རྔ་བ་ཁུལ་ནས་བོད་ཀྱི་གསོ་རིག་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན་ཁང་། སྤེལ་དུས། 12-13



        2018ལོའི་རྔ་བ་ཁུལ་བོད་ཀྱི་གསོ་རིག་རིག་གཞུང་དཔྱད་གླེང་ཚོགས་འདུ་2018ལོའི་ཟླ་12པའི་ཚེས་10ཉིན་འབར་ཁམས་གྲོང་ཁྱེར་དུ་བསྡུས། ཐེངས་འདིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་འདི་ནི་རྔ་བ་ཁུལ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ཡོན་ལྷན་ཁང་དང་། རྔ་བ་ཁུལ་ཀྲུང་བོད་ཆའང་སྨན་དོ་དམ་ཅུས་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྔ་ཁུལ་བོད་ལུགས་སྨན་རྩིས་ཁང་དང། རྔ་བ་ཁུལ་བོད་སྨན་ཞིབ་འཇུག་ཁང་གཉིས་ཀྱིས་འགན་སྒྲུབ་གནང་། འདི་ནི་བོད་ཀྱི་གསོ་རིག་ཆེད་མཁས་པ་དག་གི་རིག་གཞུང་ལྟ་བ་བརྗེ་རེས་དང་ཉམས་ཞིབ་དཔྱད་འབྲས་བགྲོ་གླེང་གི་རིག་གནས་གསོལ་སྟོན་གྱ་ནོམ་པ་ཞིག་ཡིན་པས། ཁུལ་ཚན་རྩལ་མཐུན་ཚོགས་དང་། ཁུལ་གསོ་རིག་སློབ་གྲྭ ཁུལ་གསོ་རིག་མཐུན་ཚོགས་སོགས་ལས་ཁུངས་དང་འགོ་ཁྲིད་ཀྱིས་རྒྱབ་སྐྱོར་ཆེན་པོ་གནང་། 
        ཐེངས་འདིའི་ཚོགས་འདུར་ཚོགས་ཞུགས་མི་སྣ་126ཡོད་ལ། དཔྱད་རྩོམ་44བསྡུས་ཤིང་། དེ་དག་གི་ཁྲོད་དུ་མཁས་པའི་རེག་ཟིག་དང་། སྨན་རྫས་ཞིབ་འཇུག གཞུང་ལུགས་དཔྱད་ཞིབ། ནད་ཐོག་དབྱེ་ཞིབ། གསོ་རིག་སློབ་གསོ། ཁམས་གསོ་དངོས་བཅོས།  ཡིག་ཚང་དག་སྒྲིག  གལ་ཆེའི་ཆེད་ཚན་ཁག་འཛུགས་སྐྲུན་སོགས་ནང་དོན་སྣ་མང་འདུས། 
        ཚོགས་འདུའི་དབུ་ཚུགས་མཛད་སྒོ་བསྡུས་རྗེས། རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་། རྔ་བ་ཁུལ་བོད་སྨན་ཞིབ་འཇུག་ཁང་གི་འགོ་གཙོ་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་ཚོགས་ཞུགས་ཀྱི་ཆེད་མཁས་པ་དང་སློབ་མ་དག་སྨན་ཁང་སྤྱིའི་ཚན་ཁག་སོ་སོར་གཟིགས་ཞིབ་ཏུ་ཁྲིད་ཅིང་། སྨན་ཁང་གི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས། མ་འོངས་པའི་ཁ་ཕྱོགས་སོགས་ཞིབ་ཅིང་ཕྲ་བའི་སྒོ་ནས་དེར་འདུས་ཀུན་ལ་ངོ་སྤྲོད་ལེགས་པོ་བྱས་པས།  ཆེད་མཁས་སྐུ་མགྲོན་རྣམས་ཀྱིས་ཀྱང་དེར་འབྲེལ་གྱི་དགོངས་འཆར་ལྷུག་བསྩལ་དང་དགའ་མགུ་ཡི་རང་གི་གཟེངས་བསྟོད་གནང་།  
        ཐེངས་འདིར་བསྡུ་རུབ་གནང་བའི་དཔྱད་རྩོམ་44ལས་དཔྱད་རྩོམ22ཕུལ་བྱུང་དཔྱད་རྩོམ་དུ་བདམས་ནས་བགྲོ་གླེང་བྱས། གཞན་ཐེངས་འདིར་ཆེད་དུ་བོད་ཀྱི་གསོ་རིག་གི་ཆེད་མཁས་པ་གྲགས་ཆེན་དྲུག་གདན་དྲངས་ཏེ་རིག་གཞུང་སྙན་ཞུ་ཕུལ་བ་རེད། བགྲོ་གླེང་ཚོགས་ཐོག་ཏུ་ཚོགས་ཞུགས་མི་སྣ་རྣམས་ཀྱིས་རང་གི་ལྟ་ཚུལ་ལྷུག་བརྗོད་དང་ཉམས་མྱོང་བརྗེ་རེས་བྱས་པས། ཕན་ཚུན་ལ་བློ་སྐྱེད་མི་དམན་པ་ཐོབ་ཅིང་ཕན་ཐོགས་ཆེ་བས། རང་དབང་བགྲོ་གླེང་དང་ལྷག་བསམ་དག་པའི་འབྲེལ་འདྲིས་ཀྱི་རིག་གཞུང་གོམས་སྲོལ་ཡག་པོ་ཆགས་ཡོད།
        ཐེངས་འདིའི་ཚོགས་འདུའི་སྟེང་། རྔ་བ་ཁུལ་བོད་ཀྱི་གསོ་རིག་སྨན་བཅོས་ཆེད་ལས་ཨུ་ཡོན་ཚོགས་པ་དང་། བོད་སྨན་ཆེད་ལས་ཨུ་ཡོན་ཚོགས་པ། བོད་ལུགས་གསོ་རིག་སྨན་བཅོས་ཀྱི་རྒྱུ་སྤུས་ཚོད་འཛིན་ལྟེ་གནས། བོད་སྨན་གྱི་རྒྱུ་སྤུས་ཚོད་འཛིན་ལྟེ་གནས་སོགས་གསར་དུ་འཛུགས་པའི་འབྲེལ་ཡོད་བྱ་བཞག་ལ་གྲོས་བསྡུར་རབ་དང་རིམ་པ་བྱས་མཐར། 2019ལོར་ལས་ཁུངས་རྩ་འཛུགས་ལེགས་འགྲུབ་བྱུང་བར་བྱས་ཏེ། རྔ་བ་ཁུལ་གྱི་བོད་ལུགས་གསོ་རིག་གི་བྱ་བཞག་འཕེལ་རྒྱས་འགྲོ་བར་ནུས་ཤུགས་འདོན་རྒྱུ་གཏན་འཁེལ་བྱས།
        ཐེངས་འདིའི་བོད་ཀྱི་གསོ་རིག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ་འདིས་རྔ་བ་ཁུལ་དང་། ཐ་ན་སི་ཁྲོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་གི་སྨན་བཅོས་ཆུ་ཚད་དང་། སྨན་སྣ་སྡེབ་སྦྱོར། ཆེད་ལས་ཚན་ཁག་གཙོ་གནད་འཛུགས་སྐྲུན། བོད་ལུགས་གསོ་རིག་གི་སློབ་ཁྲིད་སོགས་ཕྱོགས་མང་པོ་ཞིག་ལ་ཡར་སྐུལ་གྱི་ནུས་པ་ཆེན་པོ་ཐོན་ཡོད་ཅིང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་བྱ་བཞག་གི་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1