དེང་སང་འཛམ་གླིང་ལ་དར་བའི་རྟ་ཐོག་ཕོ་ལོང་གི་མིང་ལ་དབྱིན་སྐད་དུ་ballཞེས་བརྗོད། དབྱིན་ཇིའི་ball ཟེར་བའི་མིང་དེ་བོད་ཡིག་ཏུ་ཕོ་ལོང་ཞེས་བྲིས་ཡོད་ལ། ball ཞེས་པའི་མིང་འདི་ཡང་བོད་སྐད་ཀྱི་ཕོ་ལོང་ཞེས་པའི་ཚིག་འདིའི་སྒྲ་ཡིན་པར་བཤད། དག་ཡིག་གསར་བསྒྲིགས་ལས། 1རྩལ་སྦྱོང་གི་ཡོ་བྱད་གྲུ་གུའི་མིང་སྟེ་སྔོན་དུས་དར་སྐུད་དཀྲིས་ནས་བཟོས་པ་ལ་དར་གྱི་ཕོ་ལོང་ཟེར། ཞེས་འགྲེལ་ཡོད།
ཕོ་ལོང་ཞེས་པ་འདི་ནི་བལ་སྐུད་ཀྱིས་སྙིང་བོར་བལ་བཞག་སྟེ་སྐུད་པས་དཀྲིས་ནས་བཟོས་ན་ཐང་ལ་བརྒྱབས་ན་ཡར་ལྡིང་བ་ཡིན་པས་འདི་ལྟར་བཟོ་བའི་སྲོལ་དེ་ཉེ་རབས་བར་དུ་ཡོད། དེ་བས་ཕོ་ལོང་གི་མིང་ས་ཆ་མང་བོ་ཞིག་ཏུ་མིང་ལ་གྲུག་པ་ཞེས་བརྗོད་པ་ཡང་འདི་ལ་འབྲེལ་བ་ཡོད་དེ་དེ་ནི་གྲུ་གུའི་ཕོ་ལོང་ཞེས་པའི་ཚིག་སྡུད་དུ་མངོན་ཏེ་ཁ་སྐད་དུ་ཕ་ལ་པ་ཞེས་ས་ཆ་མང་བོར་ཀློག་པས་སོ། །དེ་ན་རིམ་བཞིན་སྲོག་ཆགས་ཀྱི་ལྒང་བུ་ལ་དབུགས་བརྒྱབས་ཏེ་རྩེད་མོ་རྩེད་པའི་སྲོལ་ཡོངས་ཁྱབ་ཏུ་དར་ཡོད་ལ། དེ་མི་ཐེད་པའི་ཆེད་དུ་ཕྱིང་བས་བཏུམ་པ་དང༌། གོ་བས་བཏུམ་པའི་སྲོལ་ཀྱང་བོད་ཀྱི་བྱིས་པ་དག་ལ་སྔོན་ཆད་ཡོངས་སུ་དར་བ་རེད། ལོ་གསར་གྱི་སྐབས་སུ་སླེ་བོ་སྡོང་མགོར་བཀལ་ནས་རྩེད་སྲོལ་དེ་ཁོ་བོ་བྱིས་པའི་དུས་སུ་ཡང་ཉམས་མེད་དུ་གནས་ཡོད། རྟ་ཐོག་ཕོ་ལོང་ལ་ཞིབ་འཇུག་བྱེད་མཁན་དག་གིས། བོད་ནི་རྟ་ལ་ཞོན་པའི་མི་རིགས་ཤིག་ཡིན་པས་རྟར་ཞོན་པ་ནི་མི་རིགས་འདིའི་འཚོ་བའི་འབྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། དེ་བས་རྟ་ཐོག་ནས་དར་ལེན་པ་དང༌། མདའ་འཕེན་པ། གྲི་དང་མདུང་རྩེད་བྱེད་པ་སོགས་སྐྱ་རྩལ་སྣ་ཚོགས་ནི་མི་རིགས་འདིའི་རྩེད་མོ་ཞིག་ཏུ་གྱུར་ཅིང་དེ་བཞིན་ཕོ་ལོང་ཡང་རྟ་ཐོག་ནས་ རྩེས་པའི་རྩེད་མོ་ཞིག་ཏུ་གྱུར།
མཁས་པ་ཕལ་མོ་ཆེསballཞེས་པའི་བརྡ་འདི་ནི་བོད་ནས་བྱུང་བར་བཞེད་ཅིང༌། རྟ་ཐོག་ཕོ་ལོང་གི་ཕ་ས་བོད་ཡིན་པར་འདོད། ཡིན་ན་ཡང༌། དེང་རབས་མཁས་པ་ལ་ལས་རྟ་ཐོག་ཕོ་ལོང་འདི་ཐོག་མར་བོད་ནས་དར་བ་མ་ཡིན་པར་སྟག་གཟིག་ནས་བོད་དུ་དར། དེ་ནས་རྒྱ་ནང་དུ་དར་བར་བཞེད་ཅིང༌། ལ་ལས་འདི་སོག་པོ་སོགས་སུ་ཡོངས་སུ་ཁྱབ་ཅིང་ སྟག་གཟིག་ནས་རྒྱ་ནག་ལ་དར་བར་འདོད། ད་ལྟ་མཁས་པ་དག་གི་བཞེད་པ་ཁྱབ་ཆེ་བ་ སྟག་གཟིག་ནས་བོད་དུ་དར་བ་དང༌། བོད་ནས་སྟག་གཟིག་ཏུ་དར་བ་གཉིས་ཏེ། དེ་གཉིས་ལ་རྩོད་པ་མུ་མཐུད་དུ་འབྱུང་བཞིན་ཡོད།
བོད་རིག་པའི་མཁས་པ་རྒྱ་ནག་པ་དབང་རྒྱལ་གྱིས་《རྟ་ཐོག་ཕོ་ལོང་ལ་གསར་དུ་དཔྱད་པ》ཞེས་པར་རྟ་ཐོག་ཕོ་ལོང་ཐོག་མར་དར་ས་བོད་ཡིན་ཞིང་བོད་ཀྱི་ཐོག་མཛོད་ཐོག་མ་《བྱེ་བྲག་རྟོགས་བྱེད་ཆེན་མོའི》ནང་དུ་ཐོག་མར་ཐ་སྙད་འདི་ཐོན་པས་དུས་རབས་བརྒྱད་པ་དང་དགུ་བའི་ནང་དུ་ཕོ་ལོང་ཞེས་པའི་ཐ་སྙད་འདི་བྱུང་ཡོད་ཅེས་རྟ་ཐོག་ཕོ་ལོང་གི་ཁུངས་བོད་དུ་སྨྲས་པ་ནི་ཁུངས་དང་ལྡན་ཏེ། 《བྱེ་བྲག་རྟོགས་བྱེད་ཆེན་མོ》རུ། ཀནྡུ་ཕོ་ལོང༌། ཞེས་བཀོད་ཡོད་དོ། །①འདིའི་སྔོན་དུ་ཨ་རིའི་སྡོད་དམངས་འཇར་མན་གྱི་མཁས་པ་ལོའོ་ཧྥོ་ཨེར་ལགས་Bertnod Laufer (1874-1934)ཀྱིས་བོད་སྐད་ཁྲོད་ཀྱི་གཡར་ཚིག་ཞིབ་འཇུག་ཅེས་པ་ལས། དབྱིན་ཡིག་ལས་དོན་སྙིང་ལྡན་པའི་བོད་ཀྱི་ཚིག་ཅིག་གཡར་ཡོད་པ་ནི་ཕོ་ལོང་སྟེ་རྟ་རྩེད་དེ་ཡིན་②གསུངས། 《དུས་རབས་འདིའི་ཚིག་མཛོད》དང་《དབྱིན་ཆེན་མོའི་སྣ་འཛོམས་ཚིག་མཛོད》ལས་ཀྱང༌། ཐ་སྙད་འདི་བོད་ཡིག་ལས་བྱུང་བར་བཤད། སློབ་དཔོན་ཡིན་ཧྥ་ལོ་(阴法鲁教授)ཞེས་པས་ལོ་རབས་ལྔ་བཅུ་བར་འདི་ལ་ཞིབ་འཇུག་བྱས་མྱོང་སྟེ། ཁོང་གིས་རྟ་རྩེད་ཕོ་ལོང་ནི་བོད་སྐད་ཀྱི་ཕོ་ལོང་ཞེས་པ་འདི་ལས་བྱུང༌། ཐང་རྒྱལ་རབས་ཀྱི་སྐབས་སུ་金波罗ཟེར་ཞིང༌། ཡོ་རོབ་དང་ཨ་རབ་ཀྱི་ཕོ་ལོང་ཞེས་འབོད་པ་འདི་ཡང་བོད་ཀྱི་བརྡ་ལས་བྱུང་བ་ཡིན་③ཞེས་བཤད། འདི་དག་ལ་སོགས་པའི་མཁས་པ་མང་བོ་ཞིག་གིས་རྟ་ཐོག་ཕོ་ལོང་བོད་ནས་བྱུང་བར་འདོད།
ཐང་རྒྱལ་གྱི་སྐབས་སུ་བོད་ཀྱི་ཕོ་ཉ་དང་ཐང་གི་རྟ་ཐོག་ཕོ་ལོང་རུ་ཁག་གི་འགྲན་བསྡུར་བྱས་པའི་ལོ་རྒྱུས་དེ་ལས་ལོ་རྒྱུས་རིག་པ་བ་མང་བོ་ཞིག་གིས་སྐབས་དེར་བོད་ལ་རྟ་ཐོག་ཕོ་ལོང་དར་ཁྱབ་ཤིན་ཏུ་ཆེ་བ་དང༌། བོད་ནས་རིམ་བཞིན་དུ་ཐང་རྒྱལ་རབས་སུ་དར་བ་ཡིན་པར་གླེང་བཞིན་ཡོད། དོན་དངོས་སུ་དེ་བཞིན་དུ་གྲུབ་སྟེ། 《ཧྥིན་ཧྲི་མཐོང་ ཐོས་ཟིན་ཐོ། 》④ཞེས་པ་ལས།དུས་རབས་བདུན་པའི་སྐབས་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཐང་བོད་བར་གཉེན་འབྲེལ་བྱུང་རྗེས་བོད་ནས་བློ་རྣོ་བའི་གཞོན་ནུ་ཁག་ཅིག་འདེམས་ནས་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་དུ་ཡོད་པའི་གོའ་ཞོའོ་ཞེས་པའི་སློབ་གྲྭར་ཡི་གེ་དང་གཙུག་ལག་རིག་པའི་གནས་སྦྱོང་བར་བཏང་ཞིང༌། དེ་ལྟར་བོད་ཀྱི་ཕོ་ལོང་ཐང་རྒྱལ་རབས་ལ་དར་བ་ཡིན་གསུངས། 《ཐང་ཡིག་གསར་བ་ལས་བྱུང་བའི་བོད་ཀྱི་ལོ་རྒྱུས》ལས། ཤན་ཆིན་ལོ་གསུམ་པར་གསེར་གྱི་ཨིང་དང་གསེར་གྱི་ཕོ་ལོང་སོགས་སྐྱེས་སུ་ཕུལ་ནས་ཡང་བསྐྱར་གཉེན་བསླངས་ཞེས་བཀོད་ཡོད།⑤དེ་ནས་རིམ་བཞིན་འབྲེལ་ཡོད་ཡིག་ཆ་དག་ལས། བཙན་པོ་དག་གིས་ཁྲང་ཨན་དུ་སློབ་གཉེར་བ་མུ་མཐུད་དུ་སློབ་གཉེར་དུ་མངགས་པ་དེ་དག་གིས་རྟ་ཐོག་ནས་ཕོ་ལོང་རྒྱག་རྒྱུར་ཤིན་ཏུ་དགའ་བས་སློབ་ཞོར་གྱི་ དུས་ཚོད་ནམ་ཡོད་ལ། གྲོང་ཁྱེར་ཁྲང་ཨན་གྱི་ཉེ་འདབས་སུ་རྟ་ཐོག་ཕོ་ལོང་རྩེད་ཀྱིན་ཡོད། ཐང་རྒྱལ་རབས་ལ་རྟ་ཐོག་ནས་ཕོ་ལོང་རྩེད་སྲོལ་མེད་སྟབས། མི་རྣམས་ཡ་མཚན་ཆེན་པོས་རྟ་ཐོག་ཕོ་ལོང་རྒྱག་སར་ལྟད་མོ་བལྟ་བར་ཡོང་གི་ཡོད་ཅིང༌། དེ་ལྟར་བྱས་པ་བརྒྱུད་རིམ་བཞིན་ཁྲང་ཨན་གྲོང་ཁྱེར་ནང་དུ་རྟ་ཐོག་ནས་ཕོ་ལོང་རྒྱག་སྲོལ་མགྱོགས་མྱུར་དར་བ་དང༌། ལྷག་པར་མི་དྲག་འབྱོར་ལྡན་གྱི་མིའི་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་སྟེ། ཁོང་ཚོས་རྟག་ཏུ་རྟ་ཐོག་ནས་ཕོ་ལོང་རྒྱག་པའི་འགྲན་བསྡུར་བྱེད་ཀྱི་ཡོད། ཁོང་ཚོའི་ཁྲོད་དུ་ཐང་ཞོན་ཙུང་ལི་ལུང་ཅི་ལྟ་བུ་རྟ་ཐོག་ནས་ཕོ་ལོང་རྒྱག་པའི་སྒྱུ་རྩལ་བྱང་ཆུབ་པའང་མི་ཉུང་བ་ཞིག་བྱུང་ཡོད། ད་ལྟའི་ཐང་རྒྱལ་རབས་ཀྱི་རྟ་ཐོག་ཕོ་ལོང་གི་རི་མོ་དག་ལ་བལྟས་ན་སྐུ་ དྲག་དག་དང༌། ཕོ་བྲང་ནང་གི་སྲས་མོ་ཚོས་ཀྱང་རྩེད་བཞིན་ཡོད་པས་རྟ་ཐོག་ཕོ་ལོང་དེ་དུས་ཡུན་ཐུང་ངུའི་ནང་དུ་ཐང་རྒྱལ་རབས་སུ་དར་ཁྱབ་བྱུང༌། སའེ་ཐང་གི་ལོ་རྒྱུས་ཆེད་ལས་ཞིབ་འཇུག་པ་སློབ་དཔོན་ཧན་གོ་པན་གྱི་《ཐང་རྒྱལ་རབས་ཀྱི་རྒྱ་རིགས་དང་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་རིག་གནས་འབྲེལ་འདྲིས》ཞེས་པ་ལས། བོད་མི་ཕོ་ལོང་རྩེད་པར་དགའ་ཞིང་སྐབས་དེའི་རྒྱ་ནག་པའི་ཕོ་ལོང་གི་རྩེད་མོ་དེ་བོད་ནས་སྦྱངས་ཏེ་ཡོང་བ་ཞིག་རེད། སྐབས་དེར་རྒྱའི་རིག་གནས་བོད་དུ་སྤེལ་བ་ཙམ་མ་ཡིན་པར་བོད་ཀྱི་རིག་གནས་ཀྱང་རྒྱ་ནག་ཏུ་དར་ནས་རྒྱ་རིགས་ལ་ཕན་ཆེན་པོ་བཏགས་ཡོད་ཅེས་བཀོད་ཡོད།
སྤྱི་ལོ་710བོད་ལྕགས་ཁྱི་ལོར་བོད་ཀྱི་བློན་པོ་ཞང་ཏོ་རེ་ལྷས་བྱིན་ལ་སོཊ་པ་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་བཙན་པོའི་བཙུན་མོར་བསུ་བར་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་དུ་འབྱོར། ཐང་གོང་མར་བཙུན་མོ་སློང་བའི་འབུལ་རྟེན་རྣམས་ཕུལ་ནས་རྒྱུ་མཚན་ཞུས་པས་རྒྱལ་རྒྱུད་ཀྱི་སྲས་མོ་གྱིམ་ཤིང་ཀོང་ཇོ་གནང་བར་ཞལ་གྱིས་བཞེས། བོད་ཀྱི་ཕོ་ཉ་རྣམས་ལའང་སྣེ་ལེན་གཟབ་རྒྱས་གནང༌། སྐབས་འདིར་བོད་ཀྱི་བློན་པོ་རྣམས་ཀྱིས་རྒྱལ་ས་ཁྲང་ཨན་དུ་རྟ་ཐོག་ནས་ཕོ་ལོང་འཕེན་པའི་སྒྱུ་རྩལ་འགྲན་ཟླ་བྲལ་བ་ཞིག་ཡོད་པ་རྒྱའི་ཡིག་ཚང་དུ་གསལ།
བོད་བློན་རྣམས་ཕྱིར་ལོག་ཁར་ཉིན་གཅིག་རྒྱ་རྗེ་ཐང་ཀྲུང་ཙུང་གིས་བོད་ཀྱི་བློན་པོ་རྣམས་ལི་ཡོན་ཐིང་ཙེ་ཞེས་པའི་གནས་དེར་རྟ་ཐོག་ཕོ་ལོང་གཟིགས་མོར་གདན་ཞུ་གནང༌། ཐང་གོང་མ་དང་བོད་ཀྱི་བག་མ་བསུ་བའི་ཕོ་ཉ་རྣམས་ལྷན་དུ་རྟ་ཐོག་ནས་ཕོ་ལོང་རྒྱག་པའི་འགྲན་རྩེད་ལ་གཟིགས་མོ་གཟིགས་སྐབས་བོད་བློན་རྣམས་ཀྱི་འདོད་དོན་ལྟར་བོད་ཀྱི་ཕོ་ཉ་ཚོ་དང་རྒྱལ་ས་ཁྲང་ཨན་དུ་ཡོད་པའི་གོང་མའི་ཕོ་བྲང་གི་ཁོངས་གཏོགས་རྟ་ཐོག་ཕོ་ལོང་རུ་ཁག་གཉིས་འགྲན་བསྡུར་བྱས། ཐེངས་དང་བོར་བོད་ཀྱི་ཕོ་ཉ་རྒྱལ་ནས་གོང་མའི་རྟ་ཐོག་ཕོ་ལོང་རུ་ཁག་ཕམ། དེའི་སྐབས་ལྟད་མོ་བའི་འདུ་ཚོགས་ཀྱི་ ཁྲོད་དུ་ཐང་ཞོན་ཙུང་ལི་ལུང་ཅིའམ་མཚན་གཞན་ཞིག་ཏུ་ཐང་མིང་ཧོང་ཞེས་ཐང་གོང་མའི་རྒྱལ་རྒྱུད་རྟ་ཐོག་ཕོ་ལོང་ཤིན་ཏུ་མཁས་པ་ཞིག་ཡོད་པ་ཐང་ཀྲུང་ཙུང་གིས་མཁྱེན་སྟབས། ཐང་ཀྲུང་ཙུང་གིས་ཐང་ཞོན་ཙུང་ཡང་ཐེངས་དེའི་རྟ་རྩེད་ཕོ་ལོང་འགྲན་བསྡུར་ནང་གཞུག་དགོས་ཞེས་བཀའ་ཕབ། ཐང་གོང་མའི་བཀའ་བཞིན་ཐང་ཞོན་ཙུང་ཡང་འཕྲལ་དུ་རྟ་ཐོག་ཕོ་ལོང་འགྲན་བསྡུར་ནང་ཞུགས། ཐང་གོང་མའི་རྟ་ཐོག་ཕོ་ལོང་རུ་ཁག་དང་བོད་ཀྱི་ཕོ་ཉ་རྣམས་འགྲན་བསྡུར་ཉིན་གང་བྱས་རུང་རྒྱལ་ཕམ་དབྱེ་བ་མ་ཆོད་པར་དགོང་མོར་མུ་མཐུད་ནས་འགྲན་བསྡུར་བྱས། དེའི་སྐབས་ཕྱོགས་བཞིར་ལྒང་བཞུའི་འོད་མདངས་ཁྲ་ལམ་མེར་འཕྲོས་ནས་ལྟད་མོ་བ་ཚོར་ཉིན་མོ་ཡིན་པ་ལྟ་བུ་ལས་མཚན་མོའི་སྣང་ཚུལ་ཡང་མ་འཆར་བ་དང༌། ཕོ་ལོང་རྒྱག་མཁན་ཚོས་ཀྱང་དྭངས་ཤིང་གཙང་བའི་མེ་ལོང་ལྟ་བུའི་ཐང་ཆེན་ཐོག་ངལ་སྣང་སྤུ་ཙམ་མེད་པར་རང་རང་གི་ཕུལ་དུ་བྱུང་བའི་ཁྱད་རྩལ་ངོམ་སྐབས། ཕོ་ལོང་རྒྱག་མཁན་ཚོ་རྟ་ཐོག་ནས་ལྷུང་གི་དོགས་པའི་དངངས་འཚབ་ཀྱིས་ལྟད་མོ་བ་ཚོའི་ལུས་པོ་ཡམ་ཡོམ་དུ་གཡོ་བ་དང༌། ཕོ་ལོང་རྒྱག་མཁན་ཚོའི་སྒྱུ་རྩལ་གྱི་སྒེག་ཉམས་ལ་ལྟད་མོ་བའི་ཁྲོད་དུ་བསྔགས་བརྗོད་ཀྱང་དར་དིར་དུ་སྒྲོག དེ་ལྟར་ཉིན་མཚན་གཅིག་རིང་མི་སེམས་གཡོ་བའི་འགྲན་བསྡུར་བྱས་མཐར། ཐང་གོང་མའི་ཕོ་ལོང་རུ་ཁག་དང༌། བོད་ཀྱི་བག་མ་བསུ་མཁན་གྱི་ཕོ་ཉ་རྣམས་ཕན་ཚུན་རྒྱལ་ཕམ་མེད་པར་འདྲ་མཉམ་གྱུར།
ཐང་གོང་མ་ཀྲུང་ཙུང་དང་བོད་རྗེ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་སྐུ་དུས་སུ། ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་དུ་ཐང་བོད་གཉིས་དབར་མཛའ་བརྩེའི་ངང་རྟ་ཐོག་ཕོ་ལོང་གི་འགྲན་བསྡུར་བྱས་པའི་གནས་ཚུལ་དེ་ཐང་རྒྱལ་རབས་ཀྱི་རི་མོ་བ་གྲགས་ཅན་ ཡན་ལི་པན་གྱིས་སྐབས་དེ་རང་དུ་ཇི་མ་ཇི་བཞིན་རི་མོའི་ལམ་དུ་བཀོད་པའི་《ཐང་མིང་ཧོང་གིས་མཚན་མོར་རྟ་ཐོག་ཕོ་ལོང་འགྲན་པ》ཞེས་པའི་ལོ་རྒྱུས་ཀྱི་དཔེ་རིས་དེ། པེ་ཅིང་གི་གནའ་བོའི་ཕོ་བྲང་ནང་རྩ་ཆེའི་རིག་དངོས་ལ་བརྩིས་ནས་ཉར་ཚགས་བྱས་པ་ད་ལྟའང་ཡོད་ཟེར།
ལོ་ངོ་ཆིག་སྟོང་སུམ་བརྒྱར་ཉེ་བའི་སྔོན་ལ་བོད་ནས་རྟ་ཐོག་གི་ཕོ་ལོང་སྒྱུ་རྩལ་དེ་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་དུ་དར་བ་དང༌། དེ་རྗེས་ཀྱི་ལོ་ངོ་བདུན་ཅུ་ཙམ་གྱི་རྗེས་སུ་ཁྲང་ཨན་དུ་ཐང་རྒྱལ་རབས་ཀྱི་རྟ་ཐོག་ཕོ་ལོང་རུ་ཁག་དང་བོད་ཀྱི་ཕོ་ཉ་རྣམས་རྟ་ཐོག་ནས་ཕོ་ལོང་འགྲན་བསྡུར་བྱས་པ་དེ་ལས། བོད་མི་རིགས་གནའ་ནས་ཕོ་ལོང་རྩེད་པའི་སྲོལ་རྒྱ་ཆེན་པོ་དར་ཡོད་པ་ཤེས་པ་མ་ཟད། རྟ་ཐོག་ཕོ་ལོང་རྩེད་པའི་སྐྱ་རྩལ་ཐུན་མོང་མ་ཡིན་པ་ཞིག་དར་ཡོད་པ་ཤེས་ཐུབ་པ་རེད།
བོད་ཀྱི་ལོ་རྒྱུས་ཡིག་ཚང་ལས་འདིའི་སྐོར་བྲིས་པ་མེད་ལ། འགྲན་བསྡུར་དེ་རྗེས་ནས་རྟ་ཐོག་ཕོ་ལོང་འདི་ཐང་དམག་གིས་དམག་རྩལ་སྦྱོང་བའི་རྣམ་པ་ཞིག་ཏུ་གྱུར་ཡོད་ཅིང༌། སྐྱ་དམག་གི་དམག་འཐབ་ཀྱི་རྩལ་ཞིག་ཏུ་ངོས་བཟུང་ནས་དར་སྤེལ་དུ་གཏོང་བཞིན་ཡོད་དེ།《ཐང་ཡིག་གསར་མ་ལས་བྱུང་བའི་དམག་གི་ལོ་རྒྱུས》ལས། ཀྲན་གོན་ནས་ལིན་ཏིག་ཁྲི་ལོ་བཞི་བཅུའི་བར་རྟ་ཁྲི་བདུན་ཅུ་དང་སྟོང་དྲུག་ལ་སླེབས། དམག་དཔུང་གིས་གང་སར་རྟ་ཐོག་ཕོ་ལོང་ར་བ་མང་བོ་བཟོས་ཡོད། དེ་རུ་དམག་ཁྲི་ལྷག་སྡོད་པའི་མལ་ཁང་ཡང་བཟོས་ཡོད། ནུབ་མཐའི་དམག་གི་རྟེན་གཞི་གལ་ཆེན་ཏུང་ཧོང་གི་དམག་དཔུང་གི་སྒར་ཁག་དག་ཏུ་ཡང༌། རྟ་ཐོག་ཕོ་ལོང་ར་བ་བཟོས་ཡོད་པར་བཤད།
རྟ་ཐོག་ཕོ་ལོང་འདི་གྲོན་དངུལ་ཀྱང་སྲིད་གཞུང་གིས་གཏོང་བ་སོགས་རྟ་ཐོག་ཕོ་ལོང་འདི་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྲུང་སྐྱོབ་དང་འབྲེལ་བ་ཡོད་པ་ཞིག་ཏུ་བཟུང་ནས་དར་རྒྱས་ཆེན་པོ་བྱུང་བར་བཤད་ལ། འདིའི་སྐོར་གྱི་སྙན་ངག་དང་རི་མོ་ཡང་གང་མང་མཐོང་རྒྱུ་ཡོད།
ཡིན་ན་ཡང༌། ཕངས་པ་ཞིག་ལ་བོད་ཀྱི་རྟ་ཐོག་ཕོ་ལོང་གི་སྐོར་ཡིག་ཐོག་ནས་ཅི་ཡང་བཀོད་མེད་ཅིང༌། ཐ་ན་པོ་ཏ་ལ་དང་བོད་ཀྱི་དགོན་སྡེ་ཁག་གི་སྡེབས་རིས་སུ་རྟ་རྒྱུགས་མདའ་འཕེན་ལ་སོགས་པའི་རི་མོ་གང་མང་ཞིག་བྲིས་ཡོད་མོད། དེ་དག་གི་ཁྲོད་དུ་ཤུལ་ཙམ་ཡང་བྲིས་མེད་པས། རྐྱེན་ཅི་ཞིག་གིས་ཉམས་པར་གྱུར་པ་ནི་ད་ལྟ་ཆེས་གསང་བ་ཞིག་ཏུ་གྱུར་འདུག་པས། ལོ་རྒྱུས་ཞིབ་འཇུག་པ་དག་གིས་ཆེད་དུ་ཞིབ་འཇུག་བྱ་དགོས་པ་ཞིག་རེད་དོ།།