༄༅།། གསུམ་སྒྲོན་མཉེས་དག་གནོངས་དང་།

སྨར་ཁམས་རིན་ཆེན་བཀྲ་ཤིས།​ རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-06



-གློག་བརྙན《ང་ཡི་ཆང་གསོལ་རོགས》ལ་བལྟས་རྗེས།

ལྷ་ས། སྨར་ཁམས་རིན་ཆེན་བཀྲ་ཤིས།

གཅིག བརྙན་མིག་ནང་གི་སྐྱོ་གདུང་།
        “ནམ་ལངས་ཟིན་ནམ།”ཡང་ན་ནམ་ལངས་ནས་ཅི་བྱེད། གང་ལྟར་སྐྱེས་མ་དེར་སྐྱོ་གདུང་དྲག་པོ་ཞིག་ཡོད་པ་འདྲ། མོ་ནི་ནམ་ལངས་པར་སྒུག་མཁན་གྱི་མི་ཞིག་རེད། སྨན་ཁང་དུ་བརྟག་དཔྱད་བྱས་རྗེས་མོས་རང་གི་སྐྱེས་པ་ལ་ཅི་ཞིག་གསང་ཡོད་དམ། གསང་བ་ཞིག་མིན་ཡང་སྲིད་དེ། མོ་གློ་རྡེག་ཏུ་ལྷ་སར་འགྲོ་རྒྱུ་དྲན་སོང་། ལྷ་སར་འགྲོ་རྒྱུ་དྲན་ནས་ཀྱང“དམ་ཚིག”བཞག་སོང་། “དམ་ཚིག”ནི་ལྡོག་མི་རུང་བ་ཞིག་སྟེ། དེ་ནི་བོད་མིའི་འདུ་ཤེས་འཛིན་སྟངས་དང་རིག་གནས་ཁྲོད་དུ་རུས་རྐང་ལ་སིམ་ནས་བསྡད་ཡོད་པ་ཞིག་རེད།གང་ལྟར་རང་གི་ད་ལྟའི་སྐྱེས་པ་ལ་རླངས་འཁོར་གྱིས་རྡུང་ག་རྒྱག་ཙམ་བྱས་པ་ལས། སྐྱེས་མ་དེར་དངངས་འཚབ་དྲག་པོ་ཞིག་སྐྱེས་སོང་། མིག་ཆུ་མང་པོ་ཡང་བཞུར་སོང་། མིག་ཆུ་དེའི་ནང་དུ་སྐྱོ་གདུང་ལྷག་མ་ཞིག་ཡོད་པ་ཡིན་ནམ། གང་ལྟར་མོ་དེའི་རྗེས་སུ་གློ་བུར་དུ་ལྷ་སར་འགྲོ་རྒྱུ་དྲན་སོང་། མ་མཐའ་ཡང་བརྙན་མིག་ནང་དུ་དེ་ལྟར་རེད།
        མ་གཞི་སྐྱེས་མ་དེར་བྱིས་པ་ཞིག་མཆིས་ལ། བྱིས་པ་དེ་ཡང་ནར་སོན་འདུག ཡིན་ཡང་བྱིས་པ་དེ་ནི་ངག་ལྐུགས་པ་ལྟར་སྣང་ཞིང་། རང་གཞན་སུ་ཡི་སྐད་ཆ་ལ་ཡང་ཨ་ལན་མེད་མཁན་ཞིག་རེད། འཛུམ་མདངས་མེད་པའི་བྱིས་པ་དེས་རང་གི་ཨ་མར་བསྙད་པ་ལ་ཨ་ལན་ཙམ་ཡང་སྟེར་གྱིན་མི་འདུག བརྙན་མིག་གི་མཐོང་སྣེ་ལས་སྐྱེས་མ་དེས་རང་གི་བྱིས་པ་བསྐྱུར་ནས་གནས་ཚང་གཞན་ཞིག་ཏུ་ཕྱིན་པ་ཤེས་ཐུབ་ལ། བརྙན་མིག་ནང་གི་སྐྱེས་པ་དེ་ཡང་ད་ལྟའི་སྐྱེས་པ་དེ་ག་རང་རེད།ཡིན་ཡང་བུད་མེད་འདི་ལ་བརྩེ་བ་ཟབ་མོ་ཞིག་འདུག ལྷག་བསམ་གཙང་མ་ཞིག་མངའ། རང་གི་བུ་ཆུང་གིས་ཨ་ལན་ཇི་ལྟར་མ་བྱིན་ཡང་། ཕྱིར་ཕ་གཞིས་ལ་འཁོར་ནས་ཕྱག་གསུམ་འཚལ་སོང་། ལྷ་སར་འགྲོ་བའི་ལམ་དུ་ཅི་འདྲའི་སྡུག་ཀྱང་རང་གི་སྐྱེས་པར་འགྲོ་རོགས་བྱེད་མི་དགོས་ཟེར། དེ་ཡང་རང་གི་སྐྱེས་པར་ཁྱིམ་དུ་ལོ་ལོན་གཉོར་རྒྱུ་ཡོད་པས་ཡིན། དེ་ནི་བརྙན་མིག་གི་ནང་དུ་སྐྱེས་མ་གང་ཉིད་དབུས་ལམ་དུ་ཕྱོགས་ཚུལ་རེད།

གཉིས། དབུས་ལམ་གྱི་གཏམ་རྒྱུད། ད་དུང་ཁེར་རྐྱང་གི་འཇིག་རྟེན།
        ལྷ་སར་འགྲོ་བའི་ལམ་དུ་རང་གི་བྱིས་པ་དེ་ཉེ་མིའི་ཁྲིད་ནས་ཁོ་མོར་ལྟ་རུ་སླེབས་བྱུང་། མ་གཞིར་བྱིས་པ་འདིས་ཁ་གྲག་ཤེས་ཀྱིན་འདུག བྱིས་པ་འདི་ཅི་འདྲའི་པྲ་ཚག་ཅིག་ཡིན་པ་འགྱིག་ཤོག་མགོར་གྱོན་ནས་གཞུང་ལམ་སྟེང་གི་འཇིགས་ཡེར་བའི་དོས་སྐྱེལ་རླངས་འཁོར་སྔུན་དུ་འགྲེང་བ་ཁོ་ནས་ཀྱང་ཤེས་ཐུབ་ལ། སྐྱེས་པ་དེ་མིན་ཚེ་ཆག་སྒོ་གཞན་ཞིག་བྱུང་ཡོད་ཀྱང་སྲིད། ཡིན་ཡང་བྱིས་པ་དེ་འཛུམ་མདངས་མེད་པ་ཞིག་ཏུ་ཇི་ལྟར་གྱུར་པ་ཡིན་ནམ། “ང་ཡི་ཆང་གསོལ་རོགས།”ཁོ་ལ་ད་དུང་འཛུམ་མདངས་མི་འདུག སྐྱེས་མ་འདི་སྐྱོ་གདུང་གིས་བརྟས་པར་ཡང་ཁག་མི་འདུག་ལ། བྱིས་པ་འདི་ལ་འཛུམ་མདངས་མེད་པར་ཡང་ཁག་མི་འདུག དེ་ནི་གློག་བརྙན་འདིའི་ནང་དུ་བཤད་པའི“ལས་འཕྲོ”ཞིག་ཡིན་ཏེ། སྐྱེས་པ་དེས་བྱིས་པ་དེ་ཉིད་ལྷ་སར་འཁྲིད་རྒྱུ་ཡིན་ཚུལ་བཤད་པ་ནི“དམ་ཚིག”ཅིག་ཏུ་གྱུར་སོང་ལ། “ལས་འཕྲོ”ཞིག་ཏུ་ཡང་གྱུར་སོང་། གློག་བརྙན་འདིའི་ནང་དུ“དམ་ཚིག”དང“ལས་འཕྲོ”གཉིས་མེད་ཚེ་ཅི་འདྲ་ཞིག་ཡིན་ནམ། གཅིག་བྱས་ན་དེ་གློག་བརྙན་ལ་འབྲེལ་བ་མེད་ཅིང་སྲིད་དེ། ཟོན་ཐར་རྒྱལ་གྱི་གློག་བརྙན་གྱིས་ནང་ནས་ཕྱི་ལ་ལྟ་བུའི་མིག་དབང་ཞིག་སྤྱད་འདུག་པས།དེ“ལས་འཕྲོ”དང“དམ་ཚིག”ཁོ་ན་ཙམ་གྱི་ཕྱིར་མ་ཡིན་པར། དེ་ལས་བརྒལ་ཏེ་མིའི་རིགས་སྤྱི་ལ་མངའ་བའི་བརྩེ་བ་ཞིག་གིས་ཡོངས་སུ་ཞུགས་འདུག་ལ། དེ་ནི་སྲོལ་རྒྱུན་གྱི་དབུས་ལམ་ཙམ་མ་ཡིན་པར་ལྷ་སར་ཆས་ཚུལ་གཞན་ཞིག་ཡིན་པས།དེ་ནི་བོང་ཕྲུག་ལ་ཨ་མ་མེད་པ་ནང་བཞིན་རང་བྱུང་ཁམས་ཆེན་མོའི་བརྩེ་བས་ཡོངས་སུ་བརྒྱན་འདུག
        བོང་ཕྲུག་གི་ཨ་མ་མེད་སོང་ལ། བུ་ཆུང་གི་ཨ་མ་ཡང་འདས་སོང་། བུ་ཆུང་འདིས་མང་པོ་ཞིག་སྔར་ནས་ཤེས་འདུག “ང་ཡི་ཆང་གསོལ་རོགས།”འཁྲབ་ཚིག་འདི་ཡང་བསྐྱར་ཐོན་དུས་ད་གཟོད་ཤེས་ཐུབ། སྐྱེས་པ་འདིས་གཤགས་པའི་འདྲ་པར་ཆ་དེ་ཡང་བྱིས་པ་དེས་ལྷན་དུ་སྦྱར་ནས་ཁྱེར་ཡོང་འདུག་ལ། གཉིས་ཀར་མིག་ཆུ་ཤོར་འདུག བྱིས་པ་འདིར་དངོས་ནས་ཁག་མི་འདུག་སྟེ། ཁོས་མ་གཞི་ནས་ཅི་ཡང་ཤེས་འདུག ཁོའི་ནང་སེམས་པའི་ཁེར་རྐྱང་གི་འཇིག་རྟེན་ནི་ཅི་འདྲའི་སྙིང་རྗེ་བ་ཞིག་རེད་ཨང་། དེ་ནི་ཁོས་དབུགས་ངལ་ཙམ་ཡང་མ་གསོས་པར་རི་སྒང་དུ་འགོས་ནས་ལྷ་སར་བལྟས་ཚུལ་ཁོ་ནས་མཚོན་ལ། རྔམ་བརྗིད་ཀྱི་ཕོ་བྲང་པོ་ཏ་ལ་མཐོང་ཚུལ་ཁོ་ནས་ཀྱང་ཤེས། ངོ་མ། ཁོ་རང་རི་སྒང་དུ་འགོས་ནས་ཕྱིར་སླེབས་དུས་སྐོམ་གདུང་གིས་གཟིར་བ་ལ་ཁག་མི་འདུག ཁེར་རྐྱང་། ཁོ་མ་གཞི་ནས་ཁེར་རྐྱང་ཞིག་རེད། དྭ་ཕྲུག ཁོ་གཞི་ནས་དྭ་ཕྲུག་ཅིག་ཏུ་གྱུར་སོང་།

གསུམ། བརྩེ་བ།___གཏན་དུ་གསང་མི་ཚུགས་པ་ཁྱོད།
        མི་སེམས་ནི་ཅི་འདྲའི་དཔོག་དཀའ་བ་ཞིག་རེད་ཨང་། ཡིན་ཡང་། དེ་ཡང་མཛའ་བརྩེ་ཡིས་གྲུབ་པའི་ཆ་ཤས་ཤིག་རེད། སྔོན་ཆད་ལྷ་སར་འགྲོ་བར་ཕྱིར་བཤོལ་བྱེད་མཁན་གྱི་ཁོ་ད་ལྟ་གཞི་ནས་ལྷ་སར་འབྱོར་སོང་ལ། སྔོན་ཆད་ཁོག་སྡུག་གིས་འདྲ་པར་གཤགས་མཁན་གྱི་ཁོར་ད་ལྟ་མིག་ཆུ་བཞུར་སོང་། མི་སེམས་ནི་དེ་འདྲ་ཞིག་ལ། རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཀྱང་རེད། རྒྱུན་ལྡན་དང་སྤྱིར་བཏང་གི་མཐོང་སྣེ་དག་གློག་བརྙན་འདིར་སྤྱད་པ་ནི་གློག་བརྙན་འདིའི་དབུ་རྒྱན་དང་དགེ་མཚན་དུ་མཐོང་ལ། འདི་ནི་ང་ཚོས་བཤད་བཞིན་པའི་སྒྱུ་རྩལ་དངོས་ཀྱང་རེད། གང་ལྟར་ལམ་འགྲམ་དུ་མི་ཁ་ཤས་དང་འཕྲད་སོང་། མཛེས་ལྗོངས་མང་པོ་མཐོང་སར་རས་གུར་ཕུབ་ཆོག་པར་འདུག་ལ། གནས་དེའི་མི་རྣམས་ཕལ་བའི་ཆས་སུ་ཡོད་ཀྱང་ངང་རྒྱུད་བཟང་པོ་རྐྱང་རེད། སྐྱེས་མ་དེ་ནི་ཅི་འདྲའི་བརྩེ་བ་དང་ལྡན་པ་ཞིག་རེད་ཨང་། མ་རེད། མདོར་ན་ཡོད་ཚད་བརྩེ་བ་ལྡན་པ་ཞིག་རེད། སྐྱེས་པ་དེར་ཡང་བརྩེ་བ་ལྡན། བྱིས་པ་དེར་ཡང་བརྩེ་བ་ལྡན། ཐ་ན་བོང་ཕྲུག་ལ་ཡང་བརྩེ་བ་ལྡན། མདོར་ན་ཐམས་ཅད་ལ་བརྩེ་བ་ལྡན། བོང་ཕྲུག་དང་དྭ་ཕྲུག་གཉིས་ལྷ་སར་སླེབས་སོང་། “ནམ་ལངས་པར་སྒུག་མཁན”གྱི་སྐྱེས་མ་དེའི་རྨི་ལམ་ནི་སྐྱེས་པ་ཤི་བོ་ཞིག་གི་རྨི་ལམ་ཡིན་ཡང་ཆོག་ལ། སྐྱེས་མ་ཤི་བོ་དེའི་རྨི་ལམ་ནི་དྭ་ཕྲུག་ཅིག་གིས་འགྲུབ་སྲིད་ཀྱང་ཆོག གང་ལྟར“ལས་འཕྲོ”ཞིག་གམ། “དམ་ཚིག”ཅིག་གིས་རྨི་ལམ་འདི་མུ་མཐུད་དུ་སྐྱོང་དགོས་བྱུང་སོང་། འདི་ནི་དབུས་ལམ་དུ་འབྱོར་ཚུལ་ཡིན། འདི་ནི་དྭ་ཕྲུག་ཅིག་གི་ནང་སེམས་ཀྱི་ཁེར་རྐྱང་གི་འཇིག་རྟེན་རེད་ལ། བག་ཉལ་གྱི་གཏིང་རིམ་དུ་བསྐུངས་པའི་མིའི་རིགས་ཀྱི་བརྩེ་བ་རེད། འདས་པོ་དག་གམ་རང་ལ་བརྩེ་བའི་མི་དག་རྒྱང་ནས་རྒྱང་དུ་གྱེས་ཤུལ། ཁེར་རྐྱང་དུ་གྱུར་པ་འབའ་ཞིག་ལྷག་སོང་། འདི་ནི་རང་བྱུང་ཁམས་ཆེན་མོའི་མངའ་ཐང་དུ་འཁྱིལ་བའི་གདུང་བ་རེད་ལ། བརྩེ་བ་ཡང་རེད་ཨང་། གསུམ་སྒྲོན་མཉེས་དག་གནོངས་དང་། “ང་ཡི་ཆང་གསོལ་རོགས།”


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1