སྤྱི་ཟླ་12པའི་ཚེས་11ཉིན། རྒྱལ་ཁབ་སྦྲེལ་དྲྭ་ཆ་འཕྲིན་གཞུང་ལས་ཁང་གི་སྒུལ་འཕྲིན་དྲྭ་བ་དོ་དམ་ཅུས་དང་སི་ཁྲོན་དྲྭ་འཕྲིན་གཞུང་ལས་ཁང་། བོད་ལྗོངས་དྲྭ་འཕྲིན་གཞུང་ལས་ཁང་གིས་མཛུབ་སྟོན་དང་། ཀྲུང་གོ་དྲྭ་འབྲེལ་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ཁང་གིས་གཙོ་གཉེར་བྱས་ཤིང་། སི་ཁྲོན་སྨི་ཞའོ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་འགན་སྒྲུབ་བྱས་པའི་རྒྱ་བོད་སྐད་གཉིས་ཀྱི་སྒུལ་འཕྲིན་ཉེར་སྤྱོད་སྒྲིག་རིམ་བསྡུ་བའི་དཔྱད་འདེམས་མཇུག་འབྲས་ཁྱབ་བསྒྲགས་དང་བགྲོ་གླེང་ཚོགས་འདུ་དེ་ཁྲེན་ཏུའུ་རུ་སྤེལ། རྒྱལ་ཁབ་སྦྲེལ་དྲྭ་ཆ་འཕྲིན་གཞུང་ལས་ཁང་གི་སྒུལ་འཕྲིན་དྲྭ་བ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧྥང་ནན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་།
གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་གསར་འགྱུར་མཇུག་སྒོ་དང་། གངས་ལྗོངས་དུས་དེབ་ཀུན་འདུས། ཐག་རག་ཡིག་བསྒྱུར་གསུམ་ལ་བྱ་དགའ་ཐོབ། དེ་མིན་ཡོངས་འཛིན་འཚོལ་བཤེར་མ་ལག་དང་། དུང་དཀར་བོད་ཡིག་གཏག་ཆས། ཁམས་པའི་བརྙན་འཕྲིན་ཁང་གི་ཤམ་བྷ་ལའི་འཇུག་སྒོ། བོད་ལྗོངས་ཉིན་རེའི་ཚགས་པར། བོད་རིག་གནས་སྒྲ་མཛོད་ཨ་ལོང་སོགས་ཕུལ་བྱུང་གི་ཐོན་རྫས་20ལ་ཁག་དབྱེ་སྟེ་གསར་གཏོད་གསར་བཟོ་དང་། འཚོ་བའི་ཞབས་ཞུ། སྤྲོ་གསེང་བག་ལྷོད། ཉེར་སྤྱོད་ལག་ཆ་བཅས་རིགས་ཆེན་པོ་བཞིའི་བྱ་དགའ་ཐོབ། །