གཡོན་ལག་གིས་བསྐྲུན་པའི་ངོ་མཚར་གྱི་མི་ཚེ།
ཚེ་འཛིན་སྒྲོལ་དཀར་གྱིས་བྲིས་ཤིང་། གཡུང་དྲུང་སྒྲོལ་མས་པར་མཁོ་འདོན་བྱས།
གཡུང་དྲུང་སྒྲོལ་མ་ནི་1988ལོར་མདོ་སྨད་སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་ནས་སྐྱེས། ཆུང་དུས་ནས་རི་མོར་དགའ་ཞེན་ཤིན་ཏུ་ཆེ་ཞིང་དུས་རྒྱུན་རི་མོ་སྣ་ཚོགས་ལ་དཔེ་ལྟ་བྱས་ནས་རང་སྦྱོང་བྱེད་པར་སྤྲོ། ཁོང་རང་ལོ་10ཡི་སྟེང་དུ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་བྱུང་ནས་ལག་པ་གཡས་པར་རྨས་སྐྱོན་བྱུང་། ལོ་བཅུ་ཅན་གྱི་བུ་མོ་ཆུང་ཆུང་ཞིག་ལ་མཚོན་ན་ལག་པ་ཡ་གཅིག་ལས་མེད་པ་ནི་ཆག་སྒོ་ཆེན་པོ་ཞིག་ཅི་ལ་མིན། གཡུང་དྲུང་སྒྲོལ་མ་ནི་སྙིང་སྟོབས་ཀྱིས་ཕྱུག་པའི་བུ་མོ་ཞིག་ཡིན་པས་མོས་བར་ཆད་ཀྱི་མདུན་ནས་མགོ་བོ་མ་སྒུར་བར་འཚོ་བ་གསར་པ་ཞིག་འཛུམ་གྱིས་བསུས་ཤིང་། རང་ཉིད་ཀྱི་དགའ་ཕྱོགས་ཀྱི་ཁྲོད་ནས་མི་ཚེའི་བློ་སྤོབས་དང་ཡིད་ཆེས་རྙེད། ད་ལྟ་མོས་ལག་པ་ཡ་གཅིག་ལ་བརྟེན་ནས་འཚོ་བའི་ཁྲོད་ཀྱི་བྱ་བ་དང་ལས་དོན་ལེགས་པོ་བསྒྲུབས་ཐུབ་པ་མ་ཟད། མོ་ཡི་རི་མོ་ལའང་མི་རྣམས་ཀྱི་གདེང་འཇོག་མཐོན་པོ་ཐོབ།
མོས་ང་རང་ནི་དཀའ་ངལ་ཇི་ལྟར་ཆེན་པོ་འཕྲད་ན་དེ་ལྟར་འབད་བརྩོན་བྱེད་པའི་བུ་མོ་ཞིག་ཡིན་ཟེར་བ་ལྟར། རང་ལོ་བཅུ་པའི་སྟེང་གི་ཆག་སྒོ་ཆེན་པོ་དེས་བདེ་སྐྱིད་ཀྱི་འཚོ་བར་བརྩོན་ལེན་བྱེད་པའི་གོམ་སྟབས་བཀག་མ་ཐུབ་ལ། མོ་རང་སྨན་ཁང་ནས་སྒོར་ཐོན་ནས་མུ་མཐུད་དུ་སློབ་གཉེར་གྱི་ལམ་ལ་ཞུགས། བགྲང་བྱ་མང་པོའི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་2013ལོར་གཡུང་དྲུང་སྒྲོལ་མ་སི་ཁྲོན་མཛེས་རྩལ་སློབ་གླིང་དུ་རྒྱུགས་འཕྲོད། སློབ་གླིང་དེ་ག་ནས་བགྲང་བྱ་གསུམ་གྱི་རིང་ལ་སྐྱ་བྲིས་དང་སྣུམ་ཚོན་རི་མོས་གཙོས་པའི་རི་མོ་འབྲི་སྟངས་རིགས་སྣ་ཚོགས་དང་རི་མོ་རིག་གཞུང་བཅས་ལ་རྒྱུན་དུ་ཉིན་མཚན་བར་མེད་དུ་སློབ་སྦྱོང་བྱས། ད་དུང་ལོ་རེའི་གུང་གསེང་གི་སྐབས་སུ་མོས་ཀན་སུའུ་བླ་བྲང་ཐང་ག་སྒྱུ་རྩལ་ལྟེ་གནས་སུ་ཐང་ག་འབྲི་སྦྱོང་གི་ལས་ལ་བརྩོན། མོ་རང་གིས་སྲོལ་རྒྱུན་རི་མོའི་འབྲི་ལུགས་དང་བོད་ཀྱི་ཐང་ག་འབྲི་ལུགས་གཉིས་ཟུང་དུ་སྦྲེལ་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་དང་། ལོ་གསུམ་རིང་གི་བརྩོན་པའི་འབད་པ་ལྷུར་ལེན་བརྒྱུད་ཕུལ་དུ་བྱུང་བའི་སྦྱངས་འབྲས་དང་བཅས་སྤྱི་ལོ་2015ལོར་སློབ་མཐར་ཕྱིན། ལོ་དེར་མོས་ཁྲེན་ཏུའུ་རུ་ལས་དོན་སྒྲུབ་པའི་གོ་སྐབས་དེ་དོར་ནས་ལྷ་ས་རུ་ལྷ་རིས་པ་གྲགས་ཅན་དགེ་རྒན་བསྟན་པ་རབ་བརྟན་མཆོག་གི་མདུན་ནས་སྨན་ཐང་ལུགས་ཀྱི་ལྷ་རིས་ལོ་འགའ་ལ་སྦྱོང་བརྩོན་ལྷད་མེད་བྱས་པར་འབྲས་བུ་གཡུར་དུ་ཟ་བ་ཐོབ། 2016ལོའི་ཟླ་བ་6པར་མོ་རང་གི་ཐང་གའི་བརྩམས་ཆོས་《འཇམ་དབྱངས།》ཞེས་པ་དེ་ཧྲང་ཧའེ་གྲོང་ཁྱེར་ཁྲང་ནིན་ཁུལ་དཔེ་མཛོད་ཁང་གི་མངོན་མིན་རིག་གནས་ཤུལ་བཞག་ཟླ་བ་ཞེས་པའི་བྱ་འགུལ་“་མཚར་སྡུག་གི་རི་ཀླུང་། མཛེས་སྡུག་གི་ཐང་ག"་ཞེས་པའི་འགྲེམ་སྟོན་སྟེང་དུ་ལྷ་རིས་ཆེད་མཁས་པ་མང་པོ་དང་འཛམ་གླིང་མཛེས་རིས་སྒྱུ་རྩལ་མཁན་གང་མང་གིས་གདེང་འཇོག་ཚད་མཐོན་པོ་གནང་བར་མ་ཟད་བསྟོད་བསྔགས་ཀྱི་མེ་ཏོག་གཏོར། ད་དུང་《ང་དང་ཁོ། 》ཞེས་པའི་བརྩམས་ཆོས་བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་སྟོན་ཁང་གིས་ཉར་ཚགས་བྱས། 2017ལོར་རྔ་བ་ཁུལ་དབང་པོ་སྐྱོན་ཅན་གྱི་སྒྱུ་རྩལ་དུས་ཆེན་སྐབས་དང་པོའི་སྟེང་ཨང་དང་པོའི་བྱ་དགའ་ཐོབ། སི་ཁྲོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་གྱི་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་སྟེང་དུ་མཛེས་རྩལ་རིགས་ཀྱི་ཕུལ་བྱུང་གི་བྱ་དགའ་ཐོབ།
ང་ཚོས་གཡུང་དྲུང་སྒྲོལ་མའི་མི་ཚེའི་འགྲུལ་བཞུད་ལས་རྟོགས་ཐུབ་པ་ནི་འབད་བརྩོན་ཅན་གྱི་མི་ལ་མི་འགྲུབ་པའི་བྱ་བ་ཅི་ཡང་མེད་ལ། ཁོང་གི་སྨྱུག་རྩེ་ནས་འཁྲུངས་པའི་རི་ཆུ་དང་མི་སྣའི་རི་མོ་དེ་དག་ལས་ང་ཚོས་མཐོང་ཐུབ་པ་ནི་འབད་བརྩོན་ཅན་གྱི་ཁྱིམ་གཞིས་དྲོན་མོ་དེ་ལགས། འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ལ་བརྩེ་བ་ཟབ་མོ་ཡོད་ན་ད་གཟོད་གཞན་ལས་ཁྱད་དུ་འཕགས་པའི་ལས་དོན་བསྒྲུབ་ཐུབ། མི་ཞིག་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་ཐོབ་ཐང་དང་གོ་གནས་ནི་གལ་ཆེན་མ་ཡིན་པར་འགྱུར་མེད་ཀྱི་སྙིང་སྟོབས་ནི་གནད་ཀྱི་དམ་པ་ཡིན་ནོ། །