༄༅། །དར་དཀར་དྲི་མེད་ཀྱི་བཤད་པ།

རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-17


        ༈ ། དར་བཤད་ཉིན་མོ་བདེ་ལེགས་དང༌། འོ་ན་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ནམ་མཁའ་སྔོན་པོ་གཡུ་ལས་གྲུབ་པའི་གཡུ་འོད་མདངས་ལྡན་གདུགས་ལྟར་ཕུབ་པའི་མར་ཞབས། ས་གཞི་སེར་པོ་གསེར་ལས་གྲུབ་པའི་གསེར་འོད་པདྨ་འདབ་བརྒྱད་གདན་དུ་བཏིངས་པའི་ཡང་སྟེང༌། བར་ལ་བཀྲ་ཤིས་པའི་རྟགས་དང་རྫས་བརྒྱད་ཉི་ཟེར་འོད་མདངས་འཇའ་ཚོན་བཀྲ་བའི་གནས་འདི་རུ། གནམ་ལ་གཟའ་སྐར་གྱི་འཕྲོད་སྦྱོར་བཟང༌། ས་ལ་བསིལ་དྲོད་ཀྱི་དུས་ཚོད་བཟང༌། བར་ལ་རྟེན་འབྲེལ་གྱི་ལ་ཉེ་བཟང༌། བཟང་གསུམ་འཛོམ་པའི་སྐབས་སུ། སྲིད་པ་མཐུན་སྦྱོར་གྱི་གཏན་ཚིགས། །ཕྱྭ་རྨུ་གཙུག་གསུམ་གྱི་ཕྱག་བཞེས། སྒམ་པོ་ཕྱྭ་ཡི་བསྐོས་བཞག །བཀྲ་ཤིས་པའི་ལྷ་རྫས་རབ་དཀར་སྲིད་ན་རིང་བ་འདི་ཡིས། གཉེན་ལམ་དར་གྱིས་སྦྲེལ་བ་ལ། རྒྱུ་མཚན་དང་གཏན་ཚིགས་དགོས་པ་མདོར་བསྡུས་སུ་ཞུ་ན། དེ་ལ་དང་པོ་དར་གྱི་འབྱུང་ཁུངས་གང་ཡིན་སྙམ་ན། དང་པོ་བྱུང་བ་དེ་སྟེང་ཕྱོགས་ལྷ་ཡི་ཡུལ་ནས་བྱུང༌། དགའ་ལྡན་ལྷ་ཡི་ཕོ་བྲང་རྣམ་རྒྱལ་ཁང་བཟང་དུ། །ལྷ་བུ་དྲི་མེད་འོད་ལྡན་གྱིས། །ལྷ་མོ་མཛེས་ལྡན་ཁབ་ཏུ་བཞེས། །དཔག་བསམ་ཤིང་བལ་དཀར་པོ་ལ། །ལྷ་མོ་རྣམས་ཀྱིས་རྫུ་འཕྲུལ་གྱི་འཁེལ་འཐག་བྱས། ཕྱོགས་ལས་རྣམ་པར་རྒྱལ་བའི་སྨོན་ལམ་བཏབ། །ལྷ་བུ་དམ་པ་ཏོག་དཀར་གྱིས། །བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས། །བཀྲ་ཤིས་ལྷ་རྫས་མིང་དུ་ཆགས། །ལྷ་བུ་དྲི་མེད་འོད་ལྡན་དང༌། །ལྷ་མོ་མཛེས་ལྡན་གྱི་མགུལ་དུ་བསྒྲོན། །ལྷ་མ་ཡིན་གྱི་གཡུལ་ལས་རྒྱལ། །རབ་དཀར་ལྷ་རྫས་དར་གྱིས་མཁའ་དབྱིངས་ཁེངས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་འགྲིགས། ༑ བར་དུ་བྱུང་བ་དེ་འོག་ཕྱོགས་ཀླུ་ཡི་ཡུལ་ནས་བྱུང༌། །ཀླུ་རྒྱལ་འཇོག་པོའི་ཕོ་བྲང་ནོར་བུ་འོད་འབར་རུ། །ཀླུ་དབང་གཙུག་ན་རིན་ཆེན་གྱིས། །ཀླུ་མོ་ནོར་འཛིན་དཀར་མོ་ཁབ་ཏུ་བཞེས། །ཉ་ཆེན་སྤྲེ་བ་ཁ་ཆེའི་ཁ་སྤུ་ལ། །ཀླུ་མོ་རྣམས་ཀྱིས་འཁེལ་འཐག་བྱས། །འདོད་དགུ་འབྱུང་བའི་སྨོན་ལམ་བཏབ། །ཀླུ་ཡི་རིག་འཛིན་ཆེན་པོ་ཡིས། །བཀྲ་ཤིས་རྫས་སུ་བྱིན་གྱིས་བརླབས། །ཀླུ་ཡི་ཆུ་དར་རབ་དཀར་མིང་དུ་ཆགས། །ཀླུ་དབང་གཙུག་ན་རིན་ཆེན་དང༌། །ཀླུ་མོ་ནོར་འཛིན་དཀར་མོའི་མགུལ་དུ་བསྒྲོན། །དགོས་འདོད་ནོར་བུ་རིན་ཆེན་སོགས། །ཀླུ་གཡང་དངོས་གྲུབ་ཆར་དུ་བབས། །དཔལ་འབྱོར་ལོངས་སྤྱོད་ས་གཞི་ཁེངས། །ཀླུ་དར་དཀར་པོའི་རྒྱ་མཚོ་ཁྱབ། །འདོད་རྒུ་འབྱུང་བའི་རྟེན་འབྲེལ་འགྲིགས། ༈ །དེ་རྗེས་བར་གྱི་སྲིད་པ་ལ། །ལྷ་བརྒྱུད་མི་བརྒྱུད་ཀྱི་གྲོལ་ཕུག །སྲིད་པ་ཡེ་སྨོན་རྒྱལ་པོ་དང༌། །ཡུམ་ཆེན་གསལ་དག་རྒྱལ་མོ་གཉིས། །སྲིད་པ་ལུགས་ཀྱི་ཐབས་ཤེས་བསྡེབས་པའི་ཚེ། །ལྷ་ཆེན་སྣང་བ་འོད་ལྡན་གྱིས། །ལྷ་དར་དཀར་པོ་མགུལ་དུ་བསྒྲོན་ནས། །ཕྱྭ་རྟགས་གཡང་གསུམ་རྟེན་གྱི་རྟེན་འབྲེལ་དུ་བཀོད། །སྲིད་པའི་ཆེ་དགུ་གཉེན་བཅུ། །ཕྱྭ་རྗེ་སྒམ་པོ་དང༌། དམུ་རྗེ་བཙན་པོ། བཙུག་རྗེ་ཨོ་སྐོས་རྣམས་བྱུང་བ་ལས། སྲིད་པ་འཕྲུལ་གྱི་མི་བརྒྱུད་ཐམས་ཅད་གྲོལ། དེ་ནས་བྱུང་བ་ལྷོ་རྒྱལ་འཛམ་གླིང་ཡུལ་གྲུ་འདིར། །རྒྱ་གར་ཆོས་ཀྱི་རྒྱལ་པོ་ཟས་གཙང་གི །རིགས་བཟང་སྒྱུ་མ་ལྷ་མཛེས་དང༌། །སྐྱེ་དགུ་བདག་མོ་ཁབ་ཏུ་བཞེས། །ཀ་ཤི་མཛེས་དགའི་གྲོང་ཁྱེར་དུ། །རིགས་གཙང་བྲམ་ཟེའི་གཞོན་ནུ་མས། །ས་གཙང་ལྗོན་བཟང་གི་ཤིང་བལ་ལ། །ཐབས་ཤེས་བློ་རིག་གི་འཕྲུལ་འཐག་བྱས། །འཛམ་གླིང་ཆོས་ལ་བསྒྱུར་བའི་སྨོན་ལམ་བཏབ། །ཕྱོགས་བཅུ་རྒྱལ་བ་སྲས་བཅས་ཀྱིས། །བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས། །མངོན་ཤེས་ལྔ་ལྡན་དྲང་སྲོང་གིས། །རྒྱལ་པོ་དང་བཙུན་མོའི་མགུལ་དུ་བསྒྲོན། །དར་དཀར་དྲི་མེད་མིང་དུ་ཆགས། །རྒྱལ་པོའི་གཙུག་ཏུ་ལ་ཐོད་བཅིངས། །བཙུན་མོའི་མགུལ་དུ་དར་དཔྱངས་གསོལ། །གཞོན་ནུ་དོན་ཀུན་གྲུབ་པ་སྲས་སུ་འཁྲུངས། །ཐུབ་པ་ཆོས་ཀྱི་ཉི་མས་ས་སྟེང་ཁྱབ། །དར་དཀར་དྲི་མེད་ཀྱི་བར་སྣང་ཁེངས། །བསྟན་པ་དཀར་འཇམ་དུ་བརྡལ་བའི་རྟེན་འབྲེལ་འགྲིགས། ༈ །དེ་རྗེས་བྱུང་བ་དེ་གངས་ཅན་བོད་ཀྱི་ལྗོངས། །ཡུལ་ལ་ཁྱད་འཕགས་དགེ་བཅུ་ཚང་བའི་ཡུལ། །གངས་རི་ཤེལ་གྱི་མཆོད་རྟེན་བརྩེགས་འདྲ། །རྫ་རི་འབྲོང་བུའི་རི་ཐུར་གཤིབ་འདྲ། །བྲག་རི་ལྷ་ཡི་བ་གམ་བརྩེགས་འདྲ། །རི་རྩེ་རྫ་དང་གཡའ་མ་གངས་ཀྱིས་སྐོར་ཞིང༌། །གངས་སེང་དཀར་མོའི་གཡུ་རལ་ངོམ་ས། །རི་དྭགས་མ་བུས་རྩེ་བྲོ་འཁྲབ་ཅིང༌། །ལྷ་བྱ་གོང་མོའི་གསུང་སྙན་སྒྲོགས་ས། །སྤྲ་དང་སྤྲེའུ་ཡང་རྩལ་སྦྱོང་ཞིང༌། བྱ་རྒྱལ་ཁུ་བྱུག་དང་འཇོལ་མོས་གསུངས་དབྱངས་ལེན་ས། རི་མཐའ་སྤངས་ལྗོངས་ན་མ་མེ་ཏོག་ཟ་འོག་དར་གོས་ཁ་ཕྱེས་པ་ལྟ་བུ། །རྐང་དྲུག་བུང་བས་རྒྱང་གླུ་ལེན་ཞིང༌། བྱིའུ་ཅོ་གས་དྲུག་འགྱུར་སྒྲོགས་ས། །བྲེ་སེར་འབྲོང་བུས་རི་ཐུར་ངོམ་ཞིང༌། །ཁ་དཀར་རྐྱང་གིས་རྔོག་དྲུག་བཀྲབ་ས། རྩི་སྨན་འབྲུ་སྣ་རིན་ཆེན་གྱི་གཏེར་ཁ་ཁེངས་ཤིང༌། རྐང་འགྲོས་རིགས་དང་ཁྱད་ནོར་འབྲི་གཡག་གིས་ཕྱུག་པ། །རྩི་བཅུད་སྙིང་པོ་མར་དང་འབྲུ་མཆོག་ནས་ཀྱི་ཕྱེ་ལ་ཁ་ཟས་སུ་སྤྱོད་པའི་ཡུལ། བསིལ་ལྗོངས་མཛེས་པ་ལྷ་ཡི་གཞལ་ཡས་ཁང་ལྟ་བུ། གྲུ་འཛིན་གཉིས་པ་ལྷ་ས་དམར་པོ་རི་ཡི་ཕོ་བྲང་དུ། འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྤྲུལ་པ། སྟོབས་འཁོར་ལོའི་བསྒྱུར་བའི་རྒྱལ་པོ། མི་རྗེ་ལྷས་མཛད་ཆོས་རྒྱལ་སྲོང་བཙན་སྒམ་པོ་དེས། བལ་པོའི་རྒྱལ་པོ་དཱེ་བ་ལྷའི་སྲས་མོ། བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས། ཡུལ་ལྷ་ལས་བབ་པ་བལ་པོའི་ཡུལ། །ཁུ་ཁུམ་ཀླུ་ཡི་ཕོ་བྲང་དུ། །མཚན་ལྡན་བལ་མོ་གཞོན་ནུ་མས། །སྲིན་བལ་དར་སྐུད་འཁེལ་འཐག་བྱས། །བདེ་ལེགས་འབྱུང་བའི་སྨོན་ལམ་བཏབ། །དར་དཀར་ཉིན་མོ་བདེ་ལེགས་མིང་དུ་ཆགས། །འཕགས་པ་དགྲ་བཅོམ་ཐམས་ཅད་ཀྱིས། །བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས། །བལ་བཟའ་ཁྲི་བཙུན་གྱི་མགུལ་དུ་བསྒྲོན། །དར་ཐག་ལམ་ནས་བསུ་བ་བྱས། །བོད་ཡུལ་བདེ་སྐྱིད་ཀྱི་ཉི་མས་ཁྱབ། །ཆོས་ཁྲིམས་དར་གྱི་མདུད་པ་དེ་བསྡམ། །ངོ་མཚར་ཕན་བདེ་འབྱུང་བའི་གཞི། །ཇོ་བོ་མི་བསྐྱོད་རྡོ་རྗེ་བོད་དུ་ཕེབས། །དར་ཉིན་མོ་བདེ་ལེགས་ཀྱིས་བོད་ཡུལ་ཁྱབ། སངས་རྒྱས་བསྟན་པ་དར་བའི་རྟེན་འབྲེལ་དེ་འགྲིགས།
   ༈ །དེ་རྗེས་ཤར་ཕྱོགས་མ་ཧཱ་ཙི་ནིའི་ཡུལ་ཁམས། གནམ་བསྐོས་རྒྱ་ནག་གོང་མ་ཞེས། །རྒྱ་ཡི་རྒྱལ་པོ་ཐང་ཇུང་གི སྲས་མོ་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས། རྒྱ་གྱི་ཤིང་བཀྲ་ཤིས་ཁྲི་སྒོ་རུ། །མཚོ་མི་ནུབ་དར་གྱི་སྐུད་པ་ལ། མཚན་ལྡན་རིགས་བཟང་གཞོན་ནུ་མས། །རྒྱ་མི་མ་འཕྲུལ་གྱི་འཕྲུལ་འཐག་བྱས། ནོར་སྒྱུ་མའི་ལོངས་སྤྱོད་རྒྱས་པ་དང༌། རྒྱ་ཁྲིམས་དར་བའི་སྨོན་ལམ་བཏབ། །རྒྱ་ནག་འཕགས་པ་འཇམས་དབྱངས་ཀྱིས། །བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་རླབས། །རྒྱ་བཟའ་ཀོང་ཇོའི་མགུལ་དུ་བསྒྲོན། །བློན་པོ་མགར་གྱིས་ཐབས་འཕྲུལ་བཟོས། །རྒྱ་བོད་བར་ལ་དར་ཐག་དྲངས། །གྱད་ལྷ་དགའ་ཀླུ་དགས་དར་སྣ་འཐེན། །རྒྱ་དར་དཀར་པོ་མིང་དུ་ཆགས། །ཇོ་བོ་ཡིད་བཞིན་ནོར་བུ་བོད་དུ་ཕེབས། །ར་ས་འཕྲུལ་སྣང་གི་གཙུག་ལག་བཞེངས། །རང་བྱུང་ཐུགས་རྗེ་ཆེན་པོ་འཁྲུངས། །འཛམ་གླིང་བོད་ཀྱིས་དབང་དུ་བྱས། །རྒྱ་ཁྲིམས་གསེར་གྱི་གཉའ་ཤིང་བཅིངས། །རྒྱ་སྒྱུ་མའི་ནོར་གྱི་བང་མཛོད་ཕྱེས། །རྒྱ་དར་དཀར་པོས་བོད་ཁམས་ཁྱབ། །མཐའ་བཞིའི་དཔལ་གཡང་བོད་དུ་འཁོར། ལུགས་གཉིས་བསྟན་པ་དར་བའི་རྟེན་འབྲེལ་འགྲིགས། ༈ །དཔལ་དེ་རིང་བཀྲ་ཤིས་ཉི་མ་ལ། །རིགས་བཟང་གཞོན་ནུ་ཕོ་མོ་གཉིས། །འཇིག་རྟེན་མཐུན་འཇུག་གི་ལ་ཉེ་ཡི། བཀྲ་ཤིས་པའི་སྣང་བ་གསར་དུ་འཆར་བའི་སྐབས་སུ། །རབ་དཀར་ལྷ་རྫས་དྲི་མེད་འདི། །དཀའ་བ་དཀར་ནག་རྒྱ་ནས་བླངས། །དཀོན་པའི་རིན་ཐང་ཡོན་དུ་གཞལ། །ཐབས་ཤེས་ལག་གིས་འདུ་བྱེད་ཀྱིས། འཕྲུལ་ལྡན་མཁས་པས་དར་དུ་བཟོས་པའི་བཀྲ་ཤིས་ལྷ་རྫས། །དར་དཀར་པོ་སྲིད་ན་རིང་བ་འདི་བྱུང༌། ཐབས་དང་ཤེས་རབ་འབྲེལ་་བས་རྒྱུ་སྤུན་དྲྭ་བས་སྦྲེལ། །ལྷ་མི་ཡིད་སེམས་ཆགས་པས་ཁ་དོག་ཟླ་བ་ཞུན་མའི་མདོག་ལྟར་དཀར། །ཡ་རབ་དྲྭ་མའི་རྒྱན་བྱེད་པས་བཀྲ་ཤིས་རྟགས་རྫས་ཀྱི་རི་མོས་སྤྲས། །ལྷ་བླ་མ་དཀོན་མཆོག་མཇལ་བའི་དར་བྱེད་དེ། སྐྱབས་དཀོན་མཆོག་གི་རྗེས་སུ་བཟུང༌། །ཡི་དམ་མཁའ་འགྲོ་ལ་མཆོད་པའི་ལྷ་རྫས་དར་བྱེད་དེ། མཆོག་ཐུན་དངོས་གྲུབ་ཀྱི་སྒོ་མོ་འབྱེད། །ཆོས་སྲུང་དགྲ་ལྷ་ལ་གསོལ་བའི་སྙན་དར་བྱེད་དེ། །ཅི་བསམ་ལྷུན་གྱིས་འགྲུབ་པའི་གདོང་གྲོགས་བྱེད། །ཚེ་དང་དཔལ་གཡང་འགུག་པའི་དར་བྱེད་དེ། །ཚེ་བསོད་དཔལ་འབྱོར་ཡར་ཟླ་ལྟར་རྒྱས། །རྗེ་རྒྱལ་པོ་ལ་ཞུ་བའི་ཞུ་དར་བྱེད་དེ། བཀའ་ཁྲིམས་བཙན་པོའི་འབངས་འཁོར་ལ་དབང་དུ་བྱེད། དགྲ་ཕར་འདུལ་དཔའ་བོའི་གཟེངས་བསྟོད་ཀྱི་དཔའ་དར། གྲོགས་ཚུར་ཡོང་བསུ་བའི་གྲོགས་དར། མི་མཐུན་པ་ཐམས་ཅད་མཐུན་པའི་མཐུན་དར་དཀར་པོ། བྱ་བ་མི་ཆོས་ཀྱི་གཞི་དཀར། བྱེད་པ་ལྷ་ཆོས་ཀྱི་གཞུངས་དཀར། འབྲས་བུ་ལུགས་གཉིས་ཀྱི་མཐའ་དཀར། མགོ་མཇུག་ཀུན་མཚུངས་སྐྱེ་རྒུའི་སྨོན་རྟེན། །དགོས་དགུ་ཚང་བ་འཇིག་རྟེན་རྒྱན་མཆོག །ཟིལ་ཆེན་ཟིལ་དུ་འབར། །བཀྲག་ཆེན་བཀྲག་རུ་འཚེར། །མདངས་ཆེན་མདངས་སུ་ངོམ། །བཀྲག་མདངས་འོད་དུ་འབར་བའི་བཀྲ་ཤིས་ལྷ་རྫས་དྲི་མེད་འདི། ༡ ངས་དང་པོ་འབུལ་བ་དེ་དཀོན་མཆོག་གསུམ་ལ་འབུལ། ལྷ་དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་ཕྱིར་འབུལ། རྩ་བ་གསུམ་ལ་དར་འདི་འབུལ། རྒྱུ་ནོར་གཡང་ལོངས་སྤྱོད་རྒྱས་ཕྱིར་འབུལ། དགྲ་ལྷ་ཡུལ་ལྷ་ལ་སོགས་པའི། །འགོ་བའི་ལྷ་ལྔའི་དབུ་འཕང་བསྟོད་པ་དང༌། འགོ་ཞིང་སྡོང་གྲོགས་མཛད་ཕྱིར་འབུལ། ༢ དར་གཉིས་པ་འདི་དཀྱིལ་གྱི་ཀ་བ་འདི་ལ་གསོལ། དཀྱིལ་གྱི་ཀ་བ་འདི་ལ་མི་གསོལ་རྒྱུ། འོག་གཞི་དབང་ཆེན་ས་གཞི་འདི། གཞི་བརླིང་བ་གདུང་རྒྱུད་བཟང་པོའི་རིགས་དང་མཚུངས། །རིན་ཆེན་རྡོ་ཡི་ཀ་གདན་འདི། །རྒྱལ་པོ་ལ་གསེར་ཁྲི་རྒྱབ་དང་མཚུངས། །སྟེེང་དུ་ཀ་བ་བཙུག་པ་དེ། འགྱུར་བ་མེད་པ་རྒྱལ་པོ་གདན་ལ་བཞུགས་པ་དང་མཚུངས། །ཀ་གཞུ་དྲང་བ་ཚངས་ཐིག་ལྟ་བུ་འདི། །རྒྱལ་ཁྲིམས་རྒྱུ་འབྲས་དྲང་དང་མཚུངས། ཟོག་གཡང་ཅན་གྱི་སྤུ་སྣས་བརྒྱན་པ་འདི། འབངས་མི་སེར་འཁོར་ཞིང་རྒྱས་པ་དང་མཚུངས། ཟས་བཅུད་ཅན་མར་དཀར་གྱི་སྲུང་ཞིག་བྱུག་པ་དེ། ནོར་འདོད་རྒུ་ལྷུན་གྱིས་གྲུབ་དང་མཚུངས། །ཀ་བ་ལ་ཀ་ཞུས་བརྒྱན་པ་དེ། རྒྱལ་པོའི་དབུ་ལ་པྲོག་ཞུ་སྒྲོན་དང་མཚུངས། །གདུང་མ་གྱེན་ལ་འདེགས་པ་འདི། འབངས་མི་སེར་གྱིས་ལས་འགན་ཁུར་པོ་ཆེ། སྙིང་སྟོབས་ཀྱི་འཕྲག་པར་བཏེགས་དང་མཚུངས། །བྲབ་དང་ཤིང་གི་ཐོག་ཁེབས་འདི། གོང་ཁེབས་པ་ཅན་གྱི་དཔོན་དང་མཚུངས། མཚུངས་ཆོས་ཀྱི་ཡོན་ཏན་ཀུན་ལྡན་ཀ་བ་ལ། བཀྲ་ཤིས་པའི་དར་འདི་གསོལ་བར་བགྱི། ༑ དར་དཀར་ཉིན་མོ་བདེ་ལེགས་འདི། དཀྱུས་སུ་རིང་བ་དེ་ཆུ་བོའི་གཞུང་དང་འདྲ་བས། མི་བརྒྱུད་ཆུ་བས་རིང་བའི་རྟེན་འབྲེལ་དང་སྨོན་ལམ་ཡོད། ཁ་ཞིང་ཆེ་བ་འདི་མཐའ་ཡི་རྒྱ་མཚོ་དང་འདྲ་བས། མཐའ་བཞིའི་ནོར་གཡང་ལོངས་སྤྱོད་ཐམས་ཅད་འབྱུང་བའི་རྟེན་འབྲེལ་དང་སྨོན་ལམ་ཡོད། ཁ་དོག་དཀར་བ་དེ་གངས་ཀྱི་རི་ལ་ཉི་མ་་ཤར་བ་དང་འདྲ་བས། བསོད་ནམས་རི་བོ་བཞིན་དུ་བརྟན་པའི་རྟེན་འབྲེལ་དང་སྨོན་ལམ་ཡོད། སྲབ་ལ་འཇམ་པ་ལྷ་ཡི་ན་བཟའ་དར་དཔྱང་དང་འདྲ་བས། མི་ཚེ་རིང་བ་དེ་ལྷ་ཚེ་རིང་པོ་ལྟར་དུ་ཡོང་བའི་རྟེན་འབྲེལ་དང་སྨོན་ལམ་ཡོད། མཐའ་ཡི་ཁ་ཚར་རིང་བ་འདི་དཔག་བསམ་ལྗོན་པའི་ཡལ་འདབ་དང་འདྲ་བས། འདོད་དགུའི་དཔལ་འབྱོར་ཐམས་ཅད་འབད་མེད་ལྷུན་གྱིས་འགྲུབ་པའི་རྟེན་འབྲེལ་དང་སྨོན་ལམ་ཡོད། གསལ་ལ་སྒྲིབ་མེད་དྭངས་ཤེལ་དཀར་པོ་དང་འདྲ་བས། མ་རིག་མུན་པའི་སྒྲིབ་གཡོག་དང་བྲལ་བའི་རྟེན་འབྲེལ་དང་སྨོན་ལམ་ཡོད། དར་མཐོང་བས་སྙིང་ནས་དགའ་བ་མཛའ་བའི་གྲོགས་མཆོག་མཐོང་བ་དང་འདྲ་བས། ཆོས་སྐུ་སྙིང་དབུས་ནས་སད་པའི་རྟེན་འབྲེལ་དང་སྨོན་ལམ་ཡོད། དར་གསོལ་བས་རྒྱལ་པོ་ཁྲི་ལ་བཀོད་པ་དང་འདྲ་བས། མཐར་ཐུག་གཏན་བདེ་བླ་མེད་ཀྱི་རྒྱལ་ས་ཟིན་པའི་རྟེན་འབྲེལ་དང་སྨོན་ལམ་ཡོད། དར་ནམ་མཁར་འཕྲད་དུ་འཕྱར་ཙ་ན། ནམ་མཁར་སྤྲིན་དཀར་འཁྲིགས་པ་འདྲ། རྩ་གསུམ་བྱིན་རླབས་དངོས་གྲུབ་སྤྲིན་ཕུང་ལྟར་གཏིབ་པའི་རྟེན་འབྲེལ་དང་སྨོན་ལམ་ཡོད། འཕྲག་པ་གཡས་ལ་འཕྱར་ཙ་ན། ནོར་བདག་དཔའ་བོས་གར་བྱེད་འགྱིང་བ་འདྲ། ནོར་ལྷ་གཏེར་བདག་གི་གཡང་དང་ཟས་ནོར་ཆར་ལྟར་འབེབས་པའི་རྟེན་འབྲེལ་དང་སྨོན་ལམ་ཡོད། །འཕྲག་པ་གཡོན་དུ་འཕྱར་ཙ་ན། །དཔའ་མོས་བྲོ་གླུ་ལེན་པ་འདྲ། དགའ་སྐྱིད་ལོངས་སྤྱོད་ལྷ་དང་མཉམ་པའི་རྟེན་འབྲེལ་ཡོད། དར་ལག་ཏུ་གདེངས་ཚུལ་འཕྱར་བའི་ཚེ། གངས་སེང་དཀར་མོས་རྡུལ་སྤྲུག་བྱས་ནས་ཀྱང༌། སྡེར་ཆགས་ཟིལ་གྱིས་གནོན་པ་འདྲ། ཕ་རོལ་ཟིལ་གྱིས་གནོན་པའི་རྟེལ་འབྲེལ་དང་སྨོན་ལམ་ཡོད། དར་དཀར་ཕྱོགས་བཅུར་གཡོབ་པའི་ཚེ། །སྤྲིན་དཀར་རླུང་གིས་བསྐྱོད་པ་འདྲ། །སྙན་གྲགས་རླུང་ལྟར་ཁྱབ་པའི་རྟེན་འབྲེལ་དང་སྨོན་ལམ་ཡོད།༑ དར་དཀར་བཀྲ་ཤིས་དཀྱུས་རིང་འདི། །བུ་ཁྱོད་ལ་གཡས་ནས་བསྐོར་ཞིང་གསོལ་བ་དེ། །སྐྱིད་ཉི་མས་གཡས་སྐོར་རྒྱབ་ནས་ནི། །འཛམ་གླིང་འོད་དུ་ཁྱབ་པ་འདྲ། །ཕྱྭ་ཉི་མ་ཙམ་ཞིག་ཀྱི་ལི་ལི། །ཕྱྭ་ཁུག་ནང་དུ་ཀྱི་ལི་ལི། ཤེས་རབ་ཉི་མ་ལྟར་དུ་གསལ་བའི་རྟེན་འབྲེལ་དང་སྨོན་ལམ་ཡོད། །རྒྱ་དར་དཀར་པོ་དྲི་མེད་འདི། །མོ་ལ་གཡོན་ནས་བསྐོར་ཞིང་གསོལ། །གཡོན་ནས་སྐོར་ཞིང་གསོལ་བ་དེ། །དུང་ཟླ་བས་གཡོན་བསྐོར་རྒྱབ་ནས་ཀྱང༌། །གླིང་བཞིའི་མུན་པ་སེལ་བ་འདྲ། །གཡང་ཟླ་བ་ཙམ་ཞིག་སྒར་ར་ར། །གཡང་ཁུག་ནང་དུ་སྒར་ར་ར། །མ་རིག་མུན་པ་སེལ་བའི་རྟེན་འབྲེལ་དང་སྨོན་ལམ་ཡོད། 
          ༈ །དེ་ལྟའི་བཀྲ་ཤིས་པའི་ལྷ་རྫས་རབ་དཀར་འདི་ལ་དགོས་པ་ཇི་ལྟ་བུ་ཞིག་ཡོད་ཅེ་ན། བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་བཅུའི་ཡོངས་སུ་འཚོགས་པའི་བརྡ་རྟགས་དང་ལྡན་པ་ཡིན་ཏེ། གཙང་ཞིག་དཀྱུས་སུ་རིང་བས་འཆི་བ་མེད་པའི་ཚེ་རིང༌། དར་ལ་དྲི་མ་མེད་པས་བླ་ཡིད་སེམས་གསུམ་མ་གྲུག་མ་འཁྱམས་པར་འཁོར། གསལ་ལ་ཟླ་བའི་མདངས་དང་ལྡན་པས་བློ་གྲོས་ཀྱི་རྩལ་འབར། ལྷ་དར་དཀར་པོས་མགུལ་རྒྱན་པས་རྣམ་པར་རྒྱལ་བའི་སྤོབས་པ་གྲོལ། ཁ་ཞིང་ཆེ་བས་ཉམས་པ་མེད་པའི་བསོད་ནམས་རྒྱས། དར་མཐོང་བ་ཡིད་དུ་འོང་བས་གཡོ་བ་མེད་པའི་དབང་ཐང་བསྐྱེད། མཐའ་ཡི་ཁ་ཚར་མ་ཉམས་པས་རྩོལ་བ་མི་མངའ་བའི་སྟོབས་ལྡན། མགོ་མཇུག་ཀུན་ཚང་བས་ཤུགས་འབྱུང་ཆེན་པོས་རྩལ་རྒྱས་ཏེ། དེ་ལྟར་དུ་འཁོར་འདས་གཉིས་ཀྱི་དགེ་ལེགས་མ་ལུས་པ་འབྱུང་བའི་རྟེན་འབྲེལ་བསྒྲིགས། འགྲིག་པ་ལྟར་བྱུང༌། བྱུང་བ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། ལྷ་མཆོད་པའི་ལྷ་རྫས་རབ་དཀར། གཡང་འབོད་པའི་གཡབ་དར་དཀར་པོ། ཚེ་འགུག་པའི་མདའ་དར་སྣ་ལྔ། བཀྲ་ཤིས་པའི་དར་དཀར་ཉི་མོ་བདེ་ལེགས་སོགས། དོན་གཅིག་ལ་མིང་གི་ཁྱད་པར་མང་པོའི་མཛེས་པ། མིང་གཅིག་ལ་དོན་གྱི་དགོངས་པ་མང་པོ་མཚོན་པ། བྱུང་ཁུངས་དང་ཁྱད་པར་དགོས་པ་ཕུན་སུམ་ཚོགས་པའི་དངོས་པོ་འདི་ལ་བརྟེན་ནས། གཉེན་ལམ་དར་གྱིས་སྦྲེལ་བ་ལ། གཞུང་འཇམ་པ་རྒྱ་དར་ཡུག་གཅིག དར་ཆད་ན་མདུད་པ་མི་འཆད། ཁོག་དབུབ་གཏམ་གྱིས་བྱེད་པས། གཏམ་སྙན་པོ་མི་ནུབ་པའི་རྒྱལ་མཚན། ངོ་མཚར་བ་ཀུན་གྱི་གླེང་གཞི། མི་སོང་ཡང་གླེང་མོལ་མི་འཆད། སྲིད་པ་ཕྱྭ་ཡི་རྗེས་སུ་འབྲང་བས། སྲོལ་བཟང་པོ་ཕ་མྱེས་ཀྱི་བཞག་པ།  བུ་ཚ་བརྒྱུད་ལ་རྗེས་བཞག་བཟང་པོ་ལགས་པས། གནས་སྐབས་སུ་ཆོས་ནོར་འདོད་ཐར་སྡེ་བཞིའི་མཛེས་ཤིང༌། ལྷ་ཆོས་དགེ་བ་བཅུ། མི་ཚོས་གཙང་མ་བཅུ་དྲུག་སོགས་འབྲེལ་བའི་ཕུན་སུམ་ཚོགས་པའི་དགེ་ལེགས་དཔལ་འབྱོར་མངའ་ཐང་བསོད་ནམས་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་རྟེན་འབྲེལ་སྨོན་འདུན་རྩེ་གཅིག་ཏུ་ཞུ་བ་དང༌། སླར་ཡང་མཇུག་ཏུ་བཀྲ་ཤིས་པའི་སྨོན་ཚིག་བརྗོད་པས། ལས་ཐམས་ཅད་དགེ་ལེགས་སུ་བྱེད་པ་སྟེ། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །ཞེས་པ་ལྟར། གྲུབ་བརྙེས་གོང་མིའི་གསུངས་བྱིན་རླབས་ཅན་གྱིས་མཐའ་རྒྱན་པར་བྱ་སྟེ། །གདོད་མའི་མགོན་པོ་རིགས་ལྔ་གངས་ཅན་མཚོ༔ སྐུ་ལྔ་ལྷུན་རྫོགས་སྤྲུལ་པའི་ཞིང་ཁམས་ན༔ སྐལ་བཟང་སངས་རྒྱས་སྟོང་རྩ་བྱོན་པ་ཡིས༔ སྒྲོན་མེའི་སྐལ་པ་བཟང་པོའི་བཀྲ་ཤིས་ཤོག༔ སྟོང་གསུམ་མི་འཇེད་རྡོ་རྗེ་ཐེག་པའི་ཞིང་༔ འཕུལ་འགྲོའི་བསྟན་པ་འབྱུང་གནས་ཨོ་རྒྱན་ཡུལ༔ གངས་རིའི་ཁྲོད་དུ་འབོད་པ་ཁྲི་སྲོང་རྗེའི༔ ཐུགས་བསྐྱེད་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག༔ འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེ་གདན༔ པཎ་གྲུབ་ཆོས་རྒྱལ་འཛོམས་པ་ཆོས་འཁོར་གསུམ༔ མདོ་སྔགས་བསྟན་པ་དར་བ་གངས་ཅན་ལྗོངས༔ རྒྱལ་བསྟན་ཡུན་དུ་གནས་པའི་བཀྲ་ཤིས་ཤོག༔ གཞན་ཡང་བཀྲ་ཤིས་གང་འདོད་བཅས།། །། འདི་ནི་ཁམས་ནང་ཆེན་འབྲོང་པ་རྒྱལ་པོས་མཚར་བྲིས་བྱས་པ་ལགས་སོ།། །། །འཛམ་གླིང་འདིར་འགྲོ་བ་མི་རིགས་ཀྱི་འབྱུང་གནས་དང་བཟང་སྤྱོད་ནི་གནའ་བོའི་སྲོལ་རྒྱུན་དང་བཤད་སྒྲུང་དངོས་རྫས་སོགས་ལ་གཞིག་སྟེ་དེའི་རྗེས་འཛིན་གྱིས་མི་རིགས་ཀྱི་ལོ་རྒྱུས་རིང་མོར་ཆགས་པའི་བྱེ་བྲག་ཆེས་རྨད་དུ་བྱུང་བའི་གངས་ཅན་བོད་ཀྱི་ཁྱད་ཆོས་དར་དཀར་དྲི་མེད་ཀྱི་བཤད་པ་འདི་ཕྱི་རབས་བོད་འབངས་རྣམས་ལ་ཉེར་བར་མཁོ་བའི་རྒྱུ་རྐྱེན་གྱིས་ཁམས་ནང་ཆེན་འབྲོང་སྨད་ཀ་བཀྲ་ཤིས་དགོན་གྱི་མཁན་མིང་འཛིན་པ་རུས་མིང་དཔང་པོ་ཅེས་འབོད་པའི་དཀོན་མཆོག་བསྟན་འཛིན་ཉི་མས་དེང་རབ་ཀྱི་ཤེས་བྱ་གློག་རྡུལ་འཕྲུལ་ངོག་ཏུ་མཛུབ་བྲིས་དང་དག་བཅོས་ཁུལ་བྱས་ཏེ་་གངས་ཅན་པ་རྣམས་ལ་ལེགས་སྐྱེས་སུ་ཕུལ་བས་ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག ༈




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1