༄༅།། བོད་ཀྱི་ཤེས་རིག་ཞིབ་འཇུག་འཛམ་གླིང་སྟེང་སྐྱོད་བཞིན་པ།

གཅོད་པ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-10


གཅོད་པ་དོན་གྲུབ།
          རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གྲོས་ཚོགས་ནི་བོད་ཀྱི་ཤེས་རིག་ཁྱབ་ཁོངས་ཀྱི་རྒྱ་ཆེ་བའི་ཚོགས་ཆེན་ཞིག་ལགས། ཚོགས་ཆེན་འདིའི་སྟེང་དུ་རྒྱལ་ཁབ་སོ་སོའི་བོད་ཀྱི་ཤེས་རིག་སྐོར་གྱི་མཁས་པ་རྣམས་ཀྱིས་རང་གི་ཞིབ་འཇུག་གི་གྲུབ་འབྲས་བརྗོད་པ་དང་། ཞིབ་འཇུག་ཐད་ཀྱི་འཕྲིན་གསར་དང་ཉམས་མྱོང་བརྗེ་རེས་བགྱིད་པ་ནི་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ཡིན། བགྲང་བྱ་གསུམ་རེར་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གྲོས་ཚོགས་ཐེངས་གཅིག་འཚོགས་རྒྱུ་ནི་ཕལ་ཆེར་གོམས་སྲོལ་ཞིག་ཏུ་གྱུར་ཡོད།  2000ལོའི་ཟླ6པའི་ཚེས25ནས་ཚེས30བར་དུ་ཧོ་ལེན་ལེ་ཏུན་སློབ་གྲྭ་ཆེན་མོ་རུ་སྐོང་འཚོགས་བྱས་པའི་བོད་ཀྱི་ཤེས་རིག་གྲོས་ཚོགས་ནི་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་གྲོས་ཚོགས་ཐེངས་དགུ་བ་ཡིན། ཐེངས་འདིའི་གྲོས་ཚོགས་ནི་ལེ་ཏུན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་སྐུ་ཞབས་ཧུན་ཁེ་པེ་ལེ་ཙིས་གཙོ་འགན་བཞེས་ནས་ཚོགས་པ་ཡིན་ལ།  གྲོས་ཚོགས་ཀྱི་ཀྲུའུ་ཞི་ནི་ཧྥ་རན་སེའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཡིན། འཛམ་གླིང་སྟེང་གི་རྒྱལ་ཁབ29ལྷག་གི་མཁས་པ329ཐེངས་འདིའི་གྲོས་ཚོགས་སུ་ཞུགས་པ་དང་། དེའི་ནང་རང་རྒྱལ་གྱི་མཁས་པ35ཡོད་པ་རེད། རང་ཞིང་གི་གཅོད་པ་དོན་གྲུབ་དང་ཆབ་འགག་རྟ་མགྲིན། བུ་བཞི་བསམ་པུའི་དོན་གྲུབ། ཚེ་དབང་ཐར། ཨ་ལགས་བོན་བརྒྱ་བཅས་བོད་རིགས་མཁས་པ་ལྔ་གདན་འདྲེན་ཞུས་པ་ལྟར་གྲོས་ཚོགས་སུ་ཞུགས་ནས།  ཚོགས་འདུའི་ཐོག་རང་རང་གི་དཔྱད་རྩོམ་ཡང་སྒྲོགས་འདོན་བགྱིས་པ་ལགས།   
          དེ་ཡང་ཟླ6པའི་ཚེས25ཉིན་གྱི་སྔ་དྲོ་གྲོས་ཚོགས་ཀྱི་འགོ་ཚུགས་པ་དང་། སྐུ་ཞབས་ཧུན་ཁེ་པེ་ལེ་ཙིས་གྲོས་ཚོགས་ལ་འགོ་འཛིན་མཛད།  ཚོགས་འདུའི་ཐོག་ཐོག་མར་ལེ་ཏུན་སློབ་གྲྭ་ཆེན་མོའི་དབུ་ཁྲིད་པས་ཚོགས་ཞུགས་པ་རྣམས་ལ་དགའ་བསུའི་ཞུ་ཚིག་ཕུལ་བ་དང་། ཞོར་དུ་སློབ་གྲྭའི་གནས་ཚུལ་མདོར་བསྡུས་མཚམས་སྦྱོར་གནང་།  དེའི་རྗེས་སུ་ཐེངས་འདིའི་གྲོས་ཚོགས་ཀྱི་ཀྲུའུ་ཞི་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གྲོས་ཚོགས་ཐེངས་དང་པོ་ནས་ཐེངས་བརྒྱད་པའི་བར་གྱི་བརྒྱུད་རིམ་ གནས་ཚུལ་རགས་རིམ་ངོ་སྤྲོད་མཛད་པ་དང་ཆབས་ཅིག་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་འགན་བདེ་བླག་ངང་འགྲུབ་པའི་རེ་འདུན་དང་བླང་བྱ་ནན་མོ་བཏོན།  མཇུག་མཐར་སྐུ་ཞབས་ཧུན་ཁེ་པེ་ལེ་ཙིས་ཐེངས་འདིའི་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་སྐོར་ཚོགས་ཞུགས་པ་རྣམས་ལ་སྙན་ཞུ་གནང་ཞིང་།  ཁོང་གིས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་འདོད་པའི་མཁས་པ400ལྷག་ཡོད། ཡིན་ནའང་ཞིབ་སྡུར་ཐེངས་མང་བྱས་རྗེས་མཁས་པ300ལྷག་གཏན་ཁེལ་བྱས་པ་འདི་ནི་དེ་སྔའི་ཞིབ་འཇུག་གྲོས་ཚོགས་དག་ལས་ཚོགས་ཞུགས་མི་སྣ་ཆེས་བཟང་བོའི་གྲོས་ཚོགས་ཐེངས་གཅིག་ཡིན་ཞེས་གསུངས།   
          ཐེངས་འདིའི་གྲོས་ཚོགས་སུ་ཞུགས་པའི་མཁས་པ329ཡོད་པའི་ཁྲོད་དུ། མཚན་དང་སྙན་གྲགས་མཐོ་བའི་བོད་རིག་པའི་མཁས་ཅན་ཨ་རིའི་སྐུ་ཞབས་སུའུ་པོ་ལེན་དང་། ཨོ་སི་ཁྲུ་ལི་ཡའི་བོད་རིག་པའི་མཁས་པ་སྐུ་ཞབས་ཧྲི་ཐེ་ཨེན་ཁེ་ན། ཧྥ་རན་སེའི་བོད་རིག་པའི་མཁས་པ་སྐུ་ཞབས་མཁར་རྨེ་བསམ་གཏན་རྒྱལ་མཚན།  ཐེངས་འདིའི་གྲོས་ཚོགས་ཀྱི་འགོ་འཛིན་པའམ་བོད་རིག་པའི་མཁས་པ་སྐུ་ཞབས་ཧུན་ཁེ་པེ་ལེ་ཙི། དེ་བཞིན་རང་རྒྱལ་གྱི་མཁས་པ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་སྐུ་ཞབས་ཕུན་ཚོགས་ཚེ་རིང་དང་། ཀྲུང་གོའི་བོད་རིག་པའི་ཤེས་རིག་ལྟེ་གནས་ཀྱི་ཞིབ་འཇུག་པ་སྐུ་ཞབས་ཚེ་རིང་ཐར་དང་འབྲུག་པ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་སྐུ་ཞབས་སྐལ་བཟང་རྒྱལ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་གྲགས་པ་འབྱུང་གནས། ཀྲུང་དབྱང་ཡིག་སྒྱུར་ཅུས་ཀྱི་ལོ་ཙཱ་བ་ཆེན་མོ་སྐུ་ཞབས་རྡོ་རྗེ་མཁར།  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་དཀོན་མཆོག་ཚེ་བརྟན།  མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་ཆབ་འགག་རྟ་མགྲིན། བུ་བཞི་བསམ་པའི་དོན་གྲུབ་སོགས་ཡོད་ཅིང་། མཁས་དབང་འདི་རྣམ་པའི་གཏིང་ཟབ་ཀྱི་ཤེས་བྱ་དང་གཟབ་ནན་གྱི་རྣམ་འགྱུར།  ཁུངས་བཙུན་ཞིང་ཐོགས་པ་མེད་པའི་གཏམ་གླེང་བཅས་ལ་ཚོགས་ཞུགས་པ་རྣམས་ཀྱིས་གདེང་འཇོག་ཚད་མཐོན་པོ་གནང་།  
          ཐེངས་འདིའི་གྲོས་ཚོགས་ཀྱིས་མཁས་པ་སོ་སོའི་དཔྱད་རྩོམ་གྱི་ནང་དོན་ལྟར་མིའི་རིགས་ཀྱི་རིག་པ་དང་ལོ་རྒྱུས་རིག་པ། ཆོས་ལུགས་རིག་པ། སྒྲ་རིག་པ།  གླིང་སྒྲུང་རིག་པ། དམངས་སྲོལ་རིག་པ། རྩོམ་རིག་བཅས་ཚན་ཁག་ཆུང་བ23བགོས་ཏེ། ཟླ6པའི་ཚེས25ཉིན་གྱི་ཕྱི་དྲོ་ནས་བཟུང་དཔྱད་རྩོམ་སྒྲོགས་འདོན་གྱི་འགོ་ཚུགས།  ཚོགས་ཞུགས་མཁས་པ་རྣམ་པས་རང་གི་ཚོགས་ཆུང་ནང་དཔྱད་རྩོམ་སྒྲོགས་འདོན་བགྱིས་པ་ལས་གཞན། རང་གི་འདོད་མོས་ལྟར་ཚན་ཁག་ཆུང་བ་གཞན་པའི་ནང་དུ་ཡང་ཞུགས་ཏེ། ཉན་འདོད་པའི་དཔྱད་རྩོམ་སྐོར་ལ་ཉན་ཆོག་པ་ལགས། ཚོགས་ཞུགས་མཁས་པ་རེ་ལ་དཔྱད་རྩོམ་སྒྲོགས་འདོན་གྱི་དུས་ཚོད་སྐར་མ30ལས་མེད།  དེའི་ནང་ནས་སྐར་མ10ནི་དྲི་བ་དྲིས་ལན་བྱེད་པའི་དུས་ཚོད་ཡིན།  གལ་སྲིད་ཁྱེད་ཀྱི་དཔྱད་རྩོམ་སྒྲོགས་འདོན་གྱི་དུས་ཚོད་སྐར་མ30ལས་འདས་ན། དྲི་བ་དྲིས་ལན་བགྱིད་པའི་དུས་ཚོད་ཡོད་པ་མ་ཡིན། མཁས་པ་རྣམས་ཀྱིས་རང་གི་ཞིབ་འཇུག་གི་གྲུབ་འབྲས་བརྗོད་པའི་སྐབས་སུ། ཚོགས་ཞུགས་པ་རྣམས་ཀྱིས་རྣ་བ་བླགས་ནས་ཉན་པ་དང་། དྲི་བ་བཏོན་པའང་དོན་ཟབ་ཅིང་ཚིག་ཤིན་ཏུ་རྣོ་ལ།  བགྲོ་གླེང་བགྱིད་པ་ཡང་གནད་ལ་ཁེལ་བ་ཞིག་ལགས།  གལ་ཏེ་ཁྱེད་ཀྱིས་སྒྲོགས་འདོན་གནང་བའི་དཔྱད་རྩོམ་དང་དེར་འབྲེལ་བའི་ཤེས་བྱ་དག་ལ་བྱང་ཆ་དེ་ཙམ་མེད་པའམ་མཐའ་འཁྱོལ་བ་ཞིག་མིན་ན། དྲི་བ་དྲིས་ལན་གསལ་བོའམ་གནད་ལ་ཁེལ་བ་ཞིག་མི་འབྱུང་བས་རང་ཉིད་ཀྱང་ངོ་གནོང་དགོས་པའི་གནས་སུ་རང་ཤུགས་ཀྱིས་ལྷུང་ངེས་རེད།   ཡིན་ནའང་རང་རྒྱལ་གྱི་མཁས་པ་མང་ཆེ་བས་རིམ་པ་མང་བ་དང་ལྟ་བ་མང་པོའི་སྒོ་ནས་གནད་དོན་འདོན་པ་དང་། གཞུང་ལུགས་ཀྱི་ཁུངས་ལུང་འཚོལ་བ།  ད་དུང་གྲངས་ཀ་མང་པོ་བཀོད་པ་དང་ཞིབ་བསྡུར་ཞིབ་འཇུག་གི་བྱེད་ཐབས་སོགས་སྤྱད་ནས་རང་གི་ལྟ་བ་གསར་བ་དག་ཞིབ་པར་གསལ་བཤད་གནང་། དེ་ལས་མིའི་རིགས་ཀྱི་རིག་པ་དང་ཆོས་ལུགས་རིག་པ།   སྲོལ་རྒྱུན་རིག་གནས།  གླིང་སྒྲུང་རིག་པ་བཅས་ཀྱི་ཚན་ཁག་སྐོར་གྱི་ཞིབ་འཇུག་ལ་གོ་བ་ཟབ་མོ་དང་གཏམ་གླེང་ཁྱད་པར་ཅན་མཆིས་པར་བརྟེན།  རྒྱལ་ཁབ་སོ་སོའི་ཚོགས་ཞུགས་མཁས་པ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ། དུས་མཚུངས་སུ་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཁྱབ་ཁོངས་སུ་རང་རྒྱལ་གྱིས་བོད་ཀྱི་ཤེས་རིག་ཞིབ་འཇུག་བྱ་བའི་ཁྲོད་དུ་བླངས་པའི་ཕུན་སུམ་ཚོགས་པའི་གྲུབ་འབྲས་མཚམས་སྦྱོར་གནང་སྟེ།  རང་རེའི་མེས་རྒྱལ་ལ་གཟི་བརྗིད་བརྩོན་ལེན་བྱས།  
          གྲོས་ཚོགས་ཀྱིས་ཚོགས་ཆེན་སྟེང་དུ་དཔྱད་གཏམ་སྒྲོག་པ་དང་ཚོགས་ཞོར་དུ་མི་རེ་གཉིས་བྱས་ནས་གླེང་མོལ་བྱེད་པའི་ཐབས་ཤེས་ཟུང་འབྲེལ་ལེགས་པོ་བྱས། ཚོགས་ཆེན་སྟེང་དུ་ཚང་མས་ནན་ཏན་ངང་མཁས་པས་བརྗོད་པའི་གཏམ་ལ་ཉན་པར་མ་ཟད། དྲི་བ་དྲིས་ལན་འདེབས་པ་དང་ཕན་ཚུན་བགྲོ་གླེང་བྱེད་བཞིན་མཆིས། ཚོགས་འདུ་གྲོལ་རྗེས་མཁས་པ་སོ་སོ་མ་བོས་རང་ཤུགས་སུ་ལྷན་དུ་འཛོམས་ནས་ཕན་ཚུན་ལ་དྲི་བ་འདོན་པ་དང་རྩོད་པ་བགྱིད་པ།  ཡང་ཡང་གྲོས་སྡུར་བྱེད་པ་བཅས་བརྒྱུད་ནས་རིག་གཞུང་གི་གནད་དོན་སྐོར་ཞིག་ལ་ལྟ་ཚུལ་གཅིག་མཐུན་བྱུང་། གཞན་ཡང་གྲོས་ཚོགས་ཐོག་བརྙན་པར་ཕབ་པ་《录相》དང་སྒྲོན་བརྙན་པར་ཤེལ་《幻灯片》བསྟན་པ་དང་ནང་དོན་གྱི་ཐད་ལའང་ཕུན་སུམ་ཚོགས་པའི་འགྲེལ་བཤད་བརྒྱབ་ཡོད་པ་སོགས་ལ་ཚོགས་ཞུགས་མཁས་པ་རྣམས་ཀྱིས་གདེང་འཇོག་ལེགས་པོ་གནང་།  ཐེངས་འདིའི་གྲོས་ཚོགས་སྟེང་བཀོལ་སྤྱོད་བྱས་ཆོག་པའི་སྐད་རིགས་ནི་བཞི་སྟེ། དབྱིན་ཇིའི་སྐད་དང་བོད་སྐད། འཇར་མན་སྐད། ཧྥ་རན་སེའི་སྐད་བཅས་ཡིན་པའི་ནང་བཀོལ་སྤྱོད་ཆེས་མང་བ་ནི་དབྱིན་ཇིའི་སྐད་ཡིན་ལ། དེའི་འཕྲོར་བོད་སྐད་ཡིན།  འཇར་མན་དང་ཧྥ་རན་སེའི་སྐད་བཀོལ་སྤྱོད་གནང་མཁན་ཤིན་ཏུ་ཉུང་།  
          ཟླ6པའི་ཚེས29ཉིན་གྱི་དགོང་མོ་ཐེངས་འདིའི་གྲོས་ཚོགས་མཇུག་སྒྲིལ་བའི་ཚོགས་ཆེན་བསྡུས།  ཚོགས་ཆེན་སྟེང་ཐོག་མར་སྐུ་གཤེགས་ཟིན་པའི་བོད་རིག་པའི་མཁས་ཆེན་རྣམ་པར་མྱ་ངན་ཞུས་པ་དང་དེའི་རྗེས་སུ་ལག་པ་བཀྱགས་ནས་ཐག་གཅོད་པའི་བྱ་ཐབས་སྤྱད་དེ་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གྲོས་ཚོགས་ཀྱི་ཀྲུའུ་ཞི་འདེམས་བསྐོ་བྱས།  ཨ་རིའི་བུད་མེད་མཁས་པ་ཀྲིན་ཉེ་ཐེ་རྒྱ་ཚོ་ལགས་ཐེངས་རྗེས་མའི་ཀྲུའུ་ཞིར་བདམས། དེའི་འཕྲོར་ཐེངས་རྗེས་མའི་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཐེངས་བཅུ་བ་དེ་སྤྱི་ལོ་2003ལོར་དབྱི་ཐ་ལིའི་ལྦ་ཉེ་སི་གྲོང་ཁྱེར་དུ་འཚོག་རྒྱུར་འཐད་པ་བྱུང་།  དེའི་རྗེས་སུ་ཐེངས་རྗེས་མའི་གྲོས་ཚོགས་སྐབས་སུ།  བོད་ཡིག་གི་དཔྱད་རྩོམ་གནད་བསྡུས་དབྱིན་ཇིའི་སྐད་དུ་བསྒྱུར་རྒྱུ་དང་དབྱིན་ཇིའི་སྐད་དང་འཇར་མན་སྐད།   ཧྥ་རན་སེའི་སྐད་བཅས་ཀྱི་དཔྱད་རྩོམ་གནད་བསྡུས་བོད་ཡིག་ཏུ་བསྒྱུར་རྒྱུའི་སྐོར་ལ་འཐད་པ་བྱུང་། འདི་ལྟར་བསྒྲུབས་ན་རིག་གཞུང་བརྗེ་རེས་ལ་ཕན་པ་ཡོད་པར་གསུངས།  
          མདོར་ན་ཐེངས་འདིའི་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གྲོས་ཚོགས་སྔར་ལས་རྒྱ་ཆེ་བ་དང་།  གྲོས་ཚོགས་ཀྱི་སྐབས་སུ་ཚོགས་ཞུགས་མཁས་པ་རྣམ་པས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་གཏམ་གླེང་དང་རིག་གཞུང་བརྗེ་རེས་གནང་བ་བརྒྱུད། རིག་གཞུང་གི་ལྟ་ཚུལ་མི་ཉུང་བ་ཞིག་ལ་གཅིག་མཐུན་བྱུང་སྟེ། གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད།  ཁྱོན་ཡོངས་ནས་བལྟས་ན་ཐེངས་འདིའི་གྲོས་ཚོགས་ལ་གཤམ་གསལ་གྱི་ཁྱད་ཆོས་འགའ་ཡོད་པ་སྟེ།  
          གཅིག ཐེངས་འདིའི་རིག་གཞུང་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་མང་བ་དང་མཁས་པ་མང་བ། དཔྱད་རྩོམ་མང་བ། རིག་གཞུང་གི་ཁ་དབུགས་སྟུག་ཅིང་སློབ་སྦྱོང་གི་རྣམ་འགྱུར་ནན་ཏན་ཡིན་པ་དེ་ལགས། མཁས་པ་ཚོས་དཔྱད་རྩོམ་སྒྲོགས་འདོན་གནང་རྗེས། གལ་སྲིད་དྲི་བ་འདྲི་མཁན་ཡོད་ཚེ། དེར་ལན་ཡང་ཅུང་ཡིད་ཚིམ་པ་འདེབས་ཐུབ་ཀྱི་ཡོད། སྤྱིར་ན་མཁས་པ་རྣམས་ཀྱི་ཚོགས་ཐོག་གི་རྩོད་པ་ཤིན་ཏུ་རྣོ་ངར་ལྡན་ན་ཡང་ཚོགས་འདུ་གྲོལ་རྗེས།  ཕན་ཚུན་བར་མཚན་བྱང་སྤྲོད་པ་དང་རང་རང་གི་གནས་ཚུལ་མཚམས་སྦྱོར། རིག་གཞུང་གི་ཉམས་མྱོང་བརྗེ་རེས་བཅས་བགྱིས་ཏེ་འབྲེལ་འདྲིས་ཤིན་ཏུ་ལེགས་པོ་འདུག  གྲོས་ཚོགས་ཀྱི་ཐོག་མཐའ་བར་གསུམ་དུ་སྤྲོ་ཉམས་ཀྱི་རྣམ་པས་ཡོངས་སུ་ཁེངས་ཤིང་།    ཚོགས་ཞུགས་མཁས་པ་རྣམ་པས་ཕན་ཚུན་བར་འབྲེལ་གཏུགས་མང་པོ་གནང་བ་བརྒྱུད་དེ་འཕྲིན་གསར་མང་པོ་བརྗེ་རེས་གནང་བར་མ་ཟད།  ཕན་ཚུན་གྱི་མཛའ་མཐུན་ལའང་ཤུགས་སྣོན་ཆེན་པོ་ཐེབས།  གྲོས་ཚོགས་ཀྱི་ཕྱོགས་ཡོངས་ལ་ཚན་རིག་དང་དྲང་བདེན་གྱི་རིག་གཞུང་ངང་ཚུལ་གསར་བ་ཞིག་མངོན་འདུག་ལ། དེས་ཚོགས་ཞུགས་པ་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་ཤིང་མཐོང་རྒྱ་བསྐྱེད་དུ་བཅུག་ཅིང་།  མཁས་པ་ཚོས་རེ་བ་བགྱིད་པའི་རིག་གཞུང་གི་འབྲས་བུ་ཡང་མངོན་སུམ་དུ་སྨིན་ཐུབ་པར་གྱུར་པ་རེད།  
          གཉིས། བོད་ཀྱི་ཤེས་རིག་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་ཆེར་བསྐྱེད་ཐུབ་པ་བྱུང་། ད་རེབ་ཀྱི་རིག་གཞུང་གྲོས་ཚོགས་ཐོག་གི་དཔྱད་རྩོམ་མང་ཆེ་བ་ནི་རྒྱལ་ཁབ་སོ་སོའི་མཁས་པ་རྣམས་ཀྱི་ཞིབ་འཇུག་གི་གྲུབ་འབྲས་གསར་བ་ཡིན་ཞིང་། དཔྱད་རྩོམ་དེ་དག་གི་རྗོད་བྱེད་ཚིག་དང་བརྗོད་བྱའི་དོན་གྱི་ཐད་ནས་བལྟས་ན།  བོད་ཀྱི་རིག་གནས་མཚམས་སྦྱོར་ཙམ་དང་རགས་རིམ་དུ་ཞིབ་འཇུག་བགྱིད་པ་ཙམ་མིན་པར། ཕྱོགས་མང་པོ་དང་ཚན་ཁག་མང་པོའི་སྒོ་ནས་ཞིབ་འཇུག་གང་ལེགས་བྱས་ཡོད། མཁས་པ་སྐོར་ཞིག་གི་དཔྱད་རྩོམ་དུ་བགྲང་བྱ་གང་མང་ཞིག་ལ་གཅིག་མཐུན་གྱི་ལྟ་བ་མ་བྱུང་བའི་དཀའ་གནད་ཀྱི་རྩ་བ་རྣམས་གསལ་ལེར་བསྟན་ཡོད་པས། མཐོ་ཚད་གསར་བ་ཞིག་ལ་སླེབས། ཡང་སྐོར་ཞིག་གིས་ཁྱད་པར་ཅན་གྱི་མཐོང་རྒྱ་གསར་བས་མི་རྣམས་ལ་ཞིབ་འཇུག་གི་བྱེད་ཐབས་གསར་བ་ངོ་སྤྲོད་བྱས། ལྷག་པར་དུ་བོད་རིགས་ཀྱི་ཆོས་ལུགས་དང་དམངས་སྲོལ།  སྲོལ་རྒྱུན་རིག་གནས། ཐོལ་གདེངས་དད་མོས། གླིང་སྒྲུང་། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་གནད་དོན་སྐོར་ལ་ཞིབ་འཇུག་ཟབ་མོ་མཆིས་པ་འདི་དག་ཐམས་ཅད་ཀྱིས་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལས་རིགས་ཀྱི་བྱ་བ་གོང་ནས་གོང་དུ་འཕེལ་ཡོད་པ་གསལ་བོར་རྟོགས་ཐུབ།  
          གསུམ།  ཞིབ་འཇུག་གི་བྱེད་ཐབས་སྔར་ལས་ཇེ་མང་དུ་སོང་ཡོད་ལ་མཐོ་ཚད་ཀྱང་གསར་བ་ཞིག་ལ་སླེབས་ཡོད། དཔྱད་རྩོམ་མི་ཉུང་བ་ཞིག་གིས་སྤྱི་ཚོགས་ལ་བརྟག་དཔྱད་བྱེད་ཐབས་དང་ཞིབ་བསྡུར་ཞིབ་འཇུག་གི་བྱེད་ཐབས། གྲངས་ཀ་དབྱེ་ཞིབ་བྱེད་ཐབས། གཏན་ཚིགས་རིགས་འདེད་བྱེད་ཐབས་བཅས་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ཏེ། བོད་ཀྱི་ཤེས་རིག་དང་འབྲེལ་བའི་གནད་དོན་སྐོར་ལ་ཞིབ་འཇུག་གཏིང་ཟབ་བགྱིས་ཡོད་ལ། སྔར་མེད་ཀྱི་ལྟ་བ་གསར་བ་ཡང་མང་པོ་བཏོན་ཡོད། ལྷག་པར་དུ་ཞིབ་བསྡུར་ཞིབ་འཇུག་གི་བྱེད་ཐབས་ཀྱི་བཀོལ་རྒྱ་ཤིན་ཏུ་ཆེ་ཞིང་།  དེ་དག་ཏུ་བོད་རིག་པ་དང་རྒྱལ་ཁབ་མི་གཅིག་པའི་སྲོལ་རྒྱུན་རིག་གནས་གཉིས་ཕན་ཚུན་ཞིབ་བསྡུར་བགྱིས་ཏེ་ཞིབ་འཇུག་བྱས་ཡོད་ལ། ད་དུང་བོད་རིག་པ་དང་མི་རིགས་གཞན་གྱི་ལོ་རྒྱུས་དང་ཆོས་ལུགས། རྩོམ་རིག་བར་དུ་ཞིབ་བསྡུར་བགྱིས་ཏེ་ཞིབ་འཇུག་བྱས།  བོད་རིག་པ་དང་ཚན་ཁག་གཞན་ཕན་ཚུན་བསྣོལ་ནས་ཞིབ་འཇུག་བྱེད་པའི་ཐབས་ཀྱང་བཀོལ་ཡོད། གང་ལྟར་ཀྱང་དེ་དག་གིས་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་བྱེད་ཐབས་སྣ་མང་བེད་སྤྱོད་བྱས་ཏེ་བོད་ཀྱི་ཤེས་རིག་ཞིབ་འཇུག་གང་ལེགས་སུ་སྤེལ་བ་དེས། བོད་ཀྱི་ཤེས་རིག་ཞིབ་འཇུག་བྱ་བ་སྔར་ལས་གཏིང་ཟབ་ཏུ་བཏང་ཞིང་། ཞིབ་འཇུག་གི་གྲུབ་འབྲས་གཡུར་དུ་ཟ་བ་སྨིན་དུ་བཅུག་གོ།  
          གཞན་ཡང་ཐེངས་འདིའི་བོད་ཀྱི་རིག་གཞུང་ཞིབ་འཇུག་གྲོས་ཚོགས་སུ་ཞུགས་པ་ལས་ཤེས་རྟོགས་སམ་མྱོང་ཚོར་མི་ཉུང་བ་ཞིག་བྱུང་བའི་གཙོ་བོ་འགའ་གནད་བསྡུས་ཏེ་བརྗོད་ན་འདི་ལྟ་སྟེ།  
          གཅིག   དེང་སྐབས་འཛམ་གླིང་སྟེང་གི་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བགྱིད་མཁན་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས། སྐད་རིགས། གླིང་སྒྲུང་རིག་པ་བཅས་ནི་འཛམ་གླིང་སྟེང་གི་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་གནད་ས་བཞི་རུ་བརྩི་བ་དང་། ཞིབ་འཇུག་གི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་སླད།  རྒྱལ་སྤྱིའི་སྟེང་སྔ་རྗེས་སུ་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་གྲོས་ཚོགས་ཐེངས་དགུར་བསྡུས།  ཕྱི་གླིང་པ་མང་པོ་ཞིག་གིས་བོད་རིག་པར་ཞིབ་འཇུག་འདི་ལྟར་བགྱིད་པའི་ཚུལ་འདིར་བརྟགས་ན།  བོད་ཀྱི་ཤེས་རིག་ཞིབ་འཇུག་འདི་འཛམ་གླིང་སྟེང་གི་ཞིབ་འཇུག་གི་ནང་དོན་གལ་ཆེན་ཞིག་ཏུ་འགྲོ་བཞིན་ཡོད་པ་རྟོགས་ཐུབ་ལ། ད་དུང་རྒྱལ་ཁབ་སྐོར་ཞིག་གིས་རང་འགུལ་ངང་རང་སོ་སོ་ནས་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་གྲོས་ཚོགས་བསྡུས་ཏེ་བོད་རིག་པར་ཞིབ་འཇུག་ནན་མོ་བྱེད་བཞིན་པའང་མཆིས་སོ། ། གོང་གསལ་གྱི་རིག་གཞུང་གྲོས་ཚོགས་སྣ་མང་བསྡུས་པ་དེས་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་སྐྱེད་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ལེགས་པོ་ཐོན་ཡོད། བོད་རིགས་ཀྱི་ཞིབ་འཇུག་པ་ཞིག་ལ་མཚོན་ན། ངེས་པར་དུ་རྟོགས་དགོས་པ་ནི་ངེད་རྣམས་ནི་བོད་ཀྱི་ཤེས་རིག་གི་བདག་པོ་ཡིན་ལ།  རང་རྒྱལ་ནི་བོད་ཀྱི་ཤེས་རིག་གི་ཕ་ཡུལ་ཡིན་པས།  རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་སྤེལ་རེས་ཀྱི་དར་ཆ་དེ་ང་ཚོའི་ལག་ཏུ་བརྟན་འཛིན་བྱེད་དགོས་པ་དེ་རེད།  དེར་བརྟེན་འབྲེལ་ཡོད་ལས་ཁུངས་དང་འགོ་ཁྲིད་ཀྱིས་མ་སྐུལ་དང་བླངས་ཀྱིས་བོད་ཀྱི་ཤེས་རིག་ཞིབ་འཇུག་བྱ་བར་མཐོང་ཆེན་དང་ཐུགས་ཁུར་གནང་དགོས་ལ།  ཁྱད་པར་དུ་ཆུ་ཚད་ངེས་ཅན་ཡོད་པའི་ཞིབ་འཇུག་མི་སྣ་སྐྱེད་སྲིང་བྱེད་རྒྱུ་ནི་དེ་བས་ཀྱང་གལ་འགངས་ཤིན་ཏུ་ཆེ།  རང་རྒྱལ་གྱི་མཁས་པས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་སྤྱིའི་བོད་རིག་པའི་དར་ཆ་དམ་པོར་བཟུང་སྟེ་འཛམ་གླིང་ཡོངས་སུ་རང་རྒྱལ་ལ་བོད་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་དང་ཆུ་ཚད་གང་ལེགས་ཤིག་ལྡན་པ་མཐོང་དུ་འཇུག་རྒྱུ་འདི་ནི། ངེད་རྣམས་ཀྱི་དོར་དུ་མེད་པའི་འོས་འགན་ཡིན་ལ། བོད་ཀྱི་ཤེས་རིག་གི་བདག་པོ་ངེས་ཅན་ཞིག་ཡིན་མིན་གྱི་གནད་འགག་ཀྱང་ལགས།  
          གཉིས། ཕྲན་ཉིད་སྔ་ཕྱིར་ཐེངས་གསུམ་ལ་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གྲོས་ཚོགས་སུ་ཞུགས་མྱོང་ཞིང་། རྒྱལ་ཁབ་མི་གཅིག་པའི་མཁས་པ་ཕལ་ཆེར300ལྷག་ལ་མཇལ་མྱོང་བ་དང་། དེ་དག་ལས་ཕལ་ཆེར་ཞིག་གིས་བོད་ཡིག་འབྲི་ཤེས་པ་དང་བོད་སྐད་བཤད་ཤེས། ད་དུང་མཁས་པ་སྐོར་ཞིག་གིས་བྱང་ཆུབ་པ་ཤེས་ཤིང་།  དཔྱད་རྩོམ་ཡང་བོད་ཡིག་གིས་འབྲི་ཐུབ།  རང་རེའི་རྒྱལ་ཁབ་ཀྱི་ཚོགས་ཞུགས་མཁས་པར་མཚོན་ན། སུམ་ཆའི་གཉིས་ཀྱིས་ཕྱི་རྒྱལ་གྱི་སྐད་མི་གོ་ལ། སྤྱིར་བཏང་གི་འཚོ་བའི་ངོ་སྤྲོད་ཙམ་ཡང་ཤིན་ཏུ་དཀའ་མོ་འདུག   དེར་བརྟེན་གཏིང་ཟབ་ཀྱིས་རིག་གཞུང་བརྗེ་རེས་བྱེད་རྒྱུ་ནི་དེ་བས་ཀྱང་དཀའ་མོ་ཡིན།  དེར་མ་ཟད་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ལའང་ཁྱད་པར་ཆེན་པོ་ཡོད་པས་ཕན་ཚུན་བར་བརྡ་གསལ་བོ་ཞིག་སྤྲོད་དཀའ་བར་འདུག མདོར་ན་བོད་ཀྱི་ཤེས་རིག་ཞིབ་འཇུག་བགྱིད་མཁན་ཞིག་ཡིན་ན་མ་མཐའ་ཡང་ཕྱི་གླིང་པའི་སྐད་རིགས་གཅིག་མ་ཤེས་ཚེ། རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་སྒོ་འཕར་ཕྱེ་ཐབས་བྲལ་ལ།  ཐ་ན་མདོ་དབུས་ཁམས་གསུམ་བར་གྱི་རིག་གཞུང་བརྗེ་རེས་ཐད་ལའང་དཀའ་ངལ་འབྱུང་བས་དེར་ཤུགས་སྣོན་དགོས་ལ། བོད་ནང་ཁུལ་གྱི་ཡུལ་སྐད་དང་གྲོང་སྐད་བར་གྱི་ཁྱད་པར་ཇེ་ཆུང་དུ་གཏོང་རྒྱུར་ངེས་པར་དུ་དོ་སྣང་བྱེད་དགོས་པ་ལགས།  
          གསུམ། བོད་ཀྱི་ཤེས་རིག་ཞིབ་འཇུག་དེང་རབས་ཅན་དང་འཕྲིན་གསར་《信息》དེང་རབས་ཅན་དུ་བསྒྱུར་རྒྱུ་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་ཡིན།  ཕྱི་གླིང་པའི་མཁས་པ་ཕལ་ཆེར་གྱིས་གློག་ཀླད་《电脑》བཀོལ་སྤྱོད་བྱེད་པ་དང་། རང་གི་ཞིབ་འཇུག་གི་གྲུབ་འབྲས་དང་འཕྲིན་གསར་ཐམས་ཅད་གློག་ཀླད་ནང་དུ་བསྡུས་ཡོད།  འདི་ལྟར་བྱས་ན་སྟབས་ཧ་ཅང་བདེ་ལ།  ངེད་ཅག་རྣམས་ལའང་བློ་སྒོ་འབྱེད་པའི་ནུས་པ་ཐོན།  ཐེངས་བརྒྱད་པའི་ཚོགས་ཐོག་ཏུ་ཤེས་རྟོགས་ཟབ་མོ་ཞིག་བྱུང་བ་ནི་ཨ་མེ་རི་ཁའི་མཁས་པ་ཞིག་གིས་བོད་ཀྱི་པོད218ཡོད་པའི་བསྟན་འགྱུར་དང་པོད108ཡོད་པའི་བཀའ་འགྱུར་ཚང་མCDའོད་སྡེར་ནང་དུ་བསྡུས་ཡོད་ལ།  དེས་གློག་ཀླད་བརྒྱུད་དེ་ཁྱོད་ལ་གང་མཁོའི་དཔྱད་གཞིའི་ཡིག་ཆ་འདོན་སྤྲོད་བྱེད་ཐུབ།  གཞན་ཡང་དབྱིང་ཏེ་ཨེན་ནའི་སློབ་གྲྭ་ཆེན་མོའི་བུད་མེད་མཁས་པ་ཞིག་གིས་རང་རྒྱལ་གྱི་བོད་ཡིག་གི་ཞིབ་འཇུག་དུས་དེབ་དང་རྩོམ་པ་པོའི་ལོ་རྒྱུས་བསྡུས་པ།  དཔྱད་རྩོམ་གྱི་ཁ་བྱང་།  དུས་དེབ་ཐོག་བཀོད་པའི་དུས་ཚོད། ད་ལྟ་དཔེ་མཛོད་ཁང་གང་དུ་བཞུགས་པ་སོགས་གསལ་བོ་གློག་ཀླད་ནང་དུ་བསྡུས་ཡོད། གལ་ཏེ་ཁྱོད་ཀྱིས་རྩོམ་ཡིག་དང་རྩོམ་པ་པོ་སུ་འཚོལ་འདོད་ན་དུས་ཐོག་ཏུ་བཙལ་ནས་རྙེད་ཐུབ་པ་ལགས། འདི་ནི་གྲུབ་འབྲས་མི་དམན་པ་ཞིག་ཡིན་ལ།  བོད་ཀྱི་ཤེས་རིག་ཞིབ་འཇུག་བྱ་བ་སྒྲུབ་མཁན་རྣམས་ལའང་སྟབས་བདེར་བསྐྲུན་ཡོད།  རང་རྒྱལ་དང་ཕྱི་རྒྱལ་གཉིས་བསྡུར་ན།  རང་རྒྱལ་གྱི་བོད་རིག་མཁས་པས་བེད་སྤྱོད་བགྱིད་བཞིན་པའི་ཞིབ་འཇུག་བྱེད་ཐབས་རྗེས་སུ་ལུས་ཡོད་ཅིང་།  མཁས་པ་མང་ཆེ་ཤོས་ལ་དེང་རབས་ཀྱི་ཚན་རིག་གཞུང་ལུགས་ཀྱི་ཤེས་བྱ་ཉུང་བ་དང་། དེང་རབས་ཅན་གྱི་ཞིབ་འཇུག་གི་སྒྲིག་ཆས་དཀོན་པོ་འདུག  གལ་ཏེ་ངེད་ཅག་གིས་ཞིབ་འཇུག་བྱེད་ཐབས་གསར་བ་བཀོལ་སྤྱོད་བྱེད་མ་ཐུབ་ན་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་འཕེལ་རྒྱས་ལ་ཤན་ཤུགས་ངན་པ་ཐེབས་པར་གདོན་མི་ཟ།  ངེད་རྣམས་ཀྱིས་ཤེས་གསལ་ལྟར་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱེད་པའི་ལྟེ་བ་ནི་ཀྲུང་གོ་ཡིན། ཕྱི་རྒྱལ་དང་བསྡུར་ན་ང་ཚོར་བོད་ཀྱི་ཤེས་རིག་ཞིབ་འཇུག་ཐད་ཆ་རྐྱེན་ལེགས་པོ་ཡོད་པར་བརྟེན། ངེད་ཅག་གིས་ངེས་པར་དུ་དེང་རབས་ཅན་གྱི་བྱེད་ཐབས་ཏེ།  དཔེར་ན།  བརྙན་པར་དང་འདྲ་པར།  བརྙན་སྒྲོན་པར་ཤེལ་བཅས་ཀྱི་ཐབས་ཤེས་སྤྱད་དེ།  བོད་ཀྱི་ཤེས་རིག་ཞིབ་འཇུག་བགྱིད་པའི་དུས་མཚུངས་སུ། སྲོལ་རྒྱུན་འཕྲིན་གསར་བརྗེ་རེས་ཀྱི་ཐབས་ཤེས་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་ཐབས་ཤེས་གསར་བ་གསར་གཏོད་དང་།  དེང་རབས་ཅན་གྱི་སྒྲིག་ཆས་ནང་འདྲེན།  རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་འཕྲིན་གསར་འཁྲུལ་མེད་ཁོང་དུ་ཆུད་པ་བཅས་བགྱིས་ན།  ད་གཟོད་རང་རིགས་བོད་ཀྱི་ཤེས་རིག་ཞིབ་འཇུག་དེང་རབས་ཅན་དུ་མངོན་འགྱུར་བྱེད་ཐུབ།  
          བཞི།  རང་རྒྱལ་གྱི་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་བྱ་བ་སྒྲུབ་མཁན་ཚོས་དཀའ་སྤྱད་འབད་བརྩོན་བྱས་ཏེ་དེང་རབས་ཀྱི་ཤེས་བྱ་ཁོང་དུ་ཆུད་པར་བྱེད་དགོས་པ་དང་།  ཚན་རིག་གི་ཐབས་ཤེས་ལ་བརྟེན་ནས་བོད་ཀྱི་གནའ་དཔེ་འཚོལ་སྡུད་དང་དག་སྒྲིག་པར་སྐྲུན་བྱེད་དགོས།  མིག་སྔར་ལས་དོན་འདིའི་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ནའང།  བྱ་བའི་གོམ་སྟབས་ད་ལྟའི་དགོས་མཁོ་དང་བསྡུར་ན་ད་དུང་བར་ཐག་ངེས་ཅན་ཞིག་ཡོད་པ་རེད། ང་ཚོར་མཚོན་ན་རྒྱལ་ཡོངས་སུ་བོད་ཀྱི་གནའ་དཔེ་ཡང་སྙིང་ཅི་འདྲ་ཞིག་འདུག་པར་ཡིད་ན་གྲངས་ཀ་གསལ་བོ་ཞིག་མེད།  འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ལས་གསལ་བ་ལྟར་ན།  བོད་ཀྱི་རིག་གནས་བང་མཛོད་ཀྱི་མཚན་སྙན་ཡོད་པའི་སྡེ་དགེའི་པར་ཁང་དང་བླ་བྲང་བཀྲ་ཤིས་འཁྱིལ།  རྩེ་པོ་ཏ་ལ་སོགས་ཀྱི་བོད་ཡིག་གླེགས་བམ་གྱི་ཁ་བྱང་དག་སྒྲིག་བྱེད་པའི་བྱ་བ་ད་དུང་མཇུག་སྒྲིལ་མེད་པ་དང་། ས་སྐྱ་དགོན་པའི་གནའ་དཔེ་བྲག་རི་ལྟར་བརྩིགས་ཡོད་པ་ཐམས་ཅད་ད་དུང་སྒུལ་མེད་དུ་བཞག་ཡོད། བོད་ལྗོངས་ཡིག་ཚགས་ཁང་གི་བོད་ཡིག་གི་ཡིག་ཚགས་ད་དུང་ཕྱི་རུ་སྒོ་འཕར་ཡོངས་སུ་འབྱེད་ཐུབ་མེད།  སཾསྐྲིཏའི་སྐད་ཡིག་ལས་གྲུབ་པའི་ཤིང་ཏ་ལའི་ལོ་མའི་བསྟན་བཅོས་དག་ལེགས་སྒྲིག་དང་ཞིབ་འཇུག་གི་བྱ་བ་ཡང་འཕེལ་རྒྱས་དལ་བ་ཡིན།   འདི་དག་ཐམས་ཅད་བོད་ཀྱི་ཤེས་རིག་ཞིབ་འཇུག་འཕེལ་རྒྱས་ཀྱི་གནས་བབ་དང་གཏན་ནས་མཐུན་ཐབས་མེད། དེའི་ཕྱིར།  ངེད་ཅག་གིས་སྟོབས་ཤུགས་འདོན་སྤེལ་བྱས་ཏེ།  འཆར་གཞི་ཡོད་པའི་སྒོ་ནས་བོད་ཀྱི་གནའ་དཔེ་ཐམས་ཅད་དག་སྒྲིག་པར་སྐྲུན་བྱེད་པ་དང་།  ཁྱིམ་རྒྱུ་ཡང་སྙིང་ག་ཚོད་འདྲ་ཡོད་པ་རྟོགས་པར་བྱེད་པའི་དཔྱད་གཞིའི་ཡིག་རིགས་དག་མགྱོགས་མྱུར་ངང་རིགས་དབྱེ་དང་ཁ་བྱང་སྒྲིག་པ།  གློག་ཀླད་ནང་དུ་སྡུད་པ་བཅས་བྱས་ཏེ།  རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་མཁས་པ་རྣམས་ཀྱིས་བེད་སྤྱོད་ཐུབ་པ་བྱ་དགོས།  
          མདོར་ན།  ཁོ་བོ་ཐེངས་འདིའི་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་གྲོས་ཚོགས་སུ་ཞུགས་ཏེ། འཛམ་གླིང་སྟེང་གི་སྐད་གྲགས་ཅན་གྱི་བོད་རིག་པའི་ཞིབ་འཇུག་པ་མང་པོ་ངོ་ཤེས་པ་དང་།  འཛམ་གླིང་སྟེང་གི་རྒྱལ་ཁབ་སོ་སོའི་ཞིབ་འཇུག་གི་ཁ་ཕྱོགས་གསར་བ། ནང་དོན་གསར་བ། བྱེད་ཐབས་གསར་བ་བཅས་ལ་རྒྱུས་ལོན་ཅུང་ཟད་བྱུང་བ་ལས་མིག་རྒྱ་ཆེར་སྐྱེད་དང་ཤེས་རྒྱ་ཇེ་ཆེར་གྱུར་ལ།  ཉམས་མྱོང་ཡང་ཕུན་སུམ་ཇེ་ཚོགས་སུ་སོང་།  བོད་ཞི་བས་བཅིངས་འགྲོལ་བྱས་ནས་ལོ་ལྔ་བཅུ་སོང་བའི་རིང་བོད་ཀྱི་ཤེས་རིག་ཞིབ་འཇུག་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་བསྙོན་མེད་ཀྱི་བདེན་དོན་ཞིག་ཡིན་མོད།  འོན་ཀྱང་འཕྲིན་གསར་དུས་རབས་ཀྱི་དགོས་མཁོ་དང་འཚམ་པ་བྱེད་རྒྱུ་དང་ཚན་རིག་གི་བྱེད་ཐབས་གསར་བ་བཀོལ་སྤྱོད་བྱ་རྒྱུ་སོགས་ཀྱི་ཐད་དུ་རང་རེར་ཞན་ཆའི་ཕྱོགས་འགའ་རེ་གནས་བཞིན་པའང་ཁོ་བོ་རྒྱལ་སྤྱིའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གྲོས་ཚོགས་སུ་ཞུགས་པའི་མྱོང་ཚོར་དངོས་ལས་གསལ་རྟོགས་ཐུབ་པས་སླད་ཕྱིན་རང་རེས་སྐྱོན་སྤངས་དགེ་སྒྲུབ་ཀྱིས་དེ་བས་བརྩོན་པ་རྒྱ་སྐྱེད་ཀྱི་སྒོ་ནས་འབད་སྒྲུབ་བྱས་ཏེ།  སྔར་ལས་ལྷག་པའི་གྲུབ་འབྲས་གསར་གཏོད་བྱེད་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1