ཕྱི་སྣོད་ཀྱི་ཁོར་ཡུག་གཙང་། ། ནང་བཅུད་ཀྱི་གོམས་སྲོལ་བཟང་། །

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-27


    ཉེ་བའི་ལོ་འདི་དག་གི་རིང་། དཀར་མཛེས་ཁུལ་གྱིས་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་ཇེ་བཟང་དུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་ཅིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་ཀར་འབད་བརྩོན་བྱས་ཏེ། དཀར་མཛེས་ཁུལ་གྱིས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་དང་རྒྱལ་ཁབ་སྐྱེ་ཁམས་སྒྲིབ་དངོས་ཁུལ། རྒྱལ་ཁབ་ཀྱི་ལྗང་མདོག་ནུས་ཁུངས་ཐོན་སྐྱེད་རྟེན་གཞི་སོགས་འཛུགས་པའི་དམིགས་འབེན་ལེགས་འགྲུབ་ཡོང་བར་འབད་བརྩོན་དང་། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་དམིགས་འབེན་ལ་འབད་བརྩོན་བྱེད་བཞིན་ཡོད།
     བྲག་འགོ་རྫོང་པད་འདབ་སྡེ་བའི་སྡེ་མི་པད་མ་སྐྱིད་ཀྱིས་གསར་འགོད་པར་པད་འདབ་སྡེ་བར་ཁྱོན་བསྡོམས་ཁྱིམ་ཚང137དང་མི་གྲངས665ཡོད། སྡེ་བ་འདི་ནི་རོང་མ་འབྲོག་གི་ཁོངས་སུ་གཏོགས་པ་རེད། ལོ་རྒྱུས་ཡུན་རིང་ལྡན་པའི་སྡེ་བ་ཆུང་ཆུང་འདིར་ཆུའི་ཐོན་ཁུངས་འབེལ་ལ་ས་བབ་ཀྱི་ཁོད་ཀྱང་སྙོམས་པས་མ་ཚད་ས་རྒྱུ་གཤིན་པོ་ཡིན་པས་ཞོག་ཁོག་དང་ནས། པད་ཁ་སོགས་རྨོ་འདེབས་བྱེད་ཆོག་པ་རེད། འོན་ཀྱང་སྡེ་བ་འདིར་ཉེ་འགྲམ་གྱི་སྡེ་བ་གཞན་དང་འདྲ་བར་སྲོལ་རྒྱུན་རྗེས་ལུས་ཀྱི་རྣམ་པ་ཞིག་ཡོད་པ་ནི་ཚང་མས་ཚད་ལྡན་གྱི་གསང་སྤྱོད་ཁང་མེད་པར་གང་མོས་ཀྱིས་གཅིན་སྐྱག་བཏང་བའི་རྣམ་པ་ཡོད། དེའི་ཕྱིར་གསང་སྤྱོད་ཁང་ཚད་ལྡན་དུ་གཏོང་བ་ནི་དཔལ་ཡོན་གྱི་མཚོན་རྟགས་ཤིག་ཡིན་ལ། གཞི་རྩའི་དགོས་མཁོ་ཞིག་ཀྱང་ཡིན་པ་རེད། གསང་སྤྱོད་ཁང་ཡག་པོ་ཤིག་མེད་ན་མང་ཚོགས་ཀྱི་ནམ་རྒྱུན་འཚོ་བའི་ཁྲོད་སྟབས་མི་བདེ་བ་མང་ལ་ས་གནས་དེ་གའི་འཕེལ་རྒྱས་ལ་ཡང་བཀག་འགོག་ཡོད་པ་རེད་ཅེས་བཤད།

     སྡེ་བ་འདིའི་མང་ཚོགས་རྣམས་ཀྱིས་མགྲིན་གཅིག་ཏུ2017ལོའི་ཡར་སྔོན་དུ་ང་ཚོའི་སྡེ་བ་འདིར་ཚད་ལྡན་གྱི་གསང་སྤྱོད་ཁང་གཅིག་ཀྱང་མེད་པས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ཧ་ཅང་སྟབས་མི་བདེ་བ་རེད། ནམ་རྒྱུན་གཅིན་སྐྱག་གཏོང་དགོས་དུས་ཕོ་མོ་རྒན་གཞོན་ཚང་མ་གད་ཞབས་དང་ཁང་ཞབས། ཡང་ན་ཞིང་ཁ། སྒོ་ར་སོགས་གང་བདེར་བརྒྱུགས་ནས་གཏང་དགོས་པ་ཡིན་ཏེ་གཅིན་སྐྱག་གཏོང་དུས་ཕོ་མོ་ཕན་ཚུན་མཐོང་བ་དང། གཅིན་སྐྱག་ཡོད་སར་ལས་ཀ་ལས་མི་བདེ་བ། རྐང་པས་བརྫི་པ་སོགས་སྐྱུག་བྲོ་བའི་གནས་ཚུལ་འདྲ་མིན་མཐོང་རྒྱུ་ཡོད་པ་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད་ལ། སྡེ་བ་གཞན་དང་ཡུལ་ཚོ་གཞན་པའི་མི་རྣམས་དང་ཕར་འགྲོ་ཚུལ་འོང་གི་ལྗོངས་སྐོར་བ་སོགས་ཀྱི་མཐོང་ན་ཡང་བཞད་གད་ཀྱི་རྒྱུ་རུ་གྱུར་ཡོད་པ་རེད།

      གསང་སྤྱོད་ཁང་ཞེས་པ་དེ་ཁ་ནས་བཤད་དུས་གནད་དོན་ཆུང་ཆུང་ཞིག་ཡིན་ཀྱང་དོན་དམ་དུ་འཚོ་བའི་གྲུ་ཟུར་སོ་སོར་ཤུགས་རྐྱེན་ཆེན་པོ་ལྡན་པ་ཞིག་ཡིན་ཞིང་། གསང་སྤྱོད་ཁང་ཡག་པོ་ཞིག་མེད་དུས་འཕྲོད་བསྟེན་གྱི་ཁོར་ཡུག་བཟང་པོ་ཞིག་ཡོང་མི་ཐུབ་པས་དེ་ནི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་ས་ཁུལ་འཕེལ་རྒྱས་ཀྱི་མདུན་ལྗོངས་སོགས་འཚོ་བའི་གྲུ་ཟུར་སོ་སོ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད། བྲག་འགོ་རྫོང་གིས་སྔོན་ནས་མངའ་ཁོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་མང་པོར་མང་ཚོགས་ཀྱིས་གཙང་སྦྲ་མི་བྱེད་པའི་གོམས་གཤིས་ངན་པ་ཡོད་པ་དེ་བསྒྱུར་འདོད་ཡོད་པས། འབྲེལ་ཡོད་སྲིད་ཇུས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ནས་གྲོང་མིའི་གསང་སྤྱོད་ཁང་སྒྱུར་བཀོད་དང་ཕྱུགས་ར་སྒྱུར་བཀོད་བྱ་རྒྱུའི་འབོད་སྐུལ་བྱས་རུང་མ་དངུལ་དཀོན་པའི་དབང་གིས་སྡེ་མི་མང་པོས་དགོས་མཁོ་མེད་པར་ངོས་འཛིན་བྱས་ནས་འཛུགས་སྐྲུན་བྱེད་མ་ཐུབ་པར་ཕྱིར་འགྱངས་སུ་ལུས་པ་རེད།
     དབུལ་བྲལ་གནད་སྒྲོལ་གྱི་སྲིད་ཇུས་ཁག་རྒྱུན་ཆད་མེད་པར་ལག་བསྟར་དོན་འཁྱོལ་བྱུང་བ་དང་བསྟུན་ནས་བྲག་འགོ་རྫོང་གི་ཆུ་དང་གློག གཞུང་ལམ། དྲྭ་རྒྱ་སོགས་གཞི་རིམ་སྒྲིག་བཀོད་ཟམ་མི་ཆད་པར་ཇེ་ལེགས་ཇེ་རྒྱས་སུ་བཏང་བ་དང་། གྲོང་མིའི་བསམ་བློའི་འདུ་ཤེས་དང་འཚོ་བའི་དགོས་མཁོ་སྐོང་བ་སོགས་ཀྱི་ཐད་ལའང་ཉིན་རེ་བཞིན་འགྱུར་ལྡོག་གཏོང་བཞིན་ཡོད།
      2017ལོར་བྲག་འགོ་རྫོང་གིས་སྒྱུར་བཅོས་ལྔ་དང་འཛུགས་སྐྲུན་གསུམ་གྱི་ལས་དོན་སྤེལ་མགོ་བཙུགས་ཤིང་། དེའི་ནང་ནས་དམིགས་ཚད་གཅིག་ནི་ཚང་མས་གསང་སྤྱོད་ཁང་མི་བསྐྲུན་པའི་སྲོལ་རྒྱུན་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་བཏང་ནས་ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་ཡོངས་སུ་ཁྱབ་གདལ་གཏོང་ཐུབ་པ་བྱ་རྒྱུ་དེ་རེད། འབྲེལ་ཡོད་སྲིད་ཇུས་དང་གྲོང་སྡེ་དེའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། སྲིད་གཞུང་གིས་ཚད་ལྡན་ཅན་གྱི་གསང་སྤྱོད་ཁང་སྐྲུན་དགོས་པའི་བླང་བྱ་བཏོན་ཅིང་། ཚད་ལྡན་ཅན་གྱི་གསང་སྤྱོད་ཁང་སྐྲུན་པར་དབུལ་ཕོངས་རེ་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི་གཅིག་ལྷག་དང་། དེ་མིན་དུད་ཚང་གཞན་དག་ལ་ཁ་གསབ་རོགས་དངུལ་སྒོར་སྟོང་བདུན་བརྒྱད་རེ་སྟེར་བ་རེད།

      མ་དངུལ་གྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་པས་དྲིལ་བསྒྲགས་དང་སྐུལ་སློང་སེམས་སུ་ཟུག་མཐར་ལོ་ཕྱེད་ཙམ་གྱི་དུས་ཚོད་ནང་སྡེ་བ་འདིའི་ཁྱིམ་ཚང་ཚང་མས་ཚད་ལྡན་ཅན་གྱི་གསང་སྤྱོད་ཁང་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད་པ་རེད། གསང་སྤྱོད་ཁང་འཛུགས་སྐྲུན་བྱས་རྗེས་སུ་ས་གནས་དེ་གའི་མང་ཚོགས་ཀྱི་ཁོར་ཡུག་གཙང་མར་གྱུར་ཡོད་ལ། ཁོ་ཚོའི་རྒྱུན་ལྡན་འཚོ་བའི་གོམས་གཤིས་ཀྱང་ཉིན་རེ་ནས་ཉིན་རེར་ཇེ་ཡག་ནས་ཇེ་ཡག་ཏུ་འགྲོ་བཞིན་ཡོད།

     ཚད་ལྡན་གྱི་གསང་སྤྱོད་ཁང་ལེགས་གྲུབ་བྱུང་བ་དེས་ལོ་ངོ་སྟོང་ཕྲག་ལྷག་གི་རྗེས་ལུས་ཀྱི་སྲོལ་རྒྱུན་རྣམ་པ་མཇུག་རྫོགས་པར་མ་ཟད་ས་གནས་དེ་གའི་མང་ཚོགས་ཀྱི་གཙང་སྦྲའི་འདུ་ཤེས་ལ་འགྱུར་བ་ཆེན་པོ་ཐེབས་ཡོད་པ་དང་ས་གནས་དེ་གའི་འཕྲོད་བསྟེན་ཁོར་ཡུག་ཆེས་ཇེ་ལེགས་སུ་སོང་བ་ལའང་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ཡོད། སྡེ་བ་འདིའི་མང་ཚོགས་ཚེ་རིང་དོན་འགྲུབ་ཀྱིས་གསར་འགོད་པར་གསང་སྤྱོད་ཁང་སྒྱུར་བཀོད་ལས་གྲྭ་འདི་ལེགས་འགྲུབ་བྱུང་རྗེས་ངེད་སྡེ་བའི་འཕྲོད་བསྟེན་གྱི་ཆ་རྐྱེན་ཇེ་ལེགས་ནས་ཇེ་བཟང་དུ་འགྲོ་ངེས་ལ། དུས་རྒྱུན་འཚོ་བའི་ཁྲོད་དུ་མི་སྒེར་གྱི་གཙང་སྦྲ་ཡིན་ནའང་འདྲ་ཁྱིམ་ཚང་གི་འཕྲོད་བསྟེན་དང་སྤྱི་པའི་འཕྲོད་བསྟེན་སོགས་གང་ཡིན་ནའང་འདྲ་ཚང་མས་རང་འགུལ་གྱི་ངང་ནས་དེར་དོ་སྣང་བྱེད་ཀྱིན་ཡོད་པ་རེད་ཅེས་བཤད།

      སྡེ་མི་ཆོས་མཚོས་དེང་སང་ཁོར་ཡུག་གི་འཕྲོད་བསྟེན་ཇེ་ལེགས་སུ་སོང་བ་དང་ཆབས་ཅིག་ལྗོངས་སྐོར་བའང་ཉིན་རེ་ནས་ཉིན་རེར་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད་པས་ས་གནས་དེའི་ཡུལ་མི་ཚོས་མགྲོན་པོ་སྣེ་ལེན་བྱེད་པར་སྟ་གོན་བྱེད་བཞིན་ཡོད་ཟེར།།
(རྒྱལ་ཁམས་བལྟ་བའི་མེ་ལོང་ཞེས་པའི་ལེ་ཚན་གྱི་དྲིལ་སྒྲོག་ཚན་ཆུང་དང་པོ། ལིའུ་ཧྲུའུ་ཀང་དང་ཝང་ཡན། ཕན་ཅེན་ཡན། ཝང་ཧའོ་པེན། ཁྲིན་ཡུང་ཆིང་། མགོན་པོ་ཚེ་བརྟན། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1