དུད་ཚང་དབུལ་པོ་དང་སྡེ་ཁུལ་གྱི་དོ་དམ་པས་དབུལ་ཐར་རྩིས་ཐོ་བཀོད་ཚུལ།
སངས་འཁོར་ནི་གནུབས་ཟུར་གྲོང་རྡལ་རྒྱ་ཤུག་གྲོང་སྡེའི་ཡུལ་མི་ཡིན་ཞིང་། ཁྱིམ་མི་ལྔ་ཡོད། ནད་གཞི་ཕོག་ནས་ངལ་རྩོལ་ནུས་ཤུགས་མེད་པར་བརྟེན། 2014ལོར་དམིགས་བསལ་དབུལ་སྐྱོར་གྱི་གྲས་སུ་བཞག 2017ལོའི་ལོ་མཇུག་ཏུ་མཚོ་འཕགས་སྨི4000ཡོད་པའི་རྩྭ་ཐང་ནས་བདེ་སྐྱོང་སྡོད་ཁུལ་དུ་གནས་སྤོ་བྱས་པ་རེད། གསར་འགོད་པས་སངས་འཁོར་གྱི་གམ་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཁོ་ཚང་གི་ཁྱིམ་མི་གང་བོས་འཕྲུལ་རྟ་ཞིག་གསོ་དང་འཚེམ་བཟོ་ལ་བརྟེན་ནས་ཡོང་སྒོ་འཚོལ་བཞིན་ཡོད་ཅིང་། སྲིད་གཞུང་གིས་ཁོ་ཚང་གི་བུ་ཆུང་དེ་ལམ་ལས་བྱ་བར་ལས་བགོས་བྱས་ཏེ་ལོ་རེར་ཡོང་འབབ་སྒོར9600ལྷག་ཡོད་པའི་སྟེང་དུ་ཡོང་སྒོར་གཞན་དག་བསྣན་ཚེ། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར4100ལ་ཉེ་བ་ཡོད་པས་ད་ལོར་དབུལ་ཕོངས་ལས་ཐར་བ་རེད།
ཞིང་འབྲོག་མང་ཚོགས་ཀྱིས་ཁྱིམ་ཆས་གསར་བ་བླངས།
སངས་འཁོར་གྱིས་བཤད་དོན། སྡོད་ཁང་དྲོན་པོ་ཡོད་པས། ད་ནས་བཟུང་གྲང་ལྷགས་ཀྱིས་གཙེས་པའི་ཚོར་བ་མྱོང་དགོས་མི་འདུག དེ་སྔོན་གྱི་སྡོད་ཁུལ་ནི་རྫོང་གི་གྲོང་ཁུལ་དང་ཁ་ཐག་རིང་བ་དང་། ཁྱིམ་ཚང་ལ་གཏན་འཁེལ་གྱི་ཡོང་འབབ་མེད་པས་འགྲིམ་འགྲུལ་ཡོ་བྱད་ཉོ་མི་ཐུབ་པ་རེད། སྤྱི་ལེ200ལྷག་ལ་ཕར་འགྲོ་ཚུར་འོང་བྱེད་དུས་ཤིན་ཏུ་དཀའ་ལས་ཁག་པོ་ཡོད་ཅིང་། ལོ་གཅིག་རིང་རྫོང་ཐོག་ལ་ཐེངས་གཅིག་གཉིས་ལས་འགྲོ་མི་ཐུབ། འོན་ཀྱང་ད་ལྟར་སྔོན་ཆད་དང་མི་འདྲ་བ། ང་ཚོའི་ཁྱིམ་ཚང་གི་ཉེ་འགྲམ་ན་གཞུང་ལམ་དང་སློབ་གྲྭ། ཕྱི་ལ་འགྲོ་ན་སྤྱི་སྤྱོད་རླངས་འཁོར་ཡོད་པས། འཚོ་བར་སྟབས་བདེ་བསྐྲུན་ཡོད།
སངས་འཁོར་གྱིས་མུ་མཐུད་ནས་བཤད་དོན། ད་ནི་ཁང་པ་ཞིག་གསོ་དང་གློག་ཆས་ཉོ་བར་སྲིད་གཞུང་གིས་དངུལ་མང་པོ་བཏང་ཡོད་པས། གུང་ཁྲན་ཏང་གི་སྲིད་ཇུས་བཟང་པོ་དེས་ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་བཅུག་ཡོད། ཡིན་ནའང་ང་ཚོས་རང་ཉིད་ཀྱི་འཇོན་ཐང་དང་ལག་པར་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བར་བརྩོན་ལེན་བྱ་དགོས་པ་རེད།
སྙི་སྟོད་གྲོང་རྡལ་དུ་གནས་སྤོ་བྱས་པ།
གསེར་ཁོག་གྲོང་རྡལ་ཁམས་བདེའི་སྡེ་ཁུལ་ནི་གསེར་ཐར་རྫོང་ཨུ་དང་། རྫོང་སྲིད་གཞུང་གིས་དོན་དངོས་ལ་གཞིར་བཟུང་སྟེ་མིག་རྒྱང་རིང་བོའི་ངང་ནས་བཀོད་སྒྲིག་བྱ་ཡུལ་གྲོང་གསེབ་ཀྱི་སྡེ་ཁུལ་གསར་པ་འཛུགས་བསྐྲུན་བྱས་པ་རེད། བདེ་སྐྱོང་གི་ནང་དོན་ནི་ཡུན་རིང་བདེ་འགོད་དང་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུ་དེ་ཡིན་ཞིང་། བཀོད་སྒྲིག་བྱ་ཡུལ་དེ2017ལོའི་སྤྱི་ཟླ6པར་སྐྲུན་འགོ་བཙུགས་ནས་བསྟུད་མར་ལོ་གསུམ་ལ་དུད་ཚང་དབུལ་པོ316བཀོད་སྒྲིག་བྱས་ཏེ་ཤང14ཡི་གྲོང་རྡལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་ནུས་ལྡན་བྱ་རྒྱུ་ཡིན་པ་རེད། ཕྱིན་ཆད་བཀོད་སྒྲིག་བྱ་ཡུལ་ནི་ཡུལ་མིའི་སྡོད་ཁང་གི་མཛེས་ལྗོངས་སུ་རྩིས། ཐོན་ལས་གོང་འཕེལ་འཆར་གཞི་དང་མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ་བྱས་ཏེ་ཡུལ་མིའི་སྣེ་ལེན་དང་དམངས་གཉེར་ཁེ་ལས་གསར་གཏོད་འཕེལ་རྒྱས་ལ་རྨང་གཞི་འདིང་རྒྱུ་ཡིན་པ་རེད།
སེར་ཁོག་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། གསེར་ཐར་རྫོང་གིས་བེད་སྤྱོད་གཏོང་ཆོག་པའི་ཐོན་ཁུངས་རབ་དང་རིམ་པ་བསྡུ་སྒྲིག་བྱས་ཏེ་རྫོང་དང་གྲོང་ཁྱེར་གཉིས་ཀྱི་རླངས་འཁོར་འཁྲུད་ས་ནས་བོགས་མར་གཏོང་ལེན་གྱི་གྲོན་དངུལ་ལོ་རེར་སྒོར་ཁྲི24ལེན་པ་དང་། ཚོང་ཁང་གི་གཉེར་བའི་བཤུག་སྤྲོད་གྲོན་དངུལ་ལོ་རེར་སྒོར་ཁྲི150ཡིན། ནོར་བུ་གླིང་ཁའི་བཟའ་བཏུང་ལས་རིགས་གཉེར་སྐྱོང་གིས་གཏན་འབེབས་བྱས་པའི་མ་དངུལ་ལོ་རེར་སྒོར་ཁྲི2ཡིན་པ་དང་། ལོ་རེའི་ཕྱུགས་རིགས་བཤས་རའི་གཉེར་སྐྱོང་དབང་སྤྲོད་གྲོན་དངུལ་སྒོར་ཁྲི50ཡིན། ཡོང་འབབ་དེ་གསེར་ཁོག་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཡིན་པ་རེད། དེས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་གཅིག་ཡས་མས་འཕར་དུ་བཅུག་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར2600ཙམ་འཕར་སྣོན་བྱུང་བ་རེད། དེས་སྡེ་ཁུལ་སྡོད་དམངས་ཀྱིས་ཁེ་ལས་གསར་གཏོད་དང་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་ཆ་རྐྱེན་སྔར་བས་ལེགས་པ་བསྐྲུན། ཕྱིན་ཆད་སྤྱི་ཕན་རིགས་ཀྱི་ལས་གནས་བཀོད་སྒྲིག་བྱ་རྒྱུ་དང་ཐོན་ལས་ཚན་པ་གཅིག་བསྡུ་ལེན་བྱས་ནས་ངལ་རྩོལ་ལས་གནས་ཚན་པ་གཅིག་སྤོ་སྒྱུར་བྱས་པ་དང་ཆབས་ཅིག ཚན་པ་གཅིག་བབ་བསྟུན་ལས་ཞུགས་བྱ་རྒྱུ་ཡིན་པ་རེད། རང་རྟེན་ཁེ་ལས་ཚན་པ་གཅིག་གསར་གཏོད་བྱ་རྒྱུའི་རྣམ་པར་བརྟེན་ནས་སྡེ་ཁུལ་གྱི་གྲོང་མི་དུད་ཚང་རེར་མ་མཐར་ཡང་མི1ལས་ཞུགས་བྱས་པའི་རྣམ་པ་མངོན་དུ་འགྱུར་བར་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
བདེ་སྐྱོང་གི་སྡོད་ཁང་བསྐྱར་བཟོ་བྱས།
གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། སྐྱེ་ཁམས་ཁོར་ཡུག་ཉམས་རྒུད་དུ་འགྲོ་བཞིན་པ་དང་། ས་རྒྱ་ཆེ་ལ་མི་གྲངས་ཉུང་བ། གྲམ་འཐོར་དུ་གནས་པ། ནམ་ཟླ་འཁྱག་པ། སྤྱི་ཚོགས་ཞབས་ཞུ་དང་རྨང་གཞིའི་སྒྲིག་ཆས་ཀྱི་ཁྱབ་ཚད་ཉུང་བ་བཅས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱ་ཆེད། གསེར་ཐར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཆོད་སེམས་བརྟན་པོའི་སྒོ་ནས་ལོ་དང་པོར་རྨང་གཞི་འདིང་བ་དང་། ལོ་གཉིས་པར་གྲུབ་འབྲས་ཐོབ་པ། ལོ་གསུམ་པར་གཏོད་བརྒལ་བྱེད་པ། ལོ་བཞི་པར་ཆུ་ཚད་དུ་ལོན་པར་བྱེད་པ། ལོ་ལྔ་པར་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པ་བཅས་ཀྱི་བྱེད་ཕྱོགས་ལག་ལེན་བསྟར་ནས་མང་ཚོགས་དབུལ་ཐར་བྱུང་བར་བརྩོན་ལེན་བྱ་དགོས་པ་རེད། འབྲོག་ཁུལ་དང་མཐོ་སྒང་གི་ཞིང་གྲོང་བཅས་ལ་དམིགས་ནས་དབུལ་ཕོངས་ཡིན་པའི་རྩ་བའི་རྒྱུ་རྐྱེན་བཙལ་ནས་དེ་དག་ཐག་གཅོད་བྱ་དགོས། དཔེར་ན། གསེར་ཁོག་གྲོང་རྡལ་གྱི་བདེ་སྐྱོང་སྡེ་ཁུལ་ལྟ་བུའི་འབྲོག་དམངས་གཏན་སྡོད་ཁུལ་གསེར་ཐར་རྫོང་དུ་གསུམ་ལྷག་ཡོད། དེ་དག་ནི་སྟག་རྩེ་ཤང་དང་སྙི་སྟོད་གྲོང་རྡལ། སྙན་ལུང་ཤང་བཅས་ཡིན་པ་རེད། འབྲོག་པ་རྣམས་གྲོང་དུ་ཕབ་ནས་འབྲོག་དམངས་གཏན་སྡོད་བྱེད་ཁུལ་འཛུགས་སྐྲུན་བྱེད་དུས་སུ་འབྲོག་པ་རྣམས་གྲོང་རྡལ་གྱི་མཐའ་འཁོར་དུ་གཏན་སྡོད་དང་རྫོང་གི་མཐའ་འཁོར་དུ་གཏན་སྡོད་བྱེད་པའི་རྩ་དོན་ལ་གཞིར་བཟུང་ནས། ས་ཁོངས་ཀྱི་ཚད་བཀག་ལས་བརྒལ་ཞིང་། དབུལ་ཕོངས་མང་ཚོགས་ཀྱིས་ནད་ལྟ་བ་དང་སློབ་གྲྭར་འགྲོ་བ། ལས་ཀར་ཞུགས་པ། ཕྱི་ལ་སྐྱོད་པ་སོགས་ཀྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱས་ཡོད་པ་རེད། 2016ལོ་ནས་བཟུང2018ལོའི་བར་དུ་དབུལ་ཕོངས་ཁྱིམ་ཚང3563གྱི་སྡོད་ཁང་གནད་དོན་ཐག་བཅད་པ་དང་། རྨང་གཞིའི་སྒྲིག་ཆས་ཀྱང་འཐུས་སྒོ་ཚང་བར་བྱས་ནས་འཚོ་བའི་གད་སྙིགས་ཐག་གཅོད་བྱེད་ས56དང་། སྤྱི་པའི་གསང་སྤྱོད་ཁང90འཛུགས་སྐྲུན། སྤྱི་པའི་ཁྲུས་ཁང4 ལམ་སྒྲོན957 གཞུང་ལམ་སྤྱི་ལེ46.85ལས་ནས་མཐོ་སྒང་གི་མཛེས་སྡུག་གྲོང་ཚོ74བསྐྲུན། དེ་ལྟར་གཞི་རྩའི་སྟེང་ནས་ས་བབ་རྩུབ་སར་གནས་པའི་འབྲོག་པ་རྣམས་ཀྱི་འཚོ་གནས་ཀྱི་གནད་དོན་ཐག་བཅད་ནས་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་བསྐྲུན།།