ཏིན་ཧའེ་ཅན་གྱིས་བརྩམས། གར་བུས་བསྒྱུར།
རང་རྒྱལ་གྱི་སློབ་ཆེན་གཅིག་ཀྱང་འཛམ་གླིང་གི་སློབ་ཆེན་ལེགས་ཤོས་བརྒྱའི་གྲས་སུ་ཚུད་མེད་དེ། ཀྲུང་གོའི་ཚན་རིག་གདེང་འཇོག་ཞིབ་འཇུག་ལྟེ་གནས་ཀྱིས“འཛམ་གླིང་གི་སློབ་ཆེན་རྩེ་གྲ་རྣམས་ཀྱི་འགྲན་རྩོད་ཨང་རིམ”ཁྱབ་སྒྲོག་བྱས་པ་ལྟར་ན། པེ་ཅིན་སློབ་ཆེན་ཨང192པར་གནས་ལ། ཆིན་ཧྭ་སློབ་ཆེན་ཨང196པར་གནས། ཨང་རིམ་སྔོན་མ་བཅུའི་ནང་དུ་འཇར་པན་གྱི་ཏུང་ཅིན་སློབ་གྲྭ་ཆེན་མོ་མ་གཏོགས་གཞན་ཚང་མ་ཨ་མེ་རི་ཁ་ནས་ཡིན་འདུག
གལ་ཏེ“ཨའོ་སི་ཁཱ་རིམ་པའི་གློག་བརྙན་ཕབ་སྐྲུན”གྱི་འབོད་ཚིག་གླེང་ཚེ། གློག་བརྙན་པ་མང་པོས་མིག་ཟུར་ཙམ་ཡང་འཕེན་མི་སྲིད་མོད། འོན་ཀྱང“འཛམ་གླིང་གི་སློབ་ཆེན་རྩེ་གྲ”ཞིག་འཛུགས་པའི་དམིགས་ཡུལ་གླེང་ཚེ། ཕལ་ཆེར་སློབ་ཆེན་རེ་འགའ་ལས་དེར་བརྩོན་པ་མི་བྱེད་མཁན་ཡོད་མི་སྲིད། ང་ཚོ་དང“འཛམ་གླིང་གི་སློབ་ཆེན་རྩེ་གྲ”ཡི་བརྩེ་དུང་དེ་ཚད་མཐོན་པོས་ཡུན་རིང་ལ་བསྲིངས་པས། མི་མང་པོ་ཞིག་ལ“འཛམ་གླིང་གི་རྩེ་གྲ”དང་གཉེན་སྒྲིག་དཔང་ཡིག་བླངས་ཡོད་པ་ལྟ་བུའི་སྣང་བ་སྐྱེ་བཞིན་པ་འདྲ། རྒྱལ་ནང་གི་སློབ་ཆེན་ཆེ་ཆུང་སྣ་ཚོགས་ཀྱི“སློབ་ཆེན་གྱི་ཨང་རིམ”དེའང་ཕལ་ཆེར་ཁ་བཤད་ཙམ་དུ་གྱུར་ལ། ནམ་རྒྱུན“རྒྱལ་ནང་གི་སློབ་ཆེན་རྩེ་གྲ”ཞིག་ཏུ་འགྱུར་རྒྱུ་དེ་གླེང་ནས་ཚར་རྒྱུ་མེད། ཡ་མཚན་པ་ཞིག་ནི“རྒྱལ་སྤྱིའི་སློབ་ཆེན་ཀྱི་ཨང་རིམ”ཀྱིས་ང་ཚོ“རྩེ་གྲ”ཡི་ཕག་ཏུ་དེད(ཞང་ཀང་དང་ཐའེ་ཝན་གྱི་སློབ་གྲྭ་ཆེན་མོ་དག་གིས་ཀྱང་སྤོབས་པ་ཆེན་པོས་ཁོ་ཚོ“སྔོན་གྲས་སུ་ཚུད”ཡོད་པ་གླེང)ཚེ། ཀུན་གྱིས་ལབ་བཞིན་པའི“སློབ་ཆེན་རྩེ་གྲ”དེ་དག་མ་གྲོས་རང་མཐུན་གྱིས་གྲག་འགུལ་ཅི་ཡང་མེད་པར་འགྱུར་བ་དེ་རེད། དེས་ན“འཛམ་གླིང་གི་སློབ་ཆེན་རྩེ་གྲ”ཡི་གྲུ་གུ་དེ་ང་ཚོའི་ཕྱོགས་སུ་མི་འཕེན་དོན་ཅིའི་ཕྱིར་ཡིན་ནམ། མ་གཞིར་ཁོ་ཚོས་ཅི་ཞིག་སྒྲུབ་གྱིན་ཡོད་དམ།
ཁོ་ཚོ་ཐོག་ཁང་འཛུགས་སྐྲུན་ལ་བྲེལ་ནས་བསྡད་མེད་པ་ཁོ་ཐག་ཡིན། དཔེར་ན་ཧྭ་ཧྥོ་དངMITསློབ་ཆེན་སོགས་ལྟ་བུ། དོན་དངོས་སུ་འཛམ་གླིང་གི་སློབ་ཆེན་རྩེ་གྲ་འདི་དག་གིས་ཅི་ཞིག་བྱེད་ཀྱིན་པ་ང་ཚོས་བཤད་དཀའ་མོད། འོན་ཀྱང་གནད་གཅིག་ཡོད་དེ། ཁོ་ཚོའི་སློབ་གྲྭའི་སྡོད་ཁང་དང་སྒོ་ཆེན་སོགས་ལོ་མང་ལ་ཞིག་གསོ་མ་བྱས་པ་དང་འདྲ་ལ། འགྲིག་མ་འགྲིག་ཙམ་ལ་དངུལ་སྒོར་ས་ཡ་མང་པོ་སྤྱད་པའི་རྒྱ་ཆེ་ལ་བརྗིད་ཉམས་ལྡན་པའི་ང་ཚོའི་སློབ་གྲྭ་དག་གི་དོ་ཟླ་མི་ཡོང་། ཞང་ཀང་ཚན་རྩལ་སློབ་གྲྭ་ཆེན་མོའི་འབུམ་རམས་པ་ཏིན་ཞའོ་ལེང་ལགས་ཀྱིས་ལུགས་དང་མཐུན་པའི་སྐད་ཆ་རྣོན་པོ་ཞིག་གསུངས་ཡོད་དེ། “ཀྲུང་གོའི་སློབ་ཆེན་གྱི་ཟ་ཁང་ནི་དཔེ་མཛོད་ཁང་དང་ཚོད་ལྟ་ཁང་ལས་བཟང་ལ། ཀྲུང་གོའི་སློབ་ཆེན་གྱི་ཟ་ཁང་དེ་དག་ཕྱི་གླིང་གི་སློབ་ཆེན་གྱི་ཟ་ཁང་དང་བསྡུར་ན་ལེགས་པོ་འདུག”ཅེས་པ་དང་། སློབ་ཆེན་དང་འཛུགས་སྐྲུན་གྱི་འབྲེལ་བའི་ཐད་ནས། ཆིན་ཧྭ་སློབ་ཆེན་གྱི་སློབ་གཙོ་རྒན་པ་མིས་ཡུས་ཆི་ལགས་ཀྱིས་སྔོན་མ་ནས་གསུངས་ཡོད་དེ།“རླབས་ཆེ་བའི་སློབ་གྲྭ་ཆེན་མོ་ཞེས་པ་ནི་ཆེས་བརྗིད་ཉམས་ལྡན་པའི་ཐོག་ཁང་ཡོད་པའི་སློབ་ཆེན་དག་ལ་གོ་བ་མ་ཡིན་པར། དགེ་རྒན་ཆེན་མོ་མང་བའི་སློབ་གྲྭ་ཆེན་མོ་དག་ལ་གོ་བ་ཡིན། རྒྱུ་མཚན་ནི་ཁོ་ཚོར་ནམ་ཡང་ཤེས་བྱ་ངོ་མ་དེ་ཡོད་པས་ཡིན།”ཞེས་པ་དེ་ཡིན། ང་ཚོའི་སློབ་ཆེན་མང་པོས་དགེ་རྒན་ཆེན་མོ་སྐྱེད་སྲིང་བྱེད་མི་ཐུབ་པས། དམིགས་འབེན་དེའང་ཐོག་ཁང་ཆེན་མོ་དང་གློག་སྐས་ཆེན་པོ། རྒྱ་ཁྱོན་ཆེན་པོ་སོགས་ཀྱི་འཛུགས་སྐྲུན་ལ་ཕྱོགས་ཀྱིན་འདུག
ཁོ་ཚོ་དཔྱད་རྩོམ་བརྐུ་བཤུ་དང་གསར་གཏོད་ཉོ་བ་སོགས་ལ་མགོ་འཁོར་ནས་བསྡད་མེད་པ་ཁོ་ཐག་ཡིན། ལོ་དེར“ཝང་མེན་མེན་གྱི་བརྐུ་བཤུའི་དོན་རྐྱེན”རྒྱལ་ཡོངས་ལ་ཁྱབ་ཅིང་། རྗེས་ནས་ཡང་ཁྲིམས་ལུགས་རིག་པའི་གླིང་གཙོ་ཀྲུའུ་སོ་ལིའི་གཡོ་སྒྱུས་སློབ་མ་བསྡུ་བའི་དོན་རྐྱེན།“ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་དབུ་བཞུགས་དཔལ་འབྱོར་རིག་པ་བ”ཀྲུའུ་ཁྲོན་ཧྲིན་གྱི་དོན་རྐྱེན་སོགས་བྱུང་བ་ལྟ་བུའོ། ། འཛམ་གླིང་སྟེང་བརྐུ་བཤུ་དང་གཡོ་སྒྱུའི་ཐབས་ལམ་འདི་འདྲ་མང་བའི“སློབ་ཆེན་རྩེ་གྲ”ཞིག་ཕལ་ཆེར་མེད་ལ། རིག་གཞུང་དཔེ་སྟོན་ཉམས་ལ་གཏམ་ངན་སྣ་ཚོགས་དང་ལྡན་པའི“སློབ་ཆེན་རྩེ་གྲ”ཞིག་དེ་བས་ཀྱང་ཡོད་མི་སྲིད། MITསློབ་ཆེན་ལྟ་བུར་མཚོན་ན། དགེ་རྒན་ཆེན་མོ་གཞོན་པ་ཞིག་གིས་ཚོད་ལྟའི་གྲངས་ཀ་རྫུན་བཟོ་བྱས་པ་ཤེས་རྟོགས་བྱུང་བས་ཁོ་རང་ཕྱིར་ཕུད་བཏང་འདུག ང་ཚོའི་རིག་གཞུང་ལས་རིགས་ཁྲོད་ནས་ཕལ་ཆེར“རྒྱུན་ལྡན་གྱི་ནོར་འཁྲུལ”ཞིག་ལ་བརྩིས་པས་ཆོག་པར་བྱེད་ངེས། “འཛམ་གླིང་གི་སློབ་ཆེན་རྩེ་གྲ”དག་གི་ཀླད་པ་ཅུང་མཁྲེགས་པོ་ཡིན་ཏེ། ང་ཚོ་ལྟར་བློ་རིག་རྣོ་བའི་སྒོ་ནས་མིང་གྲགས་ཅན་ལ་འབྲེལ་བ་འཛུགས་མཁན་ཤིན་ཏུ་ཉུང་། དཔེར་ན། “པེ་ཅིང་གི་བུད་མེད་མཛངས་མའི་མཐོ་རིམ་ཞིབ་འཇུག་གསབ་སྦྱོང་འཛིན་གྲྭར”ཞུགས་ན། སླད་མར་ལྕགས་ཐམ་བརྒྱབ་ཡོད་པའི་མཐར་ཕྱིན་དཔང་ཡིག་སྟེར་བ་ལྟ་བུ་དང་། ཡང་དཔེར་ན། སློབ་ཆེན་གྱི་སྒོ་ཐེམ་འཕྲོག་རྩོད་དེ“ཚོང་རྟགས་གྲགས་ཅན”ཞིག་དང་འདྲ་བར་ཚང་མས་བློ་རིག་བསྒྲིམས་ནས་དངུལ་ལོར་བརྗེ་ཐུབ་མིན་ལ་ལྟ་བཞིན་པ་ལྟ་བུའོ། །
ཁོ་ཚོས་མེད་མདོག་སྟོན་པའི་ནུས་པ་སྦྱོང་བརྡར་བྱས་ནས་བསྡད་ཡོད་མི་སྲིད། ཀྲུང་གོའི་སློབ་ཆེན་གྱི་སློབ་གསོའི་བཀོད་སྒྲིག་གི་ཐུར་སྲང་དེ་མ་གཞི་ནས་གསེག་ཡོད། འདི་ནི་རང་སྟེང་ནས་ཡ་མཚན་སྐྱེ་རྒྱུ་མེད་མོད། སློབ་ཆེན་གཙོ་བོ་མང་པོས་ཡོ་ཆས་གླེང་བའི་དུས་སུ་ནམ་ཡང་འཛམ་གླིང་མདུན་གྲལ་དུ་སླེབས་ཡོད་པ་དང་འདྲ་ཡང་། ནོར་སྲིད་ལ་ལག་བསྲིངས་པའི་དུས་སུ་ཨ་ཧྥེ་རུ་ཁ་གླིང་ལས་ཀྱང་ཆུ་ཚད་དམའ་བ་དང་འདྲ་བ་དེ་ནི་དངོས་གནས་ཡ་མཚན་པ་ཞིག་རེད། འགལ་བ་འདི་སྔར་བཞིན་ང་ཚོས་འགྲེལ་མི་ནུས་པའི་ལོ་རྒྱུས་དོན་དངོས་ཤིག་གིས་ཕྱོགས་སྡོམ་བྱས་ཡོད་དེ། ཀྲུང་གོས་ནུབ་ཕྱོགས་དེང་རབས་སློབ་ཆེན་གྱི་ལམ་ལུགས་ནང་འདྲེན་བྱས་པའི་ལོ་བརྒྱའི་རིང་ལ། མཐོ་རིམ་སློབ་གསོའི་ཆུ་ཚད་ཅན་གྱི་མི་སྣ་འཇོན་ཐང་ཅན་བྱུང་བར་དུས་རིམ་གཉིས་ཡོད་དེ། གཅིག་ནི“ལྔ་བཞིའི་ལས་འགུལ”གྱི་སྔ་གཞུག་དང་། ཅིག་ཤོས་ནི་འཇར་འགོག་དམག་འཁྲུག་གི་ལྷོ་ནུབ་མཉམ་འབྲེལ་ཚོགས་ཆེན་སྐབས་ཡིན། དེ་བས་ཚང་མ་རྒྱལ་ཁབ་ལ་ཆེས་དཀའ་ངལ་ཆེ་བ་དང་རྒྱལ་ཁབ་ཆེས་དབུལ་བའི་དུས་སུ་བྱུང་བ་ཡིན། ཅན་ཆའོ་སློབ་ཆེན་གྱི་མིང་ལ“ཁཱ་བུན་ཏིས་ཧྲིན”ཟེར་བའི་ཚོད་ལྟ་ཁང་ཞིག་ནས། ཁྲ་ཏི་བུས་ཁི་ཡིས་བར་རྡུལ་རྙེད་ཅིང་། ཁའོ་ཁི་རཱ་ཧྥུ་ཐི་དང་ཝོར་ཏོན་གྱིས་ཞི་གློག་འགྲོས་སྣོན་ཆས་གསར་གཏོད་བྱས་པ་དང་། པི་རཱ་ཁའེ་ཐི་ཡིས་ཉིང་རྡུལ་འགྱུར་འབྱུང་ཤེས་རྟོགས་བྱུང་། ...... འདི་དག་ནི་རིག་གཞུང་ཐད་ཀྱི་སློབ་དཔོན་ཆེན་མོ་ཡིན་པ་ལས་ཨ་སྒོར་མིན་པས། ཚོད་ལྟ་ཁང་དེ་འཛམ་གླིང་དངོས་ལུགས་རིག་པའི་གནས་མཆོག་ཅིག་ཏུ་གྱུར་པར་བྱས་སོང་།
འཁྲུག་ཆེན་གཉིས་པའི་དུས་སུ། འཇར་མན་ཧྥ་ཤི་སིས་ལོན་ཏོན་ལ་འགད་རྫས་ཀྱིས་གང་བྱུང་དུ་གཏོར་བརླག་བྱས་ཀྱང་ཉིའུ་ཅིན་དང་ཅན་ཆའོ་སློབ་གྲྭ་ཁོ་ནར་གཏོར་བརླག་བྱས་མེད་ལ། མཉམ་འབྲེལ་དམག་གིས་འཇར་མན་འགད་གཏོར་བྱེད་པའི་སྐབས་སུའང་འཇར་མན་གྱི་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་དུ་གྲགས་པའི་ཧའེ་ཏུ་པའོ་ལ་གཡོལ་འདུག འདི་ནི་སློབ་ཆེན་གྱི་ནུས་པ་ཡིན། ཁོ་ཚོས་ནམ་ཡང་གཟུགས་ཅན་གྱི་སྒོ་ནས་གཏམ་བརྗོད་མི་སྤེལ་མོད། འོན་ཀྱང་ཁོ་ཚོས་འཛམ་གླིང་གི་བསྔགས་བརྗོད་ལེགས་ཤོས་དེ་གཡར་ནས་དྲག་པོའི་སྟོབས་ཤུགས་དེ་མིའི་རིགས་ཀྱི་འཕེལ་རྒྱས་གོ་རིམ་ནང་སིམ་འཛུལ་བྱེད་ཀྱིན་ཡོད་པ་རེད། མི་རེ་འགས་ཀུ་རེའི་ཚུལ་གྱིས“པེ་ཅིན་ནས་རང་ཉིད་དང་ཆེས་ཐག་ཉེ་བའི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་ཡོད་སའི་འཇར་པན་གྱི་ཏུང་ཅིན་གྲོང་ཁྱེར་ལ་འཕུར་ན་ཆུ་ཚོད་བཞི་ཙམ་གྱིས་འཐུས། དེ་བས་ང་ཚོ་དང་འཛམ་གླིང་གི་སློབ་ཆེན་རྩེ་གྲའི་བར་ཆུ་ཚོད་བཞི་ཡི་འཕུར་ལམ་ཡོད”ཅེས་ཟེར་གྱིན་འདུག འཛམ་གླིང་གི་སློབ་ཆེན་རྩེ་གྲ་ཚང་མས་ཅི་ཞིག་བྱེད་ཀྱིན་ཡོད་པར་གཟིགས་དང་། དེ་ནས་ང་ཚོའི་སློབ་ཆེན་རྩེ་གྲ་ཚོས་ཅི་ཞིག་བྱེད་ཀྱིན་ཡོད་པར་ལྟོས་དང་། འདི་ནི་ང་ཚོའི་བར་གྱི་བར་ཐག་ངོ་མ་དེ་ཡིན་སྙམ། །