གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་ལོ་བཞི་ཙམ་འདས་རྗེས།ཉེ་དུས་སུ་གལ་ཆེའི་གྲུབ་ཆར་གྱུར་པའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཐོག་གི་ཁམས་དར་ཟམ་ཆེན་གྱི་ཟམ་གདན་ཨར་ལས་ཡོངས་སུ་གྲུབ་ནས་ཁྲོན་བོད་གཞུང་ལམ་གྱིས་འཛམ་གླིང་རིམ་པའི་དཀའ་ཚད་བརྒལ་ནས་ཡང་དུ་གྲུབ་འབྲས་ཆེན་པོ་ཐོབ་ཡོད།ཟམ་ཆེན་དེའི་ཨར་ལས་ཀྱི་དཀའ་ཚད་འཛམ་གླིང་རིམ་པ་ཡིན་ཞིང་།ཟམ་ཆེན་འཛུགས་སྐྲུན་བྱེད་རིང་ཆེད་ཁེ་དང་སྤྱོད་གོ་ཆོད་པའི་དཔེ་གསར་ཅན་གྱི་ཆེད་ཁེ་སྣ་ཁ10གསར་གཏོད་བྱས་ཡོད་པ་རེད།
ཁྲོན་བོད་གཞུང་ལམ་བརྒྱུད་ཡུལ་ཀྱི་ལྕགས་ཟམ་ཁའི་མཁའ་ཟམ་ཞིག་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་ཐོག་བསྲིངས་ནས་ངོགས་གཉིས་སྦྲེལ་ཡོད་པ་མཐོང་ཐུབ། དེ་ནི་ཁྲོན་བོད་གཞུང་ལམ་ཐོག་གི་ཟམ་ཆེན་དང་པོའི་མཚན་སྙན་ཐོབ་པའི་ཁམས་དར་ཟམ་ཆེན་རེད། འཛུགས་སྐྲུན་པས་ལོ་བཞིར་འབད་འཐབ་བྱས་པར་བརྒྱུད་ཁྲོན་བོད་གཞུང་ལམ་གྱི་གཡག་རྔ་ནས་ལྕགས་ཟམ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཉེ་དུས་སུ་འཛུགས་སྐྲུན་པས་དཀའ་སྤྱད་འབད་འཐབ་བྱས་པར་བརྒྱུད་ལྕགས་ཁམ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དུ་ཁམས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་ངོགས་གཉིས་སྦྲེལ་བའི་ཁྲོན་བོད་གཞུང་ལམ་གྱི་ཟམ་ཆེན་དང་པོ་ཁམས་དར་ཟམ་ཆེན་དེ་ད་ལོའི་སྤྱི་ཟླ10པའི་ཚེས1ཉིན་ཟམ་གདན་གྱི་ཨར་ལས་གྲུབ་པ་དང་བསྟུན་ནས་གཞི་རྩའི་ཐོག་རླངས་འཁོར་ཤར་གཏོང་ཆོག་པས་ཁྲོན་བོད་གཞུང་ལམ་གྱིས་སླར་ཡང་འཛམ་གླིང་རིམ་པའི་དཀའ་ཚད་ལས་རྒྱལ་ཁ་ཐོབ་ཐུབ་ཡོད་པ་རེད།
གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་གི་ཁམས་དར་ཟམ་ཆེན་གྱི་ཨར་ལས་མཇུག་བསྒྲིལ་བའི་གཏམ་བཟང་གང་སར་ཁྱབ་པ་དང་སྦྲགས། དྲྭ་གྲོགས་ཚོས་ཁ་པར་བརྒྱུད་ནས་སའི་གོ་ལའི་ཐོག་ཧ་ལས་པའི་ལས་གྲྭ་ཆེན་པོ་ཁྲོན་བོད་གཞུང་ལམ་གྱི་ཟམ་ཆེན་དང་པོའི་མཚན་སྙན་དེ་འཛམ་བུ་གླིང་གི་ཡུལ་གྲུ་ཀུན་ལ་ཁྱབ་ཏུ་བཅུག་པ་རེད། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆར་གྱུར་པའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཐོག་གི་ཁམས་དར་ཟམ་ཆེན་གྱི་ལས་ཡུན་ལོ་བཞི་ཙམ་འདས་རྗེས། ད་ལོའི་སྤྱི་ཟླ10པའི་ཚེས1ཉིན་ལ་ཟམ་ཆེན་གྱི་ཟམ་གདན་སྨི150ལས་ཚར་རྗེས་རླངས་འཁོར་ཤར་གཏོང་གི་ཆ་རྐྱེན་འཛོམས་པ་རེད།
ཨར་ལས་མྱུར་ཚད་འཆར་གཞིར་དམིགས་ན། ད་ལོའི་ལོ་མཇུག་ལ་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་ལྕགས་ཟམ་ཁ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གྲུབ་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། དེའི་སྐབས་སུ་ཁྲེང་ཏུའུ་ནས་དར་མདོའི་བར་ལམ་ཚང་མར་མྱུར་བགྲོད་གཞུང་ལམ་ཡིན་པས་ཆུ་ཚོད4ཡས་མས་ལས་མི་འགོར་བ་མངོན་འགྱུར་ཐུབ་རྒྱུ་རེད།
རིང་ཚད་སྤྱི་ལེ135ཡོད་པའི་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ལུའུ་ཀྲོའུ་ནས་དར་མདོའི་ས་འགུལ་གནོད་སྐྱོན་ས་ཁུལ་ལ་བརྒྱུད་པ་དང་ནང་ལོགས་ས་ཁུལ་ནས་བོད་ཁུལ་དུ་སྐྱོད་པའི་གཞུང་ལམ་གཙོ་བོ་ཡིན་ལ། དཔལ་འབྱོར་གྱི་འཕར་རྩ་ཆེན་པོ་ཞིག་ཀྱང་ཡིན་ནོ། དེའི་རིང་ཚད་བསྡོམས་འབོར་སྨི1411ཡོད་པ་དང་མཚོ་འཕགས་སྨི1617ཡོད་ཅིང་། ཟམ་གདན་ནས་ཆུ་ངོས་བར་ལ་སྨི239ཡོད། ཟམ་ཆེན་གྱི་སྤྱིའི་བཟོ་སྐྲུན་གྱི་འགྲོ་གྲོན་སྒོར་དུང་ཕྱུར10ལས་བརྒལ་བ་དང་བར་བརྒལ་རྒྱང་ཐག་སྨི1100ཡོད་པའི་ཁམས་དར་ཟམ་ཆེན་དེ་འཛུགས་སྐྲུན་གཞི་ཁྱོན་ཆེ་ཞིང་བརྒལ་ཚད་ཧ་ཅང་རིང་བས་འཛུགས་སྐྲུན་བྱེད་རིང་དཀའ་ངལ་ཡང་ཧ་ཅང་ཆེན་པོ་བྱུང་ཡོད་པ་རེད།
དཀའ་ཚད། ཆེད་རམས་པས་ཟམ་ཆེན་དེའི་ཨར་ལས་ཀྱི་དཀའ་ཚད་འཛམ་གླིང་རིམ་པའི་གྲས་སུ་སླེབས་ཞེས་བསྡོམས་ཚིག་བཀོད།
ཞིང་ཆེན་འགྲིམ་འགྲུལ་སྐྱེ་འདྲེན་ཐིང་གི་གཞུང་ལམ་འཆར་འགོད་འཚོལ་ཞིབ་ཇུས་འགོད་ཞིབ་འཇུག་ཁང་གི་སྤྱི་ཁྱབ་བཟོ་སྐྲུན་པ་མུའུ་ཐིང་མེན་གྱིས་བཤད་པ་ལྟར་ན། ཁམས་དར་ཟམ་ཆེན་དེ་བར་བརྒལ་ཧ་ཅང་རིང་བས་མ་ཚད། ཡུལ་དེ་གའི་ས་ཁམས་མཐོ་ཞིང་ས་འགུལ་རྒྱུག་ཁུལ་ཡིན་པ་དང་། རླུང་རའི་ཁོར་ཡུག་རྙོག་འཛིང་ཆེ་བ་བཅས་འཛུགས་སྐྲུན་ཆ་རྐྱེན་རྙོག་འཛིང་ཆེན་པོ་གསུམ་འདུས་ཡོད། ལས་ཀའི་དཀའ་ཚད་འཛམ་གླིང་རིམ་པར་སླེབས་པ་དང་། དཔེར་ན་རླུང་གི་མྱུར་ཚད་རིམ་པ12ཐོག་སླེབས་པས། མི་ཟམ་པ་ཐོག་ལངས་ན་རླུང་གི་འཁུར་ནས་འགྲོ་སྲིད་པ་རེད། ཅི་འདྲ་བྱས་ནས་ཏུན་ཁྲི་ལ་སླེབས་པའི་ངར་ལྕགས་རྒྱུ་ཆས་དེ་ཚོ་བར་སྣང་དུ་བསྲིངས་པ་དེ་ནི་དཀའ་ཚད་ཧ་ཅང་ཆེ་ལ་འཛུགས་སྐྲུན་པ་ཚོར་འགྲན་སློང་ཆེན་པོའང་ཐུག་ཡོད།
ཁམས་དར་ཟམ་ཆེན་གྱི་འཛུགས་སྐྲུན་གཞི་ཁྱོན་བསྡོམས་འབོར་ཧ་ཅང་ཆེ་ཞིང་། ཟམ་ཆེན་ཐོག་བླུགས་པའི་ཨར་འདམ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི29ཐོག་སླེབས་པས། དེ་ནས་ཀྲུང་གོའི་བརྙན་འཕྲིན་མཐོ་ལྕོག་དང་པོ་ཀོང་ཏུང་བརྙན་འཕྲིན་མཐོ་ལྕོག་ཨར་འདམ་བླུགས་ཚད་ཀྱི་བརྒྱ་ཆ1.9ཡིན་ཞིང་། སྙོམས་ངོས་རྒྱ་ཁྱོན་སྨི་གྲུ་བཞི་མ5100ཡོད་པས་ཧ་ལམ་རྐང་རྩེད་སྤོ་ལོ་ཐང12དང་མཚུངས། ཟམ་ཆེན་ལ་སྤྱོད་པའི་ལྕགས་ཐག་རིང་ཚད་སྤྱི་ལེ་ཁྲི6ལས་བརྒལ་ཤིང་། ལྕགས་སྐུད་ཚང་མ་སྦྲེལ་མཐུད་བྱས་ན་སའི་གོ་ལ་དཀྲིས་སྐོར་གཅིག་དང་ཕྱེད་ཀ་རྒྱག་ཐུབ་རྒྱུ་རེད། རི་མཐོ་ཞིང་གཡང་གཟར་ཆེ་ལ། ས་གཤིས་ཆ་རྐྱེན་མི་ལེགས་པའི་ཁྲོན་བོད་གཞུང་ལམ་ཐོག་བཟོ་སྐྲུན་འདི་ལེགས་གྲུབ་བྱ་དགོས་པ་དེ་འཛུགས་སྐྲུན་པར་སྔར་ཐུག་མ་མྱོང་བའི་འགྲན་སློང་ཆེན་པོ་ཞིག་ཡིན་ནོ།
སྤུས་ཚད། ཟམ་ཆེན་གྱི་ཧེ་བག་གྲངས་ཐོ་དེ་འཆར་འགོད་བླང་བྱ་ལས་དམའ་བ།
ཟམ་ཆེན་འཛུགས་སྐྲུན་བྱེད་རིང་ཡོངས་སུ་ལྟ་བཤེར་བྱེད་བཞིན་ཡོད་པའི་ལྷོ་ནུབ་འགྲིམ་འགྲུལ་སློབ་གྲྭ་ཆེན་པོའི་ཆེད་རམས་པས་རྩིས་བཤེར་བྱས་པའི་གཞི་གྲངས་ཁག་གཅིག་ལ་གཞིགས་ན། ཟམ་ཆེན་གྱི་ཧེ་བག་གྲངས་ཐོ་དམའ་བས་ཇུས་འགོད་བླང་བྱ་ནང་བཀོད་ཅིང་སྤུས་ཀ་ལེགས་ཤིང་ཚད་མཐོ་བ་རེད། དཔེར་བཞག་ན་ཟམ་ཆེན་དེ་ངར་ལྕགས་ལས་གྲུབ་པས་ལྕགས་ཀྱི་རྒྱུ་ཆས་མཐུད་སྦྲེལ་བྱེད་མཚམས་སུ་སྤུས་ལེགས་གཅུས་གཟེར་རྒྱག་དགོས་པས། དེ་ནི་ཟམ་ཆེན་དེའི་ཐོག་ཁྱོན་བསྡོམས་སྤུས་ལེགས་ལྕགས་གཟེར་ཁྲི58.44ཡོད་པ་དེ་ཚང་མ་སྔོན་བཀོད་ཀྱི་གཟེར་མིག་ལ་རྒྱག་དུས་ཁྲིག་ཁྲིག་ཏག་ཏག་ཡིན་པར་བརྟེན་གཟེར་མིག་གཅིག་ཀྱང་གསར་དུ་ཕུག་མི་དགོས་པ་བྱུང་ཡོད། ཟམ་ཆེན་འཛུགས་སྐྲུན་བྱེད་རིང་ཚན་རིག་གི་ཞིབ་འཇུག་བྱེད་སྟངས་དང་ཚན་རྩལ་གསར་གཏོད་ཡང་རྒྱུན་ཆད་མེད་པར་ཐོན་དང་ཐོན་བཞིན་ཡོད་ལ། མུའུ་ཐིང་མེན་གིས་བཤད་པར་གཞིགས་ན། ཐེངས་འདིར་ཟམ་ཆེན་འཛུགས་སྐྲུན་བྱེད་རིང་ཆེད་ཁེ་དང་སྤྱོད་གོ་ཆོད་པའི་དཔེ་གསར་ཅན་གྱི་ཆེད་ཁེ་སྣ་ཁ10གསར་གཏོད་བྱས་ཡོད་པ་རེད།
སྒྲིག་སྦྱོར། ཟམ་ཆེན་ཐོག་རླུང་་གི་འགོག་ཡོལ་སྒྲིག་སྦྱོར་བྱས།
གསར་འགོད་པས་ལས་ཡུལ་དངོས་སུ་མཐོང་བར་གཞིགས་ན། ཟམ་ཆེན་གྱི་སྣེ་གཉིས་ཀྱི་སྐྱོར་རའི་ཐོག་མཐོ་ཚད་སྨི3གྱི་ལྕགས་སྒྲོམ་སྒྲིག་སྦྱོར་བྱས་ཡོད་པ་དེ་ནི་རླུང་གི་འགོག་ཡོལ་ཡིན་ཞིང་། འཛུགས་སྐྲུན་པ་མུའུ་ཐིང་མེན་གྱིས་དེས་རླུང་ཁ་སྒྱུར་ཐུབ་ཅིང་། ཟམ་ཆེན་ཐོག་གི་རླངས་འཁོར་བདེ་བགྲོད་ཐུབ་པར་ཤུགས་རྐྱེན་ཆུང་དུ་བཟོ་ཐུབ་རྒྱུ་རེད་ཅེས་བཤད་བྱུང་། ལོ་ལྔའི་འཛུགས་སྐྲུན་བྱེད་རིང་ཡུལ་དེ་གའི་རླུང་རའི་ཆོས་ཉིད་མཐིལ་རྟོགས་བྱུང་ཞིང་། ཟམ་ཆེན་གྱི་དཀྱིལ་གཞུང་དང་བསྡུར་ན་ཟམ་སྣེ་གཉིས་ཀྱི་རླུང་དེ་བས་ཆེ་བའི་གནས་ཚུལ་ལ་དམིགས་ཏེ་སྣེ་གཉིས་ལ་རིང་ཚད་སྨི424ལ་སླེབས་པའི་རླུང་གི་འགོག་ཡོལ་སྒྲིག་སྦྱོར་བྱས་ཡོད། རླུང་ཆེན་པོས་སྐྱེལ་གཉེར་བདེ་འཇགས་ལ་འགྲན་སློང་ཆེན་པོ་བྱུང་ཡོད། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་སྤྱི་གཉེར་ཁང་གིས་ད་ལྟར་ཟམ་ཆེན་ཐོག་གནམ་གཤིས་ཚད་ལེན་འཕྲུལ་ཆས་སྒྲིག་སྦྱོར་བྱེད་བཞིན་ཡོད་པས། དེས་ཆུ་ཚོད24ལ་རླུང་ཁ་དང་རླུང་མྱུར་ཚད་ཚད་ལེན་བྱས་ནས་རིམ་པ8ལས་བརྒལ་ན་གནས་སྐབས་སུ་ཁམས་དར་ཟམ་ཆེན་ཐོག་རླངས་འཁོར་གཏོང་མི་ཆོག་པ་བཟོ་རྒྱུ་རེད།
ཁམས་དར་ཟམ་ཆེན་གྱི་འགུལ་འགོག་བྱེད་ནུས་རིམ་པ9ཡིན་པས། ས་འགུལ་དང་རི་ཉིལ་བའི་གནས་ཚུལ་ཚབས་ཆེན་བྱུང་དུས་ལམ་སང་ཆད་མི་ཐུབ་པས་དེ་ནས་ཟམ་ཆེན་དཀྱིལ་གཞུང་ལ་སྤྱིའི་ལྕགས་སྒྲོག6གིས་སྒྲོག་བརྒྱབ་སྟེ་ཟམ་པ་དེ་དཀྱིལ་གཞུང་ནས་ཆད་མི་འགྲོ་བར་ཁག་ཐེག་བྱས་ཤིང་ལག་རྩལ་དེའང་རྒྱལ་ནང་དུ་ཐེངས་དང་པོ་ཡིན་ནོ།།