་འཁྲུངས་《སྦྲང་ཆར་》ཆུ་སྐྱེས་པད་མའི་དཔལ། །      
                      ཉམས་མེད་དར་རྒྱས་ཕུན་སུམ་ཚོགས་པ་དང་། །      
                      གཞར་ཡང་གངས་རིའི་རྒྱན་དུ་གནས་པར་སྨོན། །                          
2001ལོར་བྲིས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1