༄༅། །བོད་པའི་ཟས་མཆོག་སྦྲང་དཀར་རྩམ་པ།

དབང་ཆེན་རྣམ་རྒྱལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གཅན་ཚའི་དྲ་བ། སྤེལ་དུས། 09-17


       མུ་ཏིག་བསྟར་ལ་བརྒྱུས་བ་འདྲ་བའི་གངས་རི་ར་བའི་ནང་རོལ་ན་འཚོ་ཞིང་གཞེས་པའི་གངས་ཅན་བོད་མིའི་ཁ་ཟས་ཀྱི་གཙོ་བོ་སྟེ། སྦྲང་དཀར་རྩམ་པ། ཁྱོད་ནི་མདོག་དཀར་ཞིང་ཐོན་ཁུངས་གཙང་བའི་ཟས་མཆོག་ཅིག་ཡིན་ལ། བོད་ཡུལ་ཁོ་ནའི་ལུས་སེམས་ཀྱི་ལོངས་སྤྱོད་ཅིག་ཏུ་ གྲུབ་ཡོད་ཕྱིར་བོད་མི་རྣམས་ཀྱི་ཁྱོད་ལ་ལྷད་མེད་ཀྱི་དུངས་ཞེན་ཆགས་ཡོད། དེ་ཡང་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན་ཏེ། ཁ་ལ་ཞིམ་ཞིང་ཁོག་ལ་འཕྲོད་པར་མ་ཟད། ལུས་པོ་བདེ་ཐང་ལ་དེ་བས་ཀྱང་ཕན་ནུས་ལྡན་ཕྱིར་ཟས་རིགས་གཞན་དང་བསྡུར་ན་མ་བཅོས་རང་བྱུང་གི་ཁྱད་ཆོས་ཤིག་ཡོད། དེའི་ཕྱིར། སོག་རིགས་དང་རྒྱ་རིགས་ཀུན་གྱིས་སྨོན་པའི་འགྲམ་ཆུ་ལྡང་མྱོང་ལ། བོད་ཀྱི་རྩམ་པ་ནི་ཟས་མཆོག་ཅིག་དང་བོད་ཀྱི་རྩམ་པ་ཁ་ཟས་སུ་བྱས་ན་ནད་མེད་ཅིང་ཚེ་ཐག་རིང་དུ་འགྲོ་བ་སོགས་པའི་བཤད་རྒྱུན་ཡང་མང་དུ་མཆིས། 
       དེ་བཞིན་དུ་ཕ་རྒྱུད་བྱང་ཆུབ་སེམས་དཔའ་ལས་ཆེད་པའི་སློབ་བུ་ངའང་རྟ་ནོར་ལུག་གསུམ་གྱི་ཕ་ས་དང་འོ་ཆུར་རྩམ་གསུམ་གྱི་འཚོ་བ་རོལ་ས་ནས་ཚེ་སྲོག་གི་ས་བོན་འབུས་པ་ཡིན་སྟབས། ཆུང་བྱིས་པའི་དུས་ནས་བཟུང་བོད་རང་གི་སྲོལ་རྒྱུན་བཟང་བོར་གོམས་ཤིང་ཕ་སྐད་ཟས་སུ་ཟ་མཁན་ཞིག་ཏུ་གྱུར་བ་ཞིག་ཡིན་ཕྱིར། རང་མི་རིགས་འདིའི་ཐུན་མོང་མ་ཡིན་པའི་ཟས་མཆོག་སྦྲང་དཀར་རྩམ་པ་ལ་གཞན་ལས་ལྷག་པའི་དགའ་བོ་དང་དུང་བ་ཞིག་ཡོད། 
       སློབ་གྲྭས་ཟླ་གནང་བཏང་ནས་ངའི་གོམས་ཁ་ཕ་ཡུལ་གྱི་ཕྱོགས་སུ་བསྒྱུར་སྐབས་ཤིག་ལ། ང་རང་ཐང་ཆད་དང་བཀྲེས་ལྟོགས་ཀྱི་ཚོར་སྣང་ཞིག་གིས་དྲག་ཏུ་གཙེས་པས། རང་ཡུལ་གྱི་རྩམ་པ་དེ་དྲན་བྱུང་། རྩམ་པ་ཟ་འདོད་ཀྱི་འདུན་པ་མེ་རི་བཞིན་འཕྱུར་ཞིང་། རྩམ་པའི་དྲི་ཞིམ་མངར་མོ་སྣ་ལ་ངོ་མ་བཞིན་ཐུལ། 
       སྦྲང་དཀར་རྩམ་པ་སྟེ། གངས་ཅན་བོད་མི་རེ་རེར་བདེ་སྐྱིད་ཀྱི་ལོངས་སྤྱོད་སྦྱིན་མཁན། ཁྱེད་ནི་སྣ་འཛོམས་ཀྱི་ཚོང་ར་ན་མཐོང་དཀོན་ལ། ཁྱེད་ཀྱིས་རྟག་ཏུ་ལྷག་བསམ་དང་ལྷུན་ཆགས་ཀྱི་རང་བཞིན་བཟང་བོ་མ་དོར་བར། ནམ་ཡང་བོད་རིགས་ལ་རང་ལུས་དཀར་བོ་ཕངས་མེད་དུ་སྦྱིན་པས། བོད་རིགས་མི་དམངས་ཀྱི་ངང་རྒྱུད་ཀྱང་ཁྱེད་དང་འདྲ་བར་དཀར་ཞིང་འཇམ་ལ། བོད་རིགས་མི་དམངས་ཀྱི་སེམས་པའང་ཁྱེད་དང་འདྲ་བར་གཙང་ཞིང་དྲི་མ་མེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1