བརྩམས་སྒྲུང་འཚོ་བའི་མར་ལོ།སྐུད་མེད་ཚེམ་བུ།

སྤེན་པ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        བདེ་སྐྱིད་སྒྲོལ་མའི་རྒྱབ་གཞུང་ལས་ཁང་གི་འཛུལ་སྒོར་གཏད་ནས་ཡོད་པས། དཀར་ཆ་མི་གསལ་བའི་ཁང་པའི་ནང་མོའི་རྒྱབ་གཟུགས་དེ་ནི་ཐོ་ཡོར་ནག་པོ་ཞིག་དང་མཚུངས། མོས་གློག་ཀླད་མདུན་ཧྲེངས་པ་ལྟར་འགུལ་མེད་དུ་བརྙན་ཤེལ་ལ་ཡུན་རིང་ཅེར་ནའང་། ཀླད་པའི་ནང་དུ་བྲིས་འོས་པའི་ནང་དོན་ནི་ཏིལ་འབྲུ་ཙམ་ཡང་མ་དྲན། ཕྲ་ཞིང་ལྡེམ་པའི་མཛུབ་མོ་རྣམས་ཀྱང་མཐེབ་གཞོང་སྟེང་དུ་ཧྲེང་ཞིང་། ཡིག་ཤོག་ལྷེབ་མ་ཞིག་དང་གཉིས་སུ་མ་མཆིས་པའི་དཀར་གཙང་གཡའ་དག་གི་wordལས་སྟེགས་སྟེང་། ཀེམ་ཀེམ་དུ་ཟུམ་པའི་འོད་རྟགས་དེ། ཐོག་མར་ལྟ་དུས་ལམ་ཟུར་དུ་སྐུ་ངོ་ཕེབས་སྒུག་བྱེད་བཞིན་པའི་འཇིབ་འཁོར་གྱི་གློག་བརྡ་ཆེམ་ཆེམ་དང་འདྲ་ལ། རིམ་བཞིན་དྲི་ལན་ལ་སྒུག་པའི་བྱིས་པ་ཞིག་གི་ཤེས་འདོད་ཀྱི་མིག་ཟུང་དང་འདྲ།  འོན་ཏེ་ཅི་འབྲི་འདི་འབྲི་མི་ཤེས་པའི་དུས་འདི་འདྲར། ཀེམ་ཀེམ་གྱི་འོད་རྟགས་དེ་ནི་བུ་ལོན་ཚ་འདེད་གཏོང་མཁན་ནག་ཚོགས་པའི་ལག་ནང་གི་གྲི་འོད་དེ་དང་འདྲ་ལ་སྙིང་ལ་གཙེས་པའི་རྒྱ་ཁབ་རྩེ་གཉིས་མ་ཞིག་དང་དེ་བས་འདྲ།

        སྔོན་ལ་ཡིག་འབྲུ་རེ་གཉིས་ཤིག་མགོ་འཛུགས་ཁུལ་གྱིས་ནང་འཇུག་གྱིས་དང་། གཅིག་བྱས་ན་དེས་ཆུ་རྒྱུག་ཞོར་ལ་ཡུར་བ་མཉམ་གྲུབ་ཀྱི་དཔེ་ལྟར་ཡོང་ཡང་སྲིད། མོས་དེ་ལྟར་བསམ་ཞིང་མཛུབ་མོ་བཀོལ།  དེ་འཕྲལ་མཛུབ་མོ་རྣམས་ཀྱིས་མཐེབ་གཞོང་སྟེང་དུ་ཡར་ལྡིང་མར་མཆོངས་བྱས་ནས་ཐག་སྒྲ་ལྡན་པའི་སྟོད་གཞས་ཤིག་འཁྲབ། འོན་ཀྱང་འཁྲུག་ཆ་ལྡན་པའི་ཟློས་གར་དེ་ཡུད་ཙམ་ལས་མ་འདས་པར་མཇུག་རྫོགས། མཛུབ་མོ་རྣམས་ནི་བསྒྲིམས་རྫོགས་པའི་གཅུ་འཁོར་རྩེད་ཆས་ཞིག་ལྟར་སླར་ཧྲེངས། མཐེབ་གཞོང་ཡུད་ཙམ་བརྡུང་པའི་འབྲས་སུ་དཀར་གཙང་གི་ཡིག་སྟེགས་ཐོག་"དེ་རིང"ཞེས་པའི་ཡིག་འབྲུ་གཉིས་ཐོན།  འོན་ཏང་དེ་རྗེས་ཀེམ་ཀེམ་གྱི་འོད་རྟགས་དེས་སླར་ཡིག་འབྲུའི་རྗེས་སུ་རྗོགས་མེད་གཡོ་ཞིང་། ཧ་ལམ"དེ་རིང་། དེ་རིང་ག་རེ། ལགས། དེ་རིང་གི་རྗེས་སུ་ག་རེ་ནང་འཇུག་གནང་ངམ། མགྱོགས་པོ་གསུངས་དང"ཞེས་ཚ་འདྲི་བྱེད་པ་དང་མཚུངས།

        བདེ་སྐྱིད་སྒྲོལ་མས་མནོ་བསམ་ཞིག་བཏང་རྗེས་ཙིག་གཞུག་བཀོལ་ནས"དེ་རིང"ཞེས་པའི་ཡིག་འབྲུ་གཉིས་པོ་ནག་འགེབས་བྱས་ཏེ་སུབ་མཐེབ་བསྣུན་ཐེངས་གཅིག་ལ་བསུབས།

        ད་ཅི་ཞིག་བྲིས་ན་འོས་འཚམས་སམ། ཁ་སང་དང་དེ་རིང་ཉིན་གཉིས་ཀས། བདེ་སྐྱིད་སྒྲོལ་མའི་ཀླད་ཁམས་སུ་བག་ཆགས་ཀྱི་ཤུལ་ཅི་ཡང་བཞག་མེད་པར་མིག་མདུན་གྱི་ཤོག་དཀར་དེ་བཞིན་སྟོང་རྐྱང་ཡིན།  ཅི་སྟེ་དེ་ལྟར་ནའང་། གནད་ཞུའི་ཤོག་བུ་དེ་སྟོང་རྐྱང་དུ་འབུལ་ན་ཅི་ལ་རུང་།  མོས་ཙིག་རྟགས་དལ་མོར་འབུད་དེ་འོས་རྟགས་དེ"གནད་ཞུ"ཞེས་པའི་རྩོམ་མགོའི་འོག་ཕྲེང་དུ་ཕབ་ནས"འདོན་ཐེངས་བཞི་པ"ཞེས་པའི་ཡིག་འབྲུ་འགའ་ནང་འཇུག་བྱས།  ཧ་ལམ་དེ་ནི་མོས་སེམས་འཚབ་སློང་མཁན་གྱི་འོས་རྟགས་འདིའི་ཚ་འདྲིར་གཏད་པའི་དབུ་བསྐོར་དང་ནར་འགྱངས་ཀྱི་ཐབས་ཤིག་འདྲ།  མཛུབ་མོ་རྣམས་ཡར་ལྡིང་མར་མཆོངས་རེ་གཉིས་བྱས་ནས་ཡིག་འབྲུ་བཞི་པོ་དེ་ནང་འཇུག་ཟིན་པ་དང་། སླར་མཐེབ་གཞོང་སྟེང་ཧྲེང་ངེར་ཧོན་འཐོར། བདེ་སྐྱིད་སྒྲོལ་མ་ཡང་བུ་ལོན་ཚ་འདེད་བྱེད་པོ་དང་འདྲ་བའི་འོས་རྟགས་བསུན་པོ་དེར་ཅེར་ནས་ཀེང་རུས་བཞིན་སླར་ཧྲེང་།

        "ཁ་སང་ཡིན་ན། རྫོང་གི་འབྲིང་རིམ་ལས་བྱེད་ཡོངས་ཀྱི་མདུན་དུ་ང་རྒད་པོའི་གདོང་ལྤགས་ཚ་བཤུས་བརྒྱབ་ནས་སྔོ་ལོ་མེ་འབར་བ་ཞིག་འཕྱར་བྱུང་། མི་ཚོ་ཉི་མ་ཤང་གིས་གཟའ་འཁོར་རེ་ལ་གནད་ཞུ་གསུམ་རེ་སྐྱེལ་གྱི་ཡོད་པར་རྫོང་ཨུད་ཧྲུའུ་་ཅིས་ཐད་ཀར་ཉི་མ་ཤང་གི་ཧྲུའུ་ཅིར་བསྔགས་བརྗོད་ཚད་མེད་གནང་ཞིང་། བྱེད་སྟངས་འདིས་གོང་རིམ་གྱི་བཀའ་རྒྱ་ལག་བསྟར་དོན་འཁྱོལ་དང་། གཞི་རིམ་ལས་དོན་གོང་ཞུ་ལེགས་པར་བྱས་ཏེ། གོང་རིམ་གྱི་ལས་ཀའི་ཇུས་ཕྱོགས་ལ་དཔྱད་གཞི་བཟང་པོ་སྐྲུན་གྱིན་ཡོད་པས། དེ་ནི་དཔེ་མཚོན་ཆེས་བཟང་བ་ཞིག་རེད་ཅེས་གསུངས་སོང་། དེ་མིན་ཤང་འགའ་ཤས་མིང་འདོན་གྱིས་བསྔགས་་རྗོད་གནང་ནའང་ངེད་བདེ་སྐྱིད་ཤང་གི་མིང་ཟུར་ཡང་ཐོས་རྒྱུ་མིན་འདུག དེས་ན། ཉི་མ་དེ་རིང་ནས་བཟུང་སྟེ། ཁྱོད་ཀྱིས་ངེས་པར་དུ་ཉིན་རེ་ལ་གནད་ཞུ་རེ་བྲིས་ནས་རྫོང་ལ་ཕུལ་ཏེ་ངེད་ཤང་གི་ལས་ཀའི་གྲུབ་འབྲས་དེ་མངོན་པར་བྱ་དགོས"ཉུའུ་ཧྲུའུ་ཅི་ལགས་ཀྱི་གཏམ་དེ་བྲག་ཅ་ཟློས་པ་ལྟར་བདེ་སྐྱིད་སྒྲོལ་མའི་རྣ་འགྲམ་དུ་ཡང་སྐོར་བསྐྱར་སྐོར་གྲགས་པས། གློག་ཀླད་བརྙན་ཤེལ་སྟེང་ཀེམ་ཀེམ་གཡོ་བའི་འོས་རྟགས་དེ་དང་མཉམ་དུ་འགྲོགས་ཏེ་མོར་བྲེལ་འཚུབ་སློང་།

        དོན་དེའི་སླད། ཉིན་འགའི་སྔོན་དུ་ཉུའུ་ཧྲུའུ་ཅིས་བདེ་སྐྱིད་སྒྲོལ་མ་ཆེད་མངགས་ཁོང་རང་གི་གཞུང་དོན་ཁང་དུ་འབོད་ནས། ཉིན་རེའི་གནད་ཞུ་དེ་རྒྱུན་འཁྱོངས་ཆད་མེད་དགོས་པའི་བཀའ་མངག་ཡང་ཡང་གནང་། མོས་ཀྱང་བཀའ་བཞིན་གནད་ཞུ་འདོན་ཐེངས་གསུམ་ལེགས་སྒྲུབ་ཞུས་ནས་དུས་ཐོག་རྫོང་ལ་གོང་འབུལ་བྱས། འོན་ཀྱང་། དེ་རིང་གི་གནད་ཞུ་དེར་ཅི་ཞིག་འབྲི་དགོས་སམ། ཤང་ལས་བྱེད་པས་ཡིག་ཆ་སློབ་སྦྱོང་བྱས་པའི་སྐོར་ནི་འདོན་ཐེངས་གཉིས་པར་བྲིས་ཟིན། འོ།ཏག་ཏག དེ་ཉིན་ནི་ཤང་ཀྲང་སྐུ་གཞོན་ཚེ་?ར་གྱི་བུའི་འཁྲུངས་སྐར་རྟེན་འབྲེལ་ཡིན་པས། ཤང་གི་ལས་བྱེད་པ་ཚང་མ་སྔ་མོ་ནས་དངུལ་ལོར་བླུགས་པའི་ཤོག་ཆག་དང་ཁ་བཏགས་འཁྱེར་ཏེ་ཤང་ཀྲང་སྐུ་གཞོན་གྱི་ཁྱིམ་དུ་སོང་ཞིང་། དེའི་ནུབ་མོ་ལས་བྱེད་ཡོངས་མཉམ་དུ་རྫོང་གི་གླུ་གཞས་ཁང་ལ་སྦི་ཆང་འཐུང་བར་སོང་ནས། ནམ་ཕྱེད་ཙམ་ལ་གཞི་ནས་ར་འགྱེལ་ལུག་འགྱེལ་ངང་རང་ཁྱིམ་ལ་ལོག་པ་ཡིན། བདེ་སྐྱིད་སྒྲོལ་མས་ཚུར་ལོག་རྗེས་དེ་ཉིན་སློབ་སྦྱོང་བྱས་པའི་སྐོར་གྱི་ཉིན་རེའི་གནད་ཞུ་ཞིག་བྲེལ་འཚུབ་ངང་བྲིས། དེས་ན་འདོན་ཐེངས་འདིར་ཡང་བསྐྱར་སློབ་སྦྱོང་བྱས་པའི་སྐོར་འབྲི་ག་ལ་རུང་། ཡུལ་ཚོའི་ལས་བྱེད་པས་འབྲོག་སྡེའི་དུད་ཁྱིམ་དུ་གཤམ་སྐྱོད་བྱས་ནས་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་བརྟག་ཞིབ་བྱས་པའི་སྐོར་ཡང་འདོན་ཐེངས་གསུམ་པའི་གནད་ཞུར་བྲིས་མྱོང་། དོན་དམ་པར། ཉིན་གོང་མར་ལས་བྱེད་པ་རྣམས་ཆང་རག་བཏུངས་དྲགས་པ་དང་གླུ་གཞས་ཁང་ནས་ལོག་དུས་འཕྱི་དྲགས་པས་དེ་ཉིན་མི་གཅིག་ཀྱང་ལས་གནས་སུ་མ་སླེབས། གནད་ཞུ་དེ་ནི་བདེ་སྐྱིད་སྒྲོལ་མ་གཅིག་པུས་གཞུང་དོན་ཁང་ནང་བྲིས་པ་ཞིག་ཡིན།  ད་འོ་ན་འབྲོག་པ་མང་ཚོགས་ལ་ཁྲིམས་ལུགས་དྲིལ་བསྒྲགས་བྱས་པའི་སྐོར་ཞིག་བྲིས་ན་་་་་་ཨ་ཁ། དེའི་སྐོར་ཡང་འདོན་ཐེངས་ཐོག་མར་བྲིས་ཚར་བ་མ་ཟད། ད་དུང་དེའི་ནང་དྲིལ་བསྒྲགས་བྱས་པ་བརྒྱུད། མང་ཚོགས་ཀྱི་ཁྲིམས་ལུགས་གོ་རྟོགས་དབྱར་མཚོ་ལྟར་རྒྱས་ཤིང་། སྡེ་པའི་ཁྲིམས་འགལ་བྱ་སྤྱོད་ཇེ་ཉུང་དུ་ཕྱིན་པའི་སྐོར་བྲིས་ཡོད། འོ་ཡག ད་འདོན་ཐེངས་འདིར་ཡང་སྙིང་ཅི་ཞིག་འབྲི་དགོས་སམ། འུ་ཐུག་ཐབས་ཟད་ཀྱི་སྐབས་དེར། བདེ་སྐྱིད་སྒྲོལ་མས་རང་ཉིད་ལག་ཟད་དཔུང་ཐུག་དང་སྐྱ་ཟད་སྔོ་གཏུགས་ཀྱི་གནས་སུ་གྱར་བའི་སྣང་བ་ཞིག་འཆར།

        དེ་ལྟར་བདེ་སྐྱིད་སྒྲོལ་མས་གློག་ཀླད་ལ་ཅེར་ནས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་བའི་ཚེ་ན། ཁ་པར་གྱི་དྲིལ་བརྡ་ཛ་དྲག་ངང་གྲགས་འོང་། མོས་ལྭ་ཁུག་ནས་ཁ་པར་བཏོན་ཏེ་བརྙན་ཤེལ་སྟེང་མཛུབ་འདྲེད་ཅིག་བྱས་ནས་རྣ་འགྲམ་དུ་སྦྱར། ཁ་པར་ནས"བདེ་སྐྱིད་ཤང་ཡིན་ནམ། ང་རྫོང་གཞུང་དོན་ཁང་ནས་ཡིན། ཁྱོད་ཚོའི་ཤང་གིདཔལ་ཡོན་ལྡན་པའི་ཤང་གི་རང་དཔྱད་སྙན་ཞུདེ་སང་ཉིན་ཕྱི་དྲོའི་གོང་ལ་ངེས་པར་སྐྱེལ་དགོས། དེ་མིན་་་་་་་་"ཞེས་ཁ་པར་ནང་ནས་ལས་བཀོད་མང་དུ་བྱས།

        "ལགས་སོ། ལགས་སོ"བདེ་སྐྱིད་སྒྲོལ་མས་མགོ་བོ་ཀྱོག་ཀྱོག་གིས་ཁ་པར་རྣ་དང་དཔུང་རྩེའི་དབར་བཙིར་ནས་སྐད་ལན་བྱེད་ཅིང་། ལག་ཟུང་གིས་བྲེལ་འཚུབ་ངང་ཅོག་ཙེ་ནས་དེབ་སྨྱུག་བཏོན་ཏེ་ཁ་པར་གྱི་ནང་དོན་ཟིན་བྲིས་བྱས།

        ཁ་པར་བཞག་རྗེས། མོས་རོ་སྟོད་རྐུབ་སྟེགས་ཀྱི་རྒྱབ་སྙེས་ལ་བསྙེས་ཤིང་། སྦར་མོ་གཉིས་ཁ་འགྲམ་དུ་སྦྱར་ནས་ཧ་བཏབ་ཀྱིན་ཕར་ཕུར་ཚུར་ཕུར་བྱས།  མོའི་མིག་གཉིས་ཧྲིག་གེར་གློག་ཀླད་བརྙན་ཤེལ་སྟེང་བར་མེད་དུ་གཡོ་བའི་འོས་རྟགས་དེ་ལ་ཅེར་ཞིང་། མུ་མཐུད་འདོན་ཐེངས་འདིའི་གནད་ཞུའི་ནང་དོན་ལ་འདང་བརྒྱབ་ནའང་། ད་གིན་ཁ་པར་ནང་ནས་བཀོད་སྒྲིག་བྱས་པའི་ལས་འགན་ཛ་དྲག་དེ་ཚོ་དྲན་གསོས་སྐབས་མ་གཞི་ནས་ཅི་བྲིས་འདི་བྲིས་མ་ཤེས་པའི་ཀླད་སྟོང་དེ་དེ་བས་རྙོག་འཛིང་དང་བྲེལ་འཚུབ་ཆེ་བར་གྱུར་།  རིམ་བཞིན་སུན་སྣང་གི་ན་བུན་ཕྲ་མོ་ཞིག་ཡིད་ཀྱི་ནམ་མཁར་བསྒྲིབས། 

        གཞུང་ལས་ཁང་ནི་འཁྱགས་སྒམ་ཆེན་པོ་ཞིག་ལྟར་བར་གསེང་ཡོད་དོ་ཅོག་མུན་གྲིབ་དང་གྲང་ངད་ཀྱིས་ཁྱབ། བདེ་སྐྱིད་སྒྲོལ་མས་སྒེའུ་ཁུང་ཕྱིར་མིག་གཅིག་བལྟས་པས།  ཕྱི་ངོས་སུ་སྐྱི་བསེར་གྲང་རླུང་འུར་འུར་དུ་ལྡང་ཞིང་། དེས་བདས་པའི་ཤོག་སྙིགས་དང་བྱེ་མ་རྣམས་ནི། ཧུར་སྒྲ་དང་ཚགས་སྒྲའི་ངང་སྒོ་རྭའི་རྩིག་ཟུར་དང་ཐང་ངོས་གང་སར་ཕར་འགྲིལ་བྱེད་ཅིང་ལྡིང་བསྐོར་བརྒྱབ་ནས་སྐྱི་གཡའ་བའི་གདོན་འཆམ་ཞིག་ལ་རོལ། རླུང་བུས་ཧུར་སྒྲ་རེ་སྒྲོག་འཕྲལ། དེས་གཏོར་ཡོང་བའི་བྱེ་རྡུལ་སྒེའུ་ཁུང་གི་ཤེལ་ངོས་ལ་རྡུང་ནས་ཚགས་ཚགས་ཀྱི་སྒྲ་སུན་པོ་རེ་གྲགས་འོངས།

        "ཐག་ཐག་ཐག"དེའི་ཚེ་ན། མོའི་རྒྱབ་ངོས་ལས་སྒོ་རྡུང་བའི་སྒྲ་ཞིག་གྲགས་ཡོང་།

        "ཡར་ཕེབས"བདེ་སྐྱིད་སྒྲོལ་མས་དེ་ལྟར་ལན་བྱས་ནའང་ཁ་བསྐོར་ནས་ཕྱིར་མ་བལྟས་པར། མུ་མཐུད་གློག་ཀླད་ལ་ཅེར་ནས་བསྡད།

        སྒོ་དེ་ཙི་རིལ་ཞེས་ཕྱེ། བདེ་སྐྱིད་སྒྲོལ་མས་མུ་མཐུད་སྦར་མོར་ཧ་བཏབ་ཀྱིན་མིག་གཉིས་གློག་ཀླད་ལ་ཅེར་ནས་སྡད།

        "བུ་མོ། བཀའ་འདྲི་ཞུ་རྒྱུར་་་་་་"སྒོ་འགྲམ་ནས་རྨོ་བོ་རྒན་མོ་ཞིག་གི་ཉམ་ཐག་པའི་སྐད་སྒྲ་གྲགས་འོངས།

        བདེ་སྐྱིད་སྒྲོལ་མས་ཁ་བསྐོར་ནས་ཕྱི་མིག་ལྟ་དུས་ཁ་པར་གྱི་དྲིལ་བརྡ་ཡང་བསྐྱར་ཛ་དྲག་ངང་གྲགས།"ང་རྫོང་ཁྲིམས་ལུགས་གཞུང་དོན་ཁང་ནས་ཡིན། ཁྱོད་ཚོའི་ཤང་གིཁྲིམས་ལུགས་དྲིལ་བསྒྲགས་ལས་དོན་ཕྱོགས་བསྡུསདེ་སང་ཉིན་ངེས་པར་དུ་སྐྱེལ་དགོས། དེར་ཡིད་གཟབ་བྱེད་དགོས་པ་གཤམ་གསལ་ཏེ་་་་་་"བདེ་སྐྱིད་སྒྲོལ་མས་སླར་མགོ་དང་དཔུང་པའི་བར་ཁ་པར་བཙིར་ཞིང་ལག་ཟུང་གིས་དེབ་སྨྱུག་འཛིན་ཏེ་ཁ་པར་གྱི་ནང་དོན་ཟིན་ཐོར་བཀོད།

        "བུ་མོ་ལགས། བཀའ་འདྲི་ཞུ་རྒྱུ་ཞིག་ཡོད་པས་ནི་་་་་་"བདེ་སྐྱིད་སྒྲོལ་མས་ཁ་པར་མར་བཞག་མ་ཐག་སྒོ་འགྲམ་ནས་རྨོ་བོའི་སྐད་ཆ་དེ་སྒྲ་གདངས་དམའ་པོས་སླར་ལན་གཅིག་ཟློས་ཡོང་།

        བདེ་སྐྱིད་སྒྲོལ་མས་ཁ་བསྐོར་ནས་སྒོ་འགྲམ་ཕྱོགས་ལ་བལྟ་དུས། ཉམ་ཆུང་བའི་རྨོ་བོ་མགོ་སྐྲ་ཟིང་ཞིང་ངོ་གདོང་བཀྲུས་མེད་པས་བཙོག་པོར་ཡོད་པ་ཞིག་སྒོ་ཁར་འཚེར་སྣང་ཆེན་པའི་ངང་ལངས་ཡོད་པ་རིག  རྨོ་བོས་སློག་རུལ་གཡོགས་མེད་ཅིག་གྱོན་ཡོད་པ་དེ་ནག་ནོག་འགོས་ནས་གདོད་མའི་མདོག་ཅི་ཡིན་དཔོག་པར་དཀའ་ཞིང་། ཧྲལ་ཧྲུལ་གྱི་ཕྱུ་པའི་གཤམ་མཐའི་འོག་ནས་ཆེ་ལ་ལྕི་བའི་ཕོ་ལྷམ་རྙིང་ཧྲུལ་ཞིག་མངོན།  ད་ཆ་རྨོ་བོའི་འབམ་སྐྲངས་ཐེབས་པའི་རྐང་བར་བུད་མེད་ཀྱི་ལྷམ་ཅི་ཡང་རན་གྱི་མེད་རྐྱེན་རྨོ་བོས་སྐྱེས་པའི་ལྷམ་ཆེན་མ་གྱོན་ཀ་མེད་བྱུང་ནའང་དེ་ཚོར་སུས་དོ་སྣང་བྱེད། 

  ཆ་ལུགས་དེ་ལས། བདེ་སྐྱིད་སྒྲོལ་མས་མ་རྒན་དེ་ནི་གྲོང་ཚོ་གསུམ་པའི་རྨོ་བོ་བསོད་ནམས་དབང་མོ་ཡིན་པ་ཤེས། རྨོ་བོ་དང་ཐོག་མ་ཡག་རྭ་ཤང་ནས་ཡིན་པ་དང་། ལོ་ཤས་གོང་རང་ཡུལ་བཞག་ནས་གནས་འདིར་གྱར་ཞིང་། ལོ་ཤས་གོང་བདེ་སྐྱིད་ཤང་དུ་ཨར་པོའི་ལས་གྲྭ་གཉེར་བཞིན་པའི་ཡུལ་གཞན་གྱི་སྦྱིན་བདག་གཅིག་གིས་རྨོ་བོར་སྙིང་རྗེའི་རོགས་སྐྱོར་གནང་སྟེ། སྟབས་བདེའི་སྡོད་ཁང་ཞིག་ཞལ་འདེབས་སུ་བྱས། མ་གཞི་རྫོང་ནས་རྨོ་བོ་བསོད་ནམས་དབང་མོ་རྫོང་གི་རྒན་གསོ་ཁང་དུ་བཀོད་སྒྲིག་བྱས་མོད།  རྨོ་བོ་རྫོང་གི་ས་ཆུ་གཏན་ནས་མི་འཕྲོད་པར་གྲོད་པ་སྦོས་པ་དང་། སྨན་བཟས་ན་གཅིན་པ་མི་ཚུགས་པའི་གནས་ཚུལ་འཕྲད་པས། རྨོ་བོས་ཨུ་ཚུགས་ཀྱིས་བདེ་སྐྱིད་ཤང་དུ་ལྡོག་འོངས། ལོ་ཤས་རིང་། ཆར་དུས་སླེབས་པ་དང་རྨོ་བོས་ཤང་སྲིད་གཞུང་དུ་རང་གི་ཁང་པར་ཆུ་འཛུལ་ཚུལ་དང་། ཐིགས་པ་རྒྱག་ཚུལ། ཉེན་ཁ་ཆེ་ཚུལ་གྱི་སྐོར་འབའ་ཞིག་སྙན་གསེང་ཞུ་བར་ཡོང་གིན་ཡོད། མོས་ཡོང་རིམ་བཞིན་"ང་ལ་ཤང་གི་དབུལ་སྐྱོར་དང་ཉམ་ཐག་རྒན་འཁོགས་ཀྱི་རོགས་དངུལ་ཐོབ་ཐང་མེད་ལ། དེ་དོན་ཁྱེད་རྣམས་ལ་ཐུགས་བསུན་ཡང་ཞུ་ཅི་ལ་ཕོད། འོན་ཀྱང་ངའི་སྡོད་ཁང་དེ་ལ་བཟོ་བཅོས་ཕྲན་ཙམ་ཞིག་་་་་་ཕྲན་ཙམ་ཞིག་རང་གནང་རོགས་་་་་་"ཞེས་ཞུ་བ་བྱེད་ནའང་། རྨོ་བོའི་སྐད་ཆ་བཤད་མ་ཚར་བར་ལས་བྱེད་རྣམས་ནི་གཡོལ་འགྲོ་རྐྱང་དང་། ཡང་ན་རྒྱང་རིང་ནས་རྨོ་བོ་མཐོང་བ་དང་གབ་བྱོལ་བྱེད་རྐྱང་བྱེད་ལ།  ལས་བྱེད་འགས་བཤད་པ་ལྟར་ན།  རྨོ་བོའི་ཐེམ་ཐོ་ཤང་འདིར་མེད་པས་རོགས་སྐྱོར་ཁོངས་སུ་འཇུག་ཐབས་བྲལ་ཟེར། མང་ཆེ་བས་ནི་སུན་སྣང་ཆེན་པོས་རྨོ་བོ་དེ་རྙོག་གྲའི་སྒམ་ཆུང་ངམ་ཨུ་ཚུགས་མགོ་མཁྲེགས་རེད་ཟེར། སྡེ་པའི་མང་ཚོགས་མི་ཉུང་བས་བཤད་རྒྱུན་དུ། རྨོ་བོ་གཞོན་ཙམ་ཡིན་དུས་ཤང་གི་ཚོགས་ཆེན་ཐོག་ཤང་ཀྲང་མིག་དམར་ལ་གྱེན་ལོག་གི་ཁ་ལན་ཚ་པོ་སློག་པ་རེད་ཟེར། མདོར་ན། རྨོ་བོ་བསོད་ནམས་དབང་མོ་ནི་ཡག་རྭ་ཤང་ནས་བདེ་སྐྱིད་ཤང་དུ་ཡུལ་གྱར་བ་ཞིག་ཡིན་པས། ཐེམ་ཐོ་གནས་སའི་ས་ཆ་དང་མི་གནས་སའི་ས་ཆ་གཉི་གས་ཐེ་ཇུས་མི་བྱེད་པར།  ཁོངས་མེད་གཏོགས་མེད་ཀྱི་སྲུབས་ཀ་ཞིག་ན་འཚོ་བཞིན་ཡོད་པ་ནི་བྱ་གྲལ་དང་ཙིག་གྲལ་བར་དུ་འཁྱར་བའི་པགས་བྱིའུ་ཞིག་ལྟར་རོ། 

          "ཐུགས་རྗེ་གཟིགས་བུ་མོ། ཁྱེད་རང་ཚོས་ངའི་ཁང་པ་དེར་གཟིགས་ཙམ་གནང་བར་ཕེབས་དང་། གྱང་སྟེང་གི་སེར་ག་དེ་ཡང་ཆེ་རུ་སོང་འདུག་པས། མཚན་གུང་ལ་རླུང་བུ་སིའུ་སིའུ་ཞེས་ཁང་ནང་འཛུལ་ཡོང་གི་འདུག རྨོ་བོ་ང་ནི་གྲང་རེག་གིས་གཙེས་ནས་འཁྱགས་འབུ་ལྟར་མལ་ནང་འཁུམ་རྒྱུ་ལས། གཉིད་ཀྱི་གཡའ་ནི་མཚན་གང་བོར་བྲལ། དེ་བས་དབྱར་ཁ་ཆར་ཆུ་རྒྱས་དུས་ཐོག་པང་དེ་ནི་ཁྲོལ་ཚགས་ལ་ཆུ་ལྡུག་པ་ཇི་བཞིན། གང་ས་གང་ནས་ཆར་ཐིགས་བརྒྱབ་སྟེ་རྩིག་ཕྱེད་ཀྱི་མཐོ་དམའ་ཙམ་ཆུས་འཁྱིལ་ནས་ལྟོ་སྣོད་ཆ་ཚང་ཁང་པའི་ནང་ཆུ་རྐྱལ་བྱེད།  དེའི་བཞའ་ཚན་རྐྱེན་པས་མ་རྒན་ངའི་འབམ་ནད་ཕོག་པའི་པུས་མོ་དེ་ནི་རྟག་ཏུ་རྫ་མ་ལྟར་སྐྲངས་ནས་དོར་མ་ཡང་གྱོན་དཀའ། ཟླ་བ་གོང་མར་ཁྱེད་རྣམ་པས་མགྱོགས་མྱུར་བརྟག་ཞིབ་གནང་བར་སླེབས་ཡོང་གསུངས་པས། རྒན་མོ་ངས་ཟླ་གཅིག་ཏག་ཏག་ཕེབས་སྒུག་ཞུས་པ་ཡིན……"

        རྨོ་བོའི་གཏམ་མཇུག་བཤད་མ་ཚར་བར། བདེ་སྐྱིད་སྒྲོལ་མས་སུན་སྣང་གིས་ཁ་ཟུར་གཉེར་ཙམ་བྱས་ཏེ"ཁྱེད་རང་གིས་སྔོན་ལ་སོ་སོའི་གྲོང་ཚོའི་དབུ་ཁྲིད་ལ་ཞུས་དང་། དོན་དེ་རིགས་བརྒྱུད་རིམ་མི་འགལ་བར་རིམ་པ་བསྟར་ཆགས་སུ་སྙན་ཞུ་གནང་དགོས་རེད"ཟེར།

        "བཙལ་མྱོང་ལགས།  ཁོང་གིས་གྲོང་ཚོར་དངུལ་མེད་པས་དེ་དོན་ཤང་ལ་ཞུས་ཤོག་གསུངས་བྱུང"

        "དེ་འདྲ་ཡིན་ན། ཁྱེད་རང་ཤང་ཀྲང་ལགས་བཙལ་ནས་སྙན་ཞུ་གནང་དང་། ང་འདིར་ལས་བྲེལ་ཆེན་པོ་ཡོད"བདེ་སྐྱིད་སྒྲོལ་མས་སླར་ཁ་ཕར་སློག་སྟེ་བྲེལ་འཚབ་སློང་མཁན་གྱི་འོས་རྟགས་དེ་ལ་བལྟ་ཞིང་ལག་གཉིས་འཕུར་གྱིན་ཧ་བཏབ་ནས་དེ་ལྟར་བརྗོད།

        "ཤང་ཀྲང་མིག་དམར་ལགས་ལ་ཞུས་པས་ཁོང་གིས་རྨོ་བོ་ཁྱོད་ཡག་རྭ་ཤང་ཁོངས་ཀྱི་མི་ཡིན་པས་ཡག་རྭ་ཤང་གི་དབུ་ཁྲིད་ལ་ཞུས་ཤོག་གསུངས་བྱུང་། ཡག་རྭ་ཤང་ལ་སོང་བས་དེའི་དབུ་ཁྲིད་ཀྱིས་རྨོ་བོ་ཁྱོད་ཀྱི་སྡོད་ཁང་དེ་བདེ་སྐྱིད་ཤང་གི་ས་ཁོངས་སུ་གཏོགས་པས་བདེ་སྐྱིད་ཤང་གི་དབུ་ཁྲིད་འཚོལ་ཤོག་གསུངས། ད་གིན་ཤང་གི་རྒྱལ་་སྒོར་ཤང་ཀྲང་མིག་དམར་ལགས་ངོ་མཇལ་བྱུང་བས་ཁོང་གིས་ཁྱེད་ཚོལ་ཤོག་གསུངས་བྱུང"རྨོ་བོའི་མགྲིན་པ་བཤད་ཀྱིན་བཤད་ཀྱིན་དུ་བརྣངས་ཤིང་ངུ་སྐད་ངང་སྐྱབས་འཇུག་དེ་ལྟར་ཞུས།

        དེའི་སྐབས་ཁ་པར་གྱི་དྲིལ་སྒྲ་སླར་གྲགས་ཡོང་།"སྐུ་ཁམས་བཟང་། ང་རྫོང་དྲིལ་བསྒྲགས་སློབ་གསོ་གཞུང་དོན་ཁང་ནས་ཡིན། ཁྱེད་ཤང་གིཀུན་སྤྱོད་འཆད་ཁྲིདཀྱི་དུས་མཚམས་ཕྱོགས་སྡོམ་དེ་མགྱོགས་མྱུར་སྐྱེལ་རོགས། དེའི་ནང་དོན……"

        "ལགས་སོ། ལགས་སོ།"བདེ་སྐྱིད་སྒྲོལ་མས་སླར་དེབ་ཐོག་ཟིན་བྲིས་བྱས།

        ཁ་པར་མར་བཞག་པ་དང་མོས་གཞི་ནས་ད་དུང་ཤང་ཀྲང་མིག་དམར་གྱི་སྔོན་ཐོན་སྙན་ཞུ་ཞིག་བྲིས་ནས་སང་ཉིན་ཡིན་གཅིག་རྫོང་དུ་བསྐྱལ་དགོས་པ་དང་། གནངས་ཉིན་གྲོང་ཁྱེར་ནས་ཕྱོགས་བསྡུས་བཅོས་སྐྱོང་མིག་དཔེའི་ཤང་གི་འཛུགས་སྐྱོང་ལས་ཀར་ཞིབ་བཤེར་གནང་མཁན་གྱི་ལས་དོན་ཚོགས་ཆུང་ཞིག་ཕེབས་ཀྱི་ཡོད་པར་ཡིག་ཆ་མང་པོ་ཞིག་གྲ་སྒྲིག་དང་མ་ཚང་བར་ཁ་གསབ་ལྷན་ཐབས་བྱ་དགོས་པའི་ཁར། ད་གིན་གྱི་ཁ་པར་ནང་ནས་ལས་འགན་ལུང་པ་གང་བཀོད་སྒྲིག་བྱས་པ་དེ་དག་བསྒྲུབ་དགོས་པ་ཡིད་ལ་ཅིག་ཅར་དུ་དྲན་པས། སེམས་ནང་གློ་བུར་དངངས་སྐྲག་ཅིག་ལངས་པས། འཚིག་པ་གཡག་ལ་བཟས། སྐྱག་རྡུང་བེའུ་ལ་འཁེལ་་ཞེས་པ་ལྟར་        མདུན་གྱི་ཀེམ་ཀེམ་འོས་རྟགས་དེ་དང་རྒྱབ་ཀྱི་ངུ་སྐད་ཤུབ་ཤུབ་དེ་གཉིས་ལའང་སུན་སྣང་དང་སྡང་སེམས་ཕྲན་བུ་སྐྱེས། མོས་མནོ་བསམ་ཕྲན་ཙམ་བསྐོར་བས་གློ་བུར་ཐབས་བཟང་ཞིག་གློག་འོད་འཁྱུག་པ་ལྟར་མོའི་བློ་ངོར་ཤར། དེ་མུར་མོས་པིར་བཟུང་སྟེ་ཨང་གྲངས་སྟར་པ་གཅིག་ཚགས་སྒྲ་དང་བཅས་བྲིས་རྗེས་ཡར་ལངས་ནས་བསོད་ནམས་དབང་མོའི་ཕྱོགས་སུ་བསྐྱོད།

        "རྨོ་བོ་ལགས། ཁྱེད་རང་གཟིགས་དང་། ད་ལྟ་ང་འདིར་བྲེལ་བས་མགོ་ལ་མེ་ཤོར་ཡང་གསོད་ཁོམ་མེད་པ་ཁྱེད་རང་གིས་མཁྱེན་གསལ་རེད།  ང་ད་ལྟ་གཞུང་དོན་གལ་ཆེན་འགའ་ཤས་འགྲུབ་དགོས་ཡོད་པས་དུས་ཁོམ་གཏན་ནས་མེད། ཡཱ། དེ་འདྲ་གནང་དང་། ངས་འདིར་དམངས་སྲིད་ལས་དོན་གྱི་གཙོ་འགན་བཞེས་མཁན་ཤང་ཀྲང་སྐུ་གཞོན་ཚེ་?ར་ལགས་ཀྱི་ཞལ་པར་ཨང་གྲངས་ཤིག་བྲིས་ཡོད། ཁྱེད་རང་གིས་ཁོང་ལ་ཞལ་པར་ཕུལ་ཤོག"

        བདེ་སྐྱིད་སྒྲོལ་མས་ལག་གཅིག་གིས་ཨང་གྲངས་སྟར་གཅིག་བྲིས་ཡོད་པའི་ཤོག་བུ་དེ་རྨོ་བོའི་སྦར་མོའི་ནང་བཞག་པ་དང་ལག་གཅིག་ཤོས་ཀྱིས་རྨོ་བོའི་ལྟག་རྒྱབ་ཀྱི་སྒོ་དེ་ཕྱེ།  ཡི་གེ་ཀ་བོང་བུའི་མགོ་ཙམ་མི་ཤེས་པའི་རྨོ་བོས་ཨང་གྲངས་མགོ་མཇུག་ལྡོག་སྟེ་འཛིན་ནས་ལྟ་ཞིང་། སྤྱན་ལྤགས་གསེབ་ཏུ་འོད་འཚེར་བའི་གཤེར་གཟུགས་ཤིག་གིས་ཁེངས་ཏེ། ཧ་ལམ་འདྲེན་བྱེད་ཀྱི་མཐའ་ནས་ལུད་ལ་ཁད། འོན་ཀྱང་བདེ་སྐྱིད་སྒྲོལ་མས་སྒོ་ཕྱེ་ནས་སྒུག་ཡོད་པས། རྨོ་བོ་བསོད་ནམས་དབང་མོ་འཐེང་ཙམ་གྱོལ་ཙམ་ངང་དེ་ལས་མ་བྲལ་ཀ་མེད་བྱུང་། 

        "བརྫང"རྨོ་བོ་ཕྱིར་ཐོན་མ་ཐག་རྒྱབ་ནས་སྒོ་བརྒྱབ་པའི་སྒྲ་ཞིག་གྲགས་པས། རྩིག་ཟུར་གྱི་པགས་བྱིའུ་འདྲ་བའི་ཉམ་ཆུང་སྲོག་ཆགས་ཤིག་ཧད་དེ་འདྲོགས་ནས་ཕ་ལ་ལ་ཞེས་ནམ་མཁར་འཕུར།

        བདེ་སྐྱིད་སྒྲོལ་མས་སྒོ་དམ་དུ་མནན་རྗེས། སླར་གློག་ཀླད་འགྲམ་དུ་བསྡད།  མོས་ཡིག་འབྲུ་ཐར་ཐོར་ལས་ཕབ་ཐུབ་མེད་པའི་བརྙན་ཤེལ་ལ་ཅེར་ནའང་མིག་ལམ་དུ་འཆར་བ་ནི་རྨོ་བོ་བསོད་ནམས་དབང་མོས་བཤད་པའི་གྱང་རལ་ཁང་ཧྲུལ་སྟེང་གི་སེར་ག་དེ་ལས་མ་འདས། གློ་བུར་རིག་པ་ཐོལ་གྱིས་སྐྱེས་ཏེ་མིག་ཀྱང་ཆེ་རུ་སོང་། གླེན་མ་ང་ཨང་། དེ་ནི་བོང་བུ་བཞོན་ནས་བོང་བུ་འཚོལ་བའི་དཔེ་རང་མ་རེད་པས། མོས་དེ་ལྟར་ཆིག་ལབ་བྱེད་ཞོར་གློག་ཀླད་བཞག་སའི་ཅོག་ཙེ་དེ་མྱུར་དུ་ཚུར་འཐེན་ནས་མཛུབ་མོ་རྣམས་བཀོལ་བས། མཛུབ་མོ་རྣམས་ནི་བྲོ་པ་ཁྱུ་གཅིག་ལྟར་མཐེབ་གཞོང་གི་གར་སྟེགས་སུ་ཐག་སྒྲ་ལྡན་པའི་ཟློས་གར་འཁྲུག་པོ་ཞིག་བར་མེད་དུ་འཁྲབ།

དེ་ལྟར་འདོན་ཐེངས་བཞི་པའི་གནད་ཞུ་དེ་བྲིས་ཐེངས་གཅིག་ལ་ལེགས་སུ་གྲུབ་པ་སྟེ།

        "རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཡང་དག་དབུ་ཁྲིད་འོག མི་དམངས་ལ་དངོས་དོན་བསྒྲུབ་པ་དང་མི་དམངས་ལ་བྱ་བཟང་བསྒྲུབ་པའི་དགོངས་དོན་གཞིར་བཟུང་སྟེ། ངེད་ཤང་གི་དབུ་ཁྲིད་དཔུང་ཁག་གིས་སྣེ་ཁྲིད་འོག ཤང་ལས་བྱེད་ཡོངས་ཀྱིས་ཧུར་བརྩོན་ཆེན་པོས་མང་ཚོགས་ཀྱི་ཉེན་ཡོད་སྡོད་ཁང་ཉམས་བཟོ་དང་གསར་སྐྲུན་གྱི་ལས་ཀར་ཞུགས་ཏེ། རོགས་དངུལ་དང་དངོས་ཟོག་ཞལ་འདེབས།  དེ་བཞིན་ནུས་ཤུགས་མཁོ་འདོན་སོགས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས། ཉེན་ཁ་ཡོད་པའི་སྡོད་ཁང་དུད་ཁྱིམ་དང་དཀའ་ངལ་ཡོད་པའི་དུད་ཁྱིམ་ལ་སྡོད་ཁང་བཟོ་བཅོས་དང་། སྡོད་ཁང་གསར་སྐྲུན་གྱི་ལས་ཀ་རབ་དང་རིམ་པས་སྤེལ་བ་རེད།  སྤྱི་ཟླ་12པའི་ཚེས་5ཉིན།  བདེ་སྐྱིད་ཤང་གི་ཤང་ཀྲང་མིག་དམར་ནས་གཙོས་པའི་ལས་དོན་ཚོགས་ཆུང་གིས་འཚམས་འདྲིའི་དངུལ་ཟོག་མང་དུ་བསྣམས་ཏེ། ཤང་ལས་བྱེད་པས་རོགས་སྐྲུན་གནང་བའི་སྡོད་ཁང་གསར་པའི་ནང་སྤོས་ཟིན་པའི་གྲོང་མི་བསོད་ནམས་དབང་མོར་འཚམས་འདྲིར་བཅར་ཞིང་། ཤང་ཀྲང་མིག་དམར་ལགས་ཀྱིས་རྒད་མོ་བསོད་ནམས་དབང་མོའི་ཕྱག་ནས་བཟུང་སྟེ། ཕན་ཚུན་ཞེ་ཐག་པའི་སྙིང་གཏམ་གསུངས་རེས་གནང་བ་དང་། བགྲེས་སོང་གི་གཟུགས་གཞི་བདེ་ཐང་ཐད་དོ་ཁུར་ཆེན་པོས་ཁམས་འདྲི་གནང་བར། བགྲེས་སྲོང་བསོད་ནམས་དབང་མོས་སེམས་འགུལ་ཆེན་པོས་ཤང་ཀྲང་མིག་དམར་གྱི་ཕྱག་ནས་དམ་པོར་བཟུང་ཞིང་། སྤྱན་ཆབ་ལྷུང་ལྷུང་ངང་གསུངས་དོན། ཏང་གི་སྲིད་ཇུས་བཟང་ལ་ཏང་གི་བུ་ཕྲུག་ཡག་པ……"

        འབྲི་མཚམས་འདིར་སླེབས་དུས་བདེ་སྐྱིད་སྒྲོལ་མའི་བསམ་པར་དོགས་མི་བདེ་བའི་ཐེ་ཚོམ་ཅུང་བྱུང་བ་སྟེ།  དོན་འདི་བདེན་མིན་གྱི་ཞིབ་དཔྱད་བྱེད་མཁན་རང་ནི་ཨེ་ཡོང་། ཧོ། སྤྱིར་བཏང་ནས་ཡོང་མི་སྲིད། སུ་ཞིག་ལ་ནན་ཏན་དེ་འདྲ་བྱེད་པའི་ཁོམ་པ་ཡོད་དམ། གོང་རིམ་ནས་གཤམ་སྤེལ་གནང་པའི་གནད་ཞུའི་ཡིག་ཆར་ཡང་་ང་ཚོས་སྤྱིར་བཏང་ནས་མི་ལྟ་བ་མིན་ནམ། མ་ཟད་ལྟ་ཁོམ་ཡང་ག་ལ་ཡོད། ཅི་སྟེ་བལྟས་པའི་དབང་དུ་བཏང་ནའང་། དེ་ཚོ་ནི་གཞས་བརྒྱ་དབྱངས་གཅིག་དང་རྩོམ་བརྒྱ་དོན་གཅིག་རང་ལས་མ་འདས་པས། སྐྱེ་བོ་སུ་ཞིག་གི་ཀླད་པར་ཆུ་འཛུལ་ཏེ་ཡིག་ཆ་དེ་རིགས་བལྟ་བའི་ཞེན་ཁ་ཞིག་སྐྱེས་སམ།  ཁ་སྔོན་ངེད་ཤང་གི་ཟླ་རེའི་ཕྱོགས་བསྡོམས་དེའང་དྲ་ཐོག་ནས་ཕབ་སྟེ་ཚན་པ་དང་ཚེས་གྲངས་སོགས་མངོན་གསལ་ཆེ་ས་རྣམས་བཟོ་བཅོས་ཅུང་ཟད་ཙམ་བྱས་ནས་ཚ་གི་ཚི་གིའི་ངང་གོང་འབུལ་བྱས་པ་མ་ཡིན་ནམ། གོང་འབུལ་ཞུས་ཟིན་རྗེས་གཞི་ནས་ཕྱོགས་བསྡོམས་ནང"བདེ་སྐྱིད་ཤང་གི་མཚོ་ལས་ཐོན་ཁུངས་ཕྱི་རྒྱལ་ལ་ཚོང་འདྲེན་བྱེད་ཀྱིན་ཡོད"ཅེས་པའི་ཁུངས་མེད་ལུང་མེད་ཀྱི་ཐལ་ཆེ་བའི་སྐད་ཆ་ཐོན་ཡོད་ལ།"སྤྱི་དངུལ་སྒེར་སྤྱོད་བྱེད་མི་ཆོག"ཅེས་པའི་ཡི་གེ"མི"དེ་འབྲི་རྒྱུ་ལུས་པ་སོགས་སྐྱོན་མང་ཐོན་མྱོང་ནའང་། དེ་ཚོ་ད་བར་སུས་རྩད་གཅོད་དང་ཐེར་འདོན་བྱེད་མྱོང་ངམ། ང་ཚོ་ཤང་རིམ་ཚན་པས་གྲོང་ཚོ་ཁག་ནས་ཕུལ་བའི་ཡིག་ཆར་ཐག་གཅོད་ཇི་ལྟར་བྱེད་པ་ཇི་བཞིན། གོང་རིམ་གྱི་དྲུང་ཡིག་ཚོས་ཀྱང་ང་ཚོས་གོང་ཕུལ་ཞུས་པའིཟླ་དུས་ཕྱོགས་བསྡོམསདངགནད་ཞུརྣམས་འབྱོར་ཐོ་འགོད་ཙམ་བྱས་ཚར་བ་ན། ཟོག་རོ་སྤུངས་པ་ལྟར་ཚང་མ་གཅིག་དུ་བརྩེགས་ནས་ཤོག་བུའི་ཕོན་ལྕོག་ཏུ་བྱེད་ཅིང་། ལོ་མཇུག་སླེབས་དུས་སྡེབ་བསྲེག་བྱས་ནས་རྩ་མེད་དུ་གཏོང་གིན་ཡོད་པ་ཁོ་ཐག་རེད།  ཡིག་ཆ་གོང་འབུལ་ཞུ་གོང་དུ། ང་ཚོའི་ཤང་གི་ཉུའུ་ཧྲུའུ་ཅིས་ནི་སྤྱིར་བཏང་ནས་ཞིབ་གཟིགས་མི་གནང་བར། སྤྱན་ཤེལ་དེ་སྣ་མཚུལ་སྟེང་ཐོགས་ནས་དཔོན་ཉམས་དོད་པོས"འོ་ཡག་འོ་ཡག་འོ་ཡག"ཅེས་གསུངས་ཤིང་།  ས་ཡིག་རྒྱག་རྐྱང་གནང་གིན་ཡོད། ད་གཡུགས་ཞོག  བསམ་བློ་མང་པོ་དེ་འདྲ་བཏང་བའི་དགོས་པ་མིན་འདུག་ལ་གཏོང་ཁོམ་ཡང་མིན་འདུག དབུ་ཁྲིད་ཚོ་ནི་གྲངས་འབོར་ཆེ་ཆུང་གི་ངོ་སོའི་ཆེད་དང་། ང་ཚོ་ནི་ལས་འགན་ཁྲལ་འཁྱོལ་ཐུབ་པའི་ཆེད་དུ་ཡིན།  མ་གཞི་ནས་ཤང་བཅུ་གྲངས་ཀྱིས་ཕུལ་བའི་ཡིག་ཆ་ཆོ་མེད་དེ་ཚོ་རེ་རེ་བཞིན་ཞིབ་བལྟ་བྱེད་འདོད་པའི་མི་ལས་མེད་ཅིག་ནི་ག་ལ་ཡོད་སྲིད། ད་ལྟ་ད་དུངཤང་ཀྲང་མིག་དམར་གྱི་སྔོན་ཐོན་མཛད་རྗེསདང་ཁྲིམས་ལུགས་དྲིལ་བསྒྲགས་ཕྱོགས་སྡོམ》《ཀུན་སྤྱོད་འཆད་ཁྲིད་ཀྱི་དུས་མཚམས་ཕྱོགས་སྡོམ》《དཔལ་ཡོན་ལྡན་པའི་ཤང་གི་རང་དཔྱད་སྙན་ཞུསོགས་ཡིག་ཆ་ཤིན་ཏུ་མང་པོ་ཞིག་གསབ་འབྲི་བྱེད་དགོས་པས། བསམ་བློ་རྙོག་འཛིང་དེ་འདྲ་མ་བཏང་བར་གང་མྱུར་མཇུག་བསྡུས་ན་དགའ།

        མོས་དེ་ལྟར་བསམས་ཤིངའདོན་ཐེངས་བཞི་པའི་གནད་ཞུདེ་རྟབ་རྟབ་ཏུ་མཇུག་བསྡུས་རྗེས་ཙིག་རྟགས་བཀོལ་ནས་ཤོག་ཐོག་ཏུ་དཔར།


        དེ་ནས་གཟའ་འཁོར་གཅིག་ཙམ་འདས་པའི་ཉིན་ཞིག ཉུའུ་ཧྲུའུ་ཅིས་བདེ་སྐྱིད་སྒྲོལ་མར་འདོན་ཐེངས་བཞི་པའི་གནད་ཞུདེ་འཁྱེར་ཏེ་ཁོང་གི་གཞུང་དོན་ཁང་དུ་ཡོང་དགོས་པའི་བཀའ་བཏང་།

        བདེ་སྐྱིད་སྒྲོལ་མས་བཀའ་བཞིན་ཁོང་གི་གཞུང་དོན་ཁང་དུ་བཅར། ཡར་འཛུལ་བས་ཉུའུ་ཧྲུའུ་ཅི་ལགས་ལས་ཅོག་གི་མདུན་དུ་ཚགས་པར་ཞིག་གཟིགས་ནས་བཞུགས་ཤིང་། མོ་ཡར་འཛུལ་ཡོང་བ་རིག་པས། མདུན་གྱི་མགྲོན་བཞུགས་འབོལ་གདན་ཕྱོགས་ལ་མཆུ་ཏོ་རྨྱང་ཙམ་རྨྱང་ཙམ་གནང་སྟེ་མོ་དེར་འདུག་རྒྱུའི་བརྡ་བྱས། བདེ་སྐྱིད་སྒྲོལ་མ་མར་བསྡད་པ་དང་ཧྲུའུ་ཅིས་ཕྱག་གཡས་ཀྱི་ཚགས་པར་དེ་མར་བཞག་ཅིང་། ཕྱག་གཡོན་གྱི་ཐ་མག་དེ་ཐལ་རྡུལ་བླུག་སྣོད་ནང་གནོན་བཙིར་བྱས་ནས་མེ་བསད། དེ་ནས་ཤངས་གཤོག་སྟེང་འགེར་བའི་སྤྱན་ཤེལ་དེ་མར་དཀྲོལ་ནས་གསུངས་དོན"རྗོང་དྲིལ་བསྒྲགས་པུའུ་ནས་ད་གིན་ཁ་པར་ཞིག་འབྱོར་བར། ངེད་ཤང་གིགནད་ཞུདེ་གྲོང་ཁྱེར་བརྙན་འཕྲིན་ལས་ཁུངས་ཀྱིས་གཟིགས་ནས་དེར་དཔེ་མཚོན་གྱི་རང་བཞིན་ཆེན་པོ་ལྡན་པས་བརྙན་འཕྲིན་ལས་ཁུངས་ཕྱོགས་ནས་གྲོང་ཁྱེར་ཁྱོན་ཡོངས་ཀྱི་ཁྱབ་ཁོངས་ནང་རྒྱ་ཁྱབ་ཏུ་གཏོང་འདོད་ཡོད་ལུགས་གསུངས་ཀྱི་འདུག  ཧ་ལམ་གནངས་གཞེས་ཙམ་དུ་ངེད་ཤང་ལ་བཅར་འདྲིའི་བརྙན་ལེན་གནང་བར་ཕེབས……"ཧྲུའུ་ཅིའི་བཀའ་མོལ་དེ་གོ་བས། བདེ་སྐྱིད་སྒྲོལ་མའི་སྙིང་དེ་ལྡིག་སྒྲ་དང་བཅས་ཤུགས་ཀྱིས་འཕག་ཙམ་བྱས།

        "ཁྱོད་ཀྱིས་ཅི་ཞིག་བྲིས་ཡོད་དམ"ཉུའུ་ཧྲུའུ་ཅིས་ཕྱག་མོའི་ཕྱོགས་རྨྱང་ཡོང་།

        བདེ་སྐྱིད་སྒྲོལ་མསའདོན་ཐེངས་བཞི་པའི་གནད་ཞུདེ་ལག་གཉིས་ཀྱིས་ཉུའུ་ཧྲུའུ་ཅིར་ཕུལ།

        ཉུའུ་ཧྲུའུ་ཅིས་ཅོག་སྟེང་ལས་སྤྱན་ཤེལ་དེ་ཡར་བཞེས་ཏེ་ཤངས་མཚུལ་སྒང་དུ་བཏགས་པ་དང་། འདོན་ཐེངས་བཞི་པའི་གནད་ཞུདེ་ཕྱག་གཡོན་དུ་ཅུང་རྒྱང་རིང་ཙམ་གྱིས་བསྣམས་ནས་གཟིགས།  འབོལ་གདན་སྟེང་གི་བདེ་སྐྱིད་སྒྲོལ་མ་ནི་མགོ་ཅུང་དུད་དེ་མིག་ཟུང་ཀེམ་ཀེམ་ངང་རྐང་འོག་གི་ས་གདན་སྔོ་ཁྲ་དེར་ལྟ་ཞིང་། ལག་གཅིག་གིས་ཅིག་ཤོས་དོན་མེད་དུ་ཕུར་ནས་དོགས་མི་བདེ་བའི་རྣམ་པ་ཅུང་ཟད་མངོན། གྲོང་ཁྱེར་ཆེན་པོའི་བརྙན་འཕྲིན་ལས་ཁུངས་ཤིག་གིས་ལུང་ཁུག་ཆུང་ཆུང་ཙམ་ཞིག་གི་གནད་ཞུའི་ནང་དོན་ནི་ཇི་ལྟར་ཤེས་པ་ཡིན་ནམ། ད་ཟེར་དུས་ཆོ་མེད་ཀྱི་ཡིག་ཆ་ལའང་དོ་ཁུར་བྱེད་མཁན་གྱི་མི་ལས་མེད་དེ་འདྲ་དངོས་གནས་ཡོད་པ་འདྲ།  ད་ཉུའུ་ཧྲུའུ་ཅིས་ཡིག་ཆ་གཟིགས་རྗེས་རྣམ་འགྱུར་ཇི་འདྲ་བ་ཞིག་བསྟན་ཡོང་ངམ། གལ་ཏེ་བརྙན་འཕྲིན་ལས་ཁུངས་ནས་བཅར་འདྲི་བྱེད་པར་དངོས་གནས་མི་མངག་ཡོང་ཚེ་ཇི་ལྟར་ཁ་གཏད་འཇལ་དགོས་སམ། མོས་དེ་ལྟར་བསམ་ཞིང་བསམ་ཞིང་སེམས་དེ་བས་བློང་བློང་པོར་གྱུར།

        ཉུའུ་ཧྲུའུ་ཅིསགནད་ཞུགཟིགས་ཚར་རྗེས་ཅོག་སྟེང་དུ་བཞག་པ་དང་། སྣ་མཚུལ་ལས་སྤྱན་ཤེལ་དེ་མར་དཀྲོལ་ཏེ་ལྟེབས་བརྩེགས་བརྒྱབ་ནས་ཕྱག་ཏུ་བསྣམས་ཤིང་། སྣ་ཁུང་ལས་དབུགས་རིང་ཞིག་འཕྱུང་ཞོར"ཁྱོད་ཀྱིས་རྫུན་ཞུ་བྱེད་ག་ལ་རུང་ཨང"ཞེས་གསུངས། 

        མ་གཞི་བཀའ་མོལ་དེ་གསུང་སྐབས་ཧྲུའུ་ཅིའི་སྤྱན་དེ་མོར་གཟིགས་ཙམ་མ་གཏོགས་གནང་མེད་རུང་།  མོ་ནི་གནོང་འགྱོད་དང་འཚེར་སྣང་གིས་མ་བཟོད་པར་ལྕེ་ཡང་དལ་གྱིས་བསྣར་ཡོང་།

        ཧྲུའུ་ཅིས་མིག་གདངས་ཅོག་སྟེང་དུ་འཕངས་ནས་མནོ་བསམ་ཡུད་ཙམ་བཞེས་རྗེས། ཕྱག་ཏུ་ཐོགས་པའི་སྤྱན་ཤེལ་དེ་གཡུག་གཡུག་གནང་གིན"ཡིན་ནའང་ཅི་སྐྱོན། ཇ་ལྡུར་སྤགས་ལ་འགྱུར་ན་དེ་ལས་ཡག་པ་ཅི་ཡོད། བརྙན་འཕྲིན་ལས་ཁུངས་ཀྱིས་དྲིལ་བསྒྲགས་བྱེད་པའི་གོ་སྐབས་དེ་འདྲ་ནི་བཙལ་ནས་རྙེད་དཀའ་བ་མ་ཡིན་ནམ། ངའི་གོ་ཐོས་སུ་བརྙན་འཕྲིན་ལས་ཁུངས་ལ་ཚན་པ་ག་གེ་མོ་ཞིག་གིས་རང་གི་བྱས་རྗེས་སྒྲོག་སྤེལ་གནང་རྒྱུའི་སྐྱབས་འཇུག་ཞུ་དགོས་ཚེ། ལེ་ཚན་འཁྲབ་ཁྲིད་པ་དང་འབྲེལ་ཡོད་དབུ་ཁྲིད་རྣམས་ལ་གསོལ་ཚིགས་ཀྱི་མགྲོན་ཞུ་དང་འབུལ་ཚན་རྒྱག་དགོས་ཟེར་བ་ཐོས་མྱོང་། ཅི་སྟེ་དེ་ལྟ་བ་བྱས་ནའང་དུས་ཐོག་ཏུ་སྒྲོག་སྤེལ་གཏོང་བ་ནི་ཆ་མ་མཆིས་པ་ཞིག་ཡིན་སྐད། འོན་ཀྱང་ད་ཐེངས་སྟབས་ཡག་ནས་ལྟས་ངན་གཡང་ཁུག རྐྱེན་ངན་གྲོགས་ཤར་ཟེར་བའི་དཔེ་བཞིན་ཁོ་རང་ཚོ་སོ་སོས་ངེད་བཙལ་བར་བཅར། དེ་ནི་དངོས་གནས་ཁ་བརྡབ་ས་ལས་གསེར་རྙེད་པ་རང་རེད། དེས་ན་ངེད་ཚོས་ཀྱང་སྦོ་ཆུ་ལ་སྦང་མ་དགོས་པར། རྐྱལ་ཉ་འདྲ་བ་ཞིག་རྒྱག་པའི་དཔེ་བཞིན་ད་ཐེངས་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱག་ལས་ལ་ཁྱོན་ཡོངས་ནས་གཞོགས་འདེགས་བྱས་ཏེ་ངེད་བདེ་སྐྱིད་ཤང་དེ་དྲིལ་བསྒྲགས་དང་བརྡ་ཁྱབ་ཡག་ཐག་གཅོད་ཅིག་བྱེད་དོ"ཞེས་གསུངས།

        ཧྲུའུ་ཅིའི་བཀའ་མོལ་དེ་ཐོས་པས། བདེ་སྐྱིད་སྒྲོལ་མའི་སེམས་ནང་གི་?ག་ཁྲེས་དེ་ད་གཟོད་གཞི་ནས་མར་ལྷུང་ཞིང་། ད་གིན་དངངས་ནས་དམ་དུ་འཁུམས་པའི་ལུས་རྩ་དག་ཀྱང་ཇེ་ལྷུག་དུ་སོང་།

        "དེ་རེད་མོད། ཧྲུའུ་ཅི་ལགས། འོན་ཏང་ང་ཚོས་མང་ཚོགས་ཀྱི་ཉེན་ཡོད་སྡོད་ཁང་དང་དཀའ་ངལ་ཡོད་པའི་དུད་ཁྱིམ་ལ་སྡོད་ཁང་བཟོ་བཅོས་དང་། སྡོད་ཁང་གསར་སྐྲུན་གྱི་ལས་ཀ་རྩ་བ་ནས་སྤེལ་མ་མྱོང་ལ། རྨོ་བོ་བསོད་ནམས་དབང་མོར་འཚོ་བའི་ལྟ་རྟོག་ནི་དེ་བས་བྱེད་མ་མྱོང་བས……"

        "རེད་ཡཱ། ད་དེའི་ཐད་ངེད་ཚོས་ངེས་པར་ཐབས་ཤེས་འཐུས་ཚང་འཛོལ་མེད་ཅིག་བཏང་སྟེ་གྲ་སྒྲིག་ཨང་གསར་བྱ་དགོས"ཧྲུའུ་ཅིས་སྐུ་སྟོད་རྐུབ་སྟེགས་ཀྱི་རྒྱབ་བསྙེས་ལ་ཕར་བསྙེས་ནས་སྨིན་མ་བསྡུས་ཏེ་གསུངས་དོན།"ད་དུས་ཚོད་ཀྱང་ཅུང་ཛ་དྲག་པས། དེ་རིང་ཉིན་གུང་ང་ཚོ་མ་ལོག་པར་དོན་འདིར་ཞིབ་འཇུག་ནན་ཏན་ཞིག་བྱས་ཏེ་ལྷད་སྐྱོན་སྤུ་ཙམ་མ་ལྡན་པའི་ཇུས་གཞི་བཙན་པོ་ཞིག་བཏིང་ནས། སྔོན་ལ་བརྙན་འཕྲིན་ལས་ཁུངས་ཀྱི་བཅར་འདྲིར་ཁ་གཏད་བྱེད་དོ། དེ་ནས་གནད་ཞུའི་ནང་དོན་ཐད་ལ་རྗེས་སུ་གསང་རྒྱ་སྡོམ་རྒྱུའི་ལས་ཀ་དང་འགལ་བའི་ཆར་གསབ་སྐྱོབ་ཀྱི་ལས་ཀ་མུ་མཐུད་སྤེལ་དགོས"བདེ་སྐྱིད་སྒྲོལ་མས་ཧྲུའུ་ཅིའི་བཞིན་ལ་སེམས་འགུལ་ཆེན་པོས་ལྟ་ཞིང་། དེའི་སྐབས་ཀྱི་ཉུའུ་ཧུའུ་ཅི་ལགས་ནི། བཞིན་ཤ་དཀར་ལ་དབུ་ཐོད་ཡངས་ཤིང་། གཉེར་མའི་ཤུར་ཉག་ཀྱང་ཇེ་ཉུང་དུ་སོང་བར་སྣང་ལ། གྲལ་སྟར་འགྲིག་པོས་ལྟག་རྒྱབ་ཏུ་ཤད་པའི་དབུ་རྩེའི་སྐྲ་ཉག་ཐར་ཐོར་གྱི་གསེབ་ནས་དམར་མདངས་ལྡན་པའི་དབུ་ལྤགས་ཡང་མངོན།

        དེ་ཉིན་གྱི་གུང་ཟས་ཟོས་རྗེས། ཉུའུ་ཧྲུའུ་ཅི་དང་ཤང་ཀྲང་གཞོན་པ་ཚེ་?ར། བདེ་སྐྱིད་སྒྲོལ་མ་བཅས་མི་གསུམ་ཧྲུའུ་ཅིའི་ལས་ཤག་ཏུ་འདུས་ནས། སྐབས་འགར་བྲེལ་བྲེལའ་ཚུབ་འཚུབ་ཀྱིས་ཡིག་ཆ་སྣ་ཚོགས་སྔོག་ལྟ་བྱེད་པ་དང་། ཡང་སྐབས་འགར་ཨོག་བྱིལ་བྱེད་ཅིང་ཕར་འགྲོ་ཚུར་འོང་གིས་འདང་རྒྱག་པ། སྐབས་འགར་བོང་བུས་སྦྲང་མ་མཐོང་བ་ལྟར་མིག་བཙུམ་ཙམ་ཡང་མི་བྱེད་པར་མནོ་བསམ་གྱི་དབྱིངས་སུ་ཚུད་པ། སྐབས་འགར་ཧད་དེ་མིག་ཆེ་བར་གདངས་ནས་རྟོག་པ་ཧོབ་ཐོབ་ཀྱི་ཉམས་ཤིག་སྟོན་པ་དང་། དེ་མུར་བསྲེགས་བཅད་བརྡར་གསུམ་གྱི་སྒོ་ནས་ཕན་ཚུན་རྩོད་གླེང་དྲག་པོ་བྱེད། སྐབས་འགར་ཐབས་ཇུས་ལྷད་མེད་འཛོལ་བྲལ་ཞིག་རྙེད་པར་ཁོ་ཚོའི་ཞལ་ངོར་ཡིད་རངས་པའི་ཉམས་དབང་མེད་དུ་མངོན་པ་ནི་ལྐུག་པར་འགྲོན་བུ་རྙེད་པའམ་བྱིས་ཕྲུག་ལ་བུ་རམ་ཐོབ་པའི་དགའ་ཉམས་དང་གཉིས་སུ་མ་མཆིས།

          དེ་ལྟར་ཞིབ་འཇུག་དང་གྲོས་སྡུར་ཉིན་ཕྱེད་ཙམ་བྱས་པ་བརྒྱུད། ཁོ་ཚོ་གསུམ་པོས་བརྙན་འཕྲིན་བཅར་འདྲིར་ཁ་གཏད་འཇལ་ཐབས་ཀྱི་ཇུས་གཞི་འཐུས་ཚང་ཞིག་བཏིངས། དེ་རྗེས་ཀྱི་ལས་འགན་ནི་ཇུས་གཞིའི་གྲོས་དོན་ལྟར་སྔོན་འགྲོའི་སྟ་གོན་དང་གྲབས་གཤོམ་ལག་བསྟར་བྱ་རྒྱུ་དེ་ཡིན།

        རྒྱང་དུ་གནས་པའི་ཤར་གྱི་རི་རྒྱུད་ནག་མོག་མོག་ཚོའི་ཕྲག་སྟེང་ནས་རྟ་བདུན་དབང་པོ་དལ་གྱིས་འཆར། སེར་ལྷམ་ལྷམ་གྱི་ཉི་འོད་དེས་དགུན་ཁའི་རྩྭ་ཐང་ལ་གསེར་ཆུ་ཞིག་བྱུགས།  ལྷོ་རི་དང་རྩྭ་ཐང་དབར་གྱི་སྣུམ་ནག་གཞུང་ལམ་རིང་མོ་དེ། གཡུ་འབྲུག་ཉལ་མ་ཞིག་ལྟར་རྒྱང་རིང་གི་གྲོང་ཁྱེར་ཕྱོགས་སུ་བསྲིངས་ཤིང་། མཚམས་མཚམས་སུ་རླངས་འཁོར་རེ་གཉིས་ཧུར་སྒྲ་དང་བཅས་འཕུར་བ་ལྟར་དེ་ནས་བརྒྱུད་འགྲོ།  གཞུང་ལམ་དེའི་བྱང་ངོས་སུ། ?་རྒྱུའམ་ཨར་འདམ་དང་ལྕགས་ཧྲེང་གི་་རྒྱུ་ལས་གྲུབ་པའི་བོད་བཟོའི་བ་གམ་ཅན་སྟར་དུ་སྒྲིག་ཅིང་། ཞོགས་པའི་ཉི་ཟེར་དྲོན་མོ་དེ་གྲལ་སྟར་འགྲིག་ལ་ལྟ་ན་སྡུག་པའི་སྡོད་ཁང་ཁ་ལྷོ་ལྟ་དེ་ཚོར་འཕྲོས་པས་དེ་བས་བཀྲག་མདངས་དང་ལྡན་ལ། དེ་ཚོའི་གྲིབ་སོ་རིང་མོ་དེས་ལྟག་རྒྱབ་ཏུ་གནས་པའི་ས་ཕག་གི་ཁང་ལེབ་ཧྲལ་ཧྲུལ་མདོག་ཉེས་དེ་ཚོ་ཡོངས་སུ་བཀབ། གལ་ཏེ་རླངས་འཁོར་ནང་བསྡད་དེ་དེ་ནས་མྱུར་བརྒྱུད་བྱས་ཚེ། མི་རྣམས་ཀྱིས་ལམ་ཟུར་དུ་འགྲེང་བའི་ཉི་འོད་འོག་གི་བ་གམ་ཅན་འཇོ་སྒེག་དེ་ཚོ་རིག་པ་ལས། བ་གམ་ཅན་རྒྱབ་ཀྱི་ཁང་ཧྲུལ་ལེབ་མོ་དེ་ཚོར་དོ་སྣང་ཅི་ནས་ཡོང་སྲིད། 

        ཁང་པ་སྟར་དུ་སྒྲིག་པའི་ས་ཆ་འདི་ནི་གྲོང་ཚོ་གསུམ་པའི་ཡུལ་མི་ཨུ་ཡོན་ལྷན་ཁང་གནས་ཡུལ་ཡིན་ཞིང་། དེ་དང་ལྷོ་རིའི་འདབས་སུ་གནས་པའི་བདེ་སྐྱིད་ཤང་སྲིད་གཞུང་གི་དབར་ལ་གཞུང་ལམ་དེ་ལས་མ་ཆོད། ཤང་ཀྲང་གཞོན་པ་ཚེ་?ར་དང་བདེ་སྐྱིད་སྒྲོལ་མ་གཉིས་བྱ་སྤུའི་ལྭ་རིང་དང་ཁ་དཀྲིས། དེ་བཞིན་སྤུན་མདོག་ཞྭ་མོ་སོགས་ཀྱིས་ལུས་ཡོངས་བཏུམས་ཤིང་། ལག་ཏུ་ཡིག་ཆའི་སྣོད་ཁུག་རེ་ཁྱེར་ཏེ་གཞུང་ལམ་འཕྲེད་བཅད་བྱས་ནས་གྲོང་ཚོ་གསུམ་པའི་ཨུ་ལྷན་སྒོ་རྭར་འཛུལ། ཁོ་གཉིས་རྒྱ་སྒོ་ནས་འཛུལ་འཕྲལ།  གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་འབྲུག་གྲགས་ཀྱིས་གྲུམ་ནད་ཕོག་སྟེ་གཞུ་ལྟར་གུག་པའི་ཞབས་གཉིས་འཐེང་ཙམ་གྱོལ་ཙམ་བྱེད་ཀྱིན་མར་ཐོན་ཞིང་། མ་མཇལ་ཙམ་ནས་ཕྱག་རྨྱང་ཡོང་སྟེ་ཁོ་གཉིས་ལ་དགའ་བསུ་བྱས། ཁོ་ཚོ་ངོ་འཕྲད་ནས་ལག་གཏོང་རེས་བྱས་རྗེས་འབྲུག་གྲགས་ཀྱིས་ཁོ་གཉིས་ཁྱམས་རྭའི་ནང་གདན་ཞུ་གནང་། ཁོ་ཚོ་ཤེལ་གྱིས་ཡོངས་སུ་བཏུམས་པའི་གཡབ་སྟེང་གི་ཉི་ཁྱམས་དྲོ་སོབ་སོབ་དེའི་ནང་བསྡད་ཅིང་ཁ་དཀྲིས་དང་ལག་ཤུབས་མར་ཕུད། ལས་ཀར་གསར་ཞུགས་བྱས་མ་ཐག་པའི་གྲོང་དཔོན་བུ་མོ་གཞོན་ནུ་མ་དེས་གུས་གུས་ཞུམ་ཞུམ་ངང་ལག་གཉིས་ཀྱིས་ཁོ་ཚོར་གསོལ་ཇ་བཀྱག ཕན་ཚུན་ཁམས་བདེའི་འཚམས་འདྲི་ཅུང་ཟད་་བྱས་རྗེས། ཚེ་?ར་གྱིས་ད་ཐེངས་ཀྱི་ཡོང་དོན་རོབ་ཙམ་བཤད་ཅིང་། ཀྲེ་པུའུ་ཧྲའུ་ཅི་འབྲུག་གྲགས་ལ་དོན་དག་འགའ་བཀའ་འདྲི་ཞུས།

        "ཁྱོད་རང་ཚོའི་གྲོང་ཚོའི་བསོད་ནམས……ཨེན……"མ་གཞི་བྱས་ན་ཚེ་?ར་གྱིས་འབྲུག་གྲགས་ལ་སྐད་ཆ་ཞིག་འདྲི་དགོས་བསམ་མོད་མིའི་མིང་དེ་བརྗེད་པའམ་ནོར་དུ་དོགས་ནས། ཁ་ཚུར་བསྐོར་ཏེ་བདེ་སྐྱིད་སྒྲོལ་མར་བལྟ་ཙམ་བྱས་པས། བདེ་སྐྱིད་སྒྲོལ་མས་དེ་མུར"བསོད་ནམས་ལྷ་མོ"ཞེས་དྲན་གསོས་སྐུལ།

        "ཨ་ལས། འོ་རེད། བསོད་ནམས་ལྷ་མོ"ཞེས་ཚེ་?ར་གྱིས་དེ་འཕྲལ་ཁ་ཕར་བསྐོར་ཏེ་འབྲུག་གྲགས་ལ"བསོད་ནམས་ལྷ་མོའི་ཁང་པ་དེ་གཞུང་ལམ་ཟུར་དུ་ཡོད་དམ"ཞེས་དྲིས།

        "ཡོད་རེད་ལགས། ཤང་ཀྲང་དྲིན་ཆེན"

        "སྟབས་ཡག་སོང་། འོ་ན་ཡག་རྭ་ཤང་ནས་འཁྱམས་ཡོང་བའི་རྨོ་བོ་བསོད་ནམས་དབང་མོའི་སྡོད་ཁང་དང་བསོད་ནམས་ལྷ་མོའི་སྡོད་ཁང་ཕན་ཚུན་ཐག་མི་ཉེའམ"

        "མི་ཉེ་མི་ཉེ། ཁོ་གཉིས་ཀྱི་སྡོད་ཁང་དབར་རྒྱང་རིང་དུ་ཆོད་ཡོད། བསོད་ནམས་དབང་མོའི་སྡོད་ཁང་ལམ་ཟུར་དུ་འཁོད་ག་ལ་རུང་། མོའི་སྡོད་ཁང་དེ་གྲོང་མཐའི་འདམ་རྭའི་འཁྲིས་སུ་ཡོད་པ་དང་། དེ་ནས་ཕར་བྱང་ལ་སོང་ན་ཐང་མ་གཏོགས་མེད"

        གཏམ་དེ་ཐོས་པས། ཚེ་?ར་དང་བདེ་སྐྱིད་སྒྲོལ་མའི་སེམས་ཅུང་ཟད་ལྷོད་དུ་གྱུར། འོན་ཀྱང་འབྲུག་གྲགས་མགོ་མ་འཚོས་པར་གྱུར།

        ཚེ་?ར་གྱིས་འབྲུག་གྲགས་ལ་མུ་མཐུད་དེ"དེ་འདྲ་རེད་ཧྲུའུ་ཅི། གྲོང་ཁྱེར་བརྙན་འཕྲིན་ལས་ཁུངས་ནས་ངེད་ཤང་གི་གྲོང་ཚོ་གསུམ་པར་བཅར་འདྲི་དང་བརྙན་ལེན་བྱེད་པར་ཡོང་རྒྱུ་ཡིན་པས། གལ་ཏེ་ང་ཚོས་ཁོ་ཚོ་བསོད་ནམས་ལྷ་མོའི་ཁྱིམ་དུ་ཁྲིད་ན། མོའི་ཁྱིམ་གྱི་ནང་ཆས་དང་རང་ལུས་ཀྱི་རྒྱན་གོས་སོགས་ངོ་ལེགས་པ་བརྙན་འཕྲིན་དུ་སྟོན་རུང་བ་ཞིག་ཨེ་ཡོད་དམ "ཞེས་དྲིས།

        "བསོད་ནམས་ལྷ་མོར་ནང་ཆས་ཧྲལ་ལེ་ཧྲུལ་ལེ་ཙམ་ཡོད་པས་འགྲིག་ཙམ་མི་ཡོང་ངམ།"འབྲུག་གྲགས་ཀྱིས་དེ་ལྟར་ལན་བྱེད་ཞོར་མགོ་མ་འཚོས་པའི་ངང"ཡཱ། ཤང་ཀྲང་དྲིན་ཆེན། ཅིའི་ཕྱིར་ལྷ་སྐྱབས་ཁོའི་སྡོད་ཁང་མི་འདེམས་པ་ཡིན་ནམ། ཁོའི་སྡོད་ཁང་ནི་ཨར་འདམ་དང་ལྕགས་ཧྲེང་ལས་གྲུབ་ཅིང་། རྒྱ་ཆེ་ལ་དཔོན་ཉམས་ལྡན་པའི་ཁར་ནང་ཆས་ཀྱང་གྲ་རྒྱས་པས། རྒྱུན་པར་གོང་རིམ་ནས་དམངས་ཀྱི་འཚོ་བར་གཟིགས་སྐོར་གནང་རིམ་བཞིན་ང་ཚོས་ལྷ་སྐྱབས་ཀྱི་སྡོད་ཁང་དུ་རྐྱང་རྐྱང་ཁྲིད་ཀྱི་ཡོད། ཁོའི་ཁྱིམ་དེ་ད་ཆ་ངེད་གྲོང་ཚོའི་གཏན་དུ་འཁེལ་བའི་གཟིགས་སྐོར་དང་བཅར་འདྲིར་སྣེ་ཞུ་བྱེད་ཡུལ་ལྟེ་གནས་ཤིག་དུ་གྱུར་ཡོད་པ་མ་ཡིན་ནམ"ཞེས་ལྡོག་དྲིས་བྱས།

        "ཨེན……འདི……འདི་ཕལ་ཆེར་གྲོང་ཁྱེར་བརྙན་འཕྲིན་ལས་ཁུངས་སམ། ཡང་ན་རྫོང་དྲིལ་བསྒྲགས་པུའུ་ཡི་དགོངས་འཆར་ཡིན་པ་འདྲ།  ངས་ཀྱང་གསལ་པོ་ཤེས་མ་བྱུང་། གང་ལྟར་ནའང་ད་ཐེངས་ངེས་པར་དུ་བསོད་ནམས་དབང་མོ། ཨ་ཙི། མ་རེད། བསོད་ནམས་ལྷ་མོའི་ཁྱིམ་དུ་པར་ལེན་དང་བཅར་འདྲི་བྱེད་དགོས་ཡོད་པ་འདྲ། ཨེན……འདི……འདི་ག་རེ་ཡིན་ཟེར་ན……ཨེན……ཁང་པ་གསར་དུ་བསྐྲུན་མ་ཐག་ཞིག་དགོས་ཀྱི་ཡོད་པ་འདྲ། ང་ཚོས་རྒྱུས་ལོན་བྱས་པ་ལྟར་ན་ཁྱོད་རང་ཚོའི་གྲོང་མི་བསོད་ནམས་ལྷ་མོའི་སྡོད་ཁང་དེ་ད་ལོ་གསར་བཞེངས་བྱས་མ་ཐག་ཡིན་པ་འདྲ……"ཚེ་?ར་གྱིས་ཀ་རེ་ཀོར་རེའི་ངང་ལན་འདེབས་ཤིང་། འབྲུག་གྲགས་ནི་དེ་བས་མགོ་མ་འཚོས་པར་གྱུར།

        དེ་ལྟར་གནས་ཚུལ་འགའ་རྒྱུས་ལོན་བྱས་རྗེས། ཚེ་?ར་དང་བདེ་སྐྱིད་སྒྲོལ་མ་གཉིས་འབྲུག་གྲགས་ཀྱི་སྣེ་ཁྲིད་འོག་གཞུང་ལམ་ཟུར་གྱི་བསོད་ནམས་ལྷ་མོའི་སྡོད་ཁང་འོག་ཏུ་འབྱོར། ཁོ་གཉིས་པོས་མགོ་བསྒྲེངས་ནས་ཡར་བལྟས་པས། མིག་མདུན་གྱི་?་བརྩེགས་ཁང་པ་ཉིས་ཐོག་འདི་རྒྱ་ཁྱོན་ཆེན་པོ་མེད་ལ་བརྗིད་ཆགས་ཀྱི་འགྱིང་ཉམས་དེ་བས་མིན་འདུག སྒོ་འདྲིག་དང་སྒེའུ་ཁུང་ཐོད་ཀྱི་ཚོན་རྩིར་བཀྲག་མདངས་དེ་ཙམ་མེད་ཅིང་པིར་རིས་སྟབས་བདེ་བའི་རིས་མོ་སྟེ་རྩི་ཤིང་སྣང་བརྙན་དང་རྒྱན་རིས་པ་ཊ་སོགས་ཐར་ཐོར་ཙམ་ལས་མེད།   འོན་ཏེ་དེ་རྣམས་ཧ་ཅང་གསར་ཉམས་དང་ལྡན།  ཁང་མདུན་དུ་ས་ཕག་གི་སྒོ་རྭ་མི་ཆུང་བ་ཞིག་བསྐོར་ཡོད་པ་དེའང་ཧ་ཅང་གི་གསར་ཉམས་དང་ལྡན་པ་མ་ཟད། ལྷག་པར་རྩིག་གདན་གྱི་རྨང་?འི་བར་མཚམས་ན་ཆུ་ཡོངས་སུ་མ་བསྐམ་པའི་ཨར་འདམ་བཞའ་ཚིལ་ཚིལ་དུ་ཡོད་པས། ཚེ་?ར་དང་བདེ་སྐྱིད་སྒྲོལ་མའི་སེམས་ལ་ཤིན་ཏུ་བབ།

        ཚེ་?ར་གྱིས་རྒྱབ་ལག་བྱས་ཏེ་སྡོད་ཁང་དེ་ལ་དལ་མོས་བསྐོར་ཞིང་། ཡར་ལྟ་མར་ལྟའི་ངང་དེའི་བཀོད་དབྱིབས་སོགས་ལ་ཞིབ་ལྟ་བྱེད་པ་ནི། གློག་བརྙན་འཁྲབ་ཁྲིད་པ་ཞིག་གིས་འཁྲབ་མི་བུད་མེད་ཅིག་གི་གཟུགས་བྱད་ལ་ཉམས་ཞིབ་བྱེད་པ་དང་མཚུངས། འབྲུག་གྲགས་དང་བདེ་སྐྱིད་སྒྲོལ་མས་ཀྱང་ཚེ་?ར་དང་མཉམ་པའི་གོམ་འགྲོས་ཀྱིས་ཁོའི་རྗེས་སུ་བསྙེགས། ཉི་མའི་གཟི་བྱིན་དེ་ཚེ་?ར་གྱི་ལུག་ཕྲུག་ནག་པོའི་ལྤགས་པ་འདྲ་བའི་མགོ་སྐྲ་སུ་ལུ་དེ་དང་བྱ་སྤུའི་ལྭ་རིང་ལ་འཕྲོས་ཤིང་བྱེ་གསར་?་གསར་ཡིན་པའི་མིག་མདུན་གྱི་ཁང་པ་དེར་འཕྲོས། གློ་བུར་དུ། ཚེ་?ར་གྱིས་གོམ་པ་སྤོ་མཚམས་བཞག་སྟེ་ཤར་ངོས་ཀྱི་གྱང་ཟུར་དེའི་འགྲམ་དུ་ཧྲེང་ངེར་ལངས། གྱང་ཟུར་དེའི་?་རྩིག་དང་ས་ཕག་གི་མཚམས་ན་ཁུང་བུ་བྱིས་པ་ཐར་ཙམ་ཞིག་བ?ལ་ཡོད་ཅིང་། འོག་གི་ས་སྟེང་ན་ས་?་ཐར་ཐོར་ཏུ་འཐོར། ཚེ་?ར་གྱིས་ཁུང་བུ་དེར་བལྟས་ནས་ཁ་གཉེར་ཙམ་བྱས་ཤིང་ཡིད་མི་བདེ་བ་ཅུང་བྱུང་། ཁོས་ཁུང་བུ་དེར་ཅེར་ནས་ལག་གཉིས་བྲང་ཁར་སྣོལ་བ་དང་། སླར་ལག་གཅིག་བཏོན་ནས་ཨོག་མར་བྱིལ་བྱིལ་བྱེད་ཀྱིན་མིག་ཀེམ་ཀེམ་ངང་མནོ་བསམ་གྱི་དྲ་བར་ལྷུང་།  བསམ་བློ་ཡུད་ཙམ་བཏང་རྗེས། ཁོའི་མིག་གཉིས་གློ་བུར་དུ་གཡོ་མཚམས་བཞག་པ་དང་། ལག་པས་ཨོག་བྱིལ་བྱེད་མཚམས་ཀྱང་བཞག་ཅིང་། མིག་ཟུང་དལ་གྱིས་ཆེར་གདངས་ནས་རྟོགས་པ་ཐོབ་པ་ལྟ་བུའི་ཉམས་དགའི་འཛུམ་ཆུང་ཞིག་ཁོའི་བཞིན་ལས་བཞད།  ཁོས་མགོ་ལྕོག་ལྕོག་ཙམ་བྱས་རྗེས། མུ་མཐུད་མདུན་དུ་བསྐྱོད་པས་རྒྱ་སྒོའི་ཁར་འབྱོར། 

        རྒྱ་སྒོ་ནི་ཕྱེ་ནས་ཡོད་པས། འབྲུག་གྲགས་ཀྱིས་སྔོན་ལ་སྒོར་འཛུལ་པ་དང་དེ་རྗེས་ཤང་གི་ལས་བྱེད་གཉིས་པོ་ཡང་བསྙེགས་ཡོང་། རྩིག་རྭའི་ནང་སླེབས་རྗེས་དེར་བུད་མེད་ལོ་ན་ལྔ་བཅུ་ཙམ་ལ་སོན་པ་ཞིག་མདོང་མོ་སྦོམ་པོ་གཅིག་གི་རྒྱབ་ཏུ་ལངས་ཤིང་། ལག་གཉིས་ཀྱིས་མདོང་སྐྱ་ཡར་མར་སྲུབ་ནས་ཞོ་དཀྲོག་བཞིན་མཆིས། མོས་སྐྱ་བ་ཤུགས་ཀྱིས་མནན་ཐེངས་རེ་རེར། མདོང་མོའི་ནང་གི་དཀར་ཆུ་འོ་མ་དེས་རྦ་ཡི་གར་སྟབས་ལང་ལོང་དུ་འཕྱུར་ཞིང་། ཆིལ་ཆིལ་ལྦུ་བ་རྩེན་པའི་ཟློས་གར་གྱི་ཁྲོད་དུ་མར་ཕྱུར་གྱི་?ག་མ་སེར་པོ་ཏིལ་ཙམ་ཏིལ་ཙམ་དུ་མ་མདོང་ལྡེབས་སུ་བྱུགས།  ཀྲེ་པུའུ་ཧྲུའུ་ཅི་འབྲུག་གྲགས་ཀྱིས་མོའི་གམ་དུ་སོང་ནས་ཡོང་དོན་ཇི་ལྟ་བ་བརྗོད་པས། བུད་མེད་དེས་དེ་མ་ཐག་འོ་མ་དཀྲོག་མཚམས་བཞག་སྟེ་ལག་ཟུང་གི་ཕྱི་ནང་པང་གདན་ཐོག་ཕྱིས་ཤིང་འཚབ་འཚུབ་དང་གུས་ཞབས་ངང་ཁོ་གསུམ་པོ་ཐོག་ཁར་སྣེ་ལེན་ཞུས།

བུད་མེད་རྒན་མོ་དེས་ཁོ་གསུམ་པོ་ཚོམས་ཆེན་གྱི་གདན་ཧྲལ་ཧྲུལ་དེའི་སྟེང་དུ་བཞུགས་སུ་འཇུག་པ་དང་། ལག་གཉིས་ཀྱི་ཇ་དམ་བཀྱག་ནས་ལྕེ་བསྣར་བསྣར་བྱེད་ཀྱིན་ལས་བྱེད་རྣམས་ལ་ཇ་ཐང་ཞལ་དཀར་གང་རེ་བླུགས་པ་དང་།  དེ་ནས་མར་སྐོགས་ཀྱིས་བཏུམས་པའི་འབྲི་མར་ལས་ཁྱེམ་བུ་གང་རེ་བཀོག་སྟེ་ཁོང་ཚོའི་ཞལ་དཀར་ནང་བླུགས། ཇ་ཡི་ཚ་དྲོད་ཀྱིས་ཕོར་མར་དེ་རིམ་གྱི་བཞུར་ཞིང་བསྲིངས་པས། དམར་སྨུག་གི་ཇ་ངོས་དལ་གྱིས་ཁེབས་ཏེ་མཚོ་ཁ་དར་ཁས་གཡོགས་པ་ལྟར་དུ་བྱུང་། 

        "གློག་མདོང་དེ་སྐྱོན་ཤོར་འདུག་པས་ལྷན་རྒྱས་ལ་གསོལ་ཐང་ཞུ་རྒྱུ་ལས་བྱུང་མ་སོང་།"བུད་མེད་དེས་འཁོས་དམའ་པོའི་ངང་ལྕེ་བསྣར་ཞིང་སྐད་ཆུང་ངུས་དེ་ལྟར་བརྗོད།

        ཀྲེ་པུའུ་ཧྲུའུ་ཅི་འབྲུག་གྲགས་ཀྱིས་ཇ་ཕོར་ཡར་ལེན་ཏེ་མགོ་གཡུག་གཡུག་ངང་ཕོར་མར་ལ་ཕུ་བཏབ་པས། ཕོར་མར་དེ་རླུང་གིས་བདས་པའི་སྤྲིན་སེར་གུང་ཕྱེད་དུ་འཁྱེར་བ་བཞིན་ཕོར་མཐར་འཕྱོས་ཏེ་འོག་གི་ཇ་ཐང་དམར་ལིང་ངེར་མངོན་ཡོང་། ཁོང་གིས་ཇ་ཧུབ་གང་འཐུང་ཞོར།"ཅི་སྐྱོན་ཅི་སྐྱོན། ཨ་ཅེ་བསོད་ནམས་ལྷ་མོ་སྐྱོན་མེད་ཨང"ཞེས་ཟེར།

        བདེ་སྐྱིད་སྒྲོལ་མས་ཀྱང"གསོལ་ཐང་ལ་ཞག་རྩི་ཉུང་བས་གཟུགས་གཞིར་གཞན་ལས་ཕན་ཆེ"ཞེས་ཟེར་ཁུལ་བྱས་མོད། ལྐོག་ཏུ་བསོད་ནམས་ལྷ་མོའི་ཕྱི་ཚུལ་ལ་ལྟ་ཞིབ་བྱེད་ཅིང་། སེམས་ནང་རྨོ་བོ་དེའི་ཕྱུ་པ་དེ་རྙིང་ཧྲུལ་ཚ་དྲགས་པ་དང་། སྦགས་བཙོག་ཆེ་བ། སྐྲ་ལོ་ཟང་ཟིང་ཆེ་དྲགས་འདུག་སྙམ།

        ཤང་ཀྲང་གཞོན་པ་ཚེ་?ར་ནི་ཚོམས་ཆེན་གྱི་བཀོད་པར་ལྟ་ཞིང་། སེམས་ནང་བསམས་པར། ཆ་སྒམ་ཆ་གཅིག་ལས་མེད་ཅིང་། མ་གཞི་ཚོན་རྩི་མི་ཞན་ཙམ་ཡོད་ནའང་རྩིག་ངོས་ཡོངས་སུ་ཁེངས་མེད་པས་ཨ་ཁ། ཅི་དྲག ཆ་སྒམ་གྱི་ཁ་པང་སྟེང་དུའང་སྒྲིག་ཆས་ཅི་ཞིག་མ་ཚང་བའི་སྣང་བ་སྦྱིན་ཞིང་། ཆ་སྒམ་མཐའ་ཡི་རྩིག་ངོས་སྟོང་པ་དེར་ཉ་ཉུང་མཉམ་བསྲེས་ཀྱིས་ཅ་དངོས་བླུགས་པའི་རྫས་ཤོག་ཁུག་མ་འགའ་བསླངས་ཡོད་པ་ནི། སྐུ་ངོས་ཞལ་ལ་སྤྲང་པོའི་མཆུ་ཏོ་ཞེས་པ་ལྟར་མིག་ལ་ཤིན་ཏུ་མི་མཛེས་པར་སྣང་། མིག་མདུན་གྱི་ཅོག་ཙེ་དེ་ནི་ཞག་རྩི་དང་སྣུམ་དྲེག་གིས་བཏུམས་ནས་ཐོག་མའི་ཚོན་རྩིའི་གཡའ་ཙམ་མི་མངོན་པ་མ་ཟད། ཁ་པང་ངོས་སུ་སེར་ག་རིང་ལ་ཆེ་བ་ཞིག་ནར་རེར་བརྒྱུགས་འདུག ཉལ་ཁྲིའི་སྟེང་བཏིངས་པའི་ཁ་གདན་དེ་ཚོར་ཚོན་མདངས་བཀྲ་བའི་རི་མོ་ལྟ་ཅི། ད་དུང་ཟད་ཧྲུལ་དུ་གྱུར་ནས་རྒྱུ་སྤུན་ཡང་ཧྲེང་ངེ་བར་མངོན། དེ་བཞིན་སྒོ་རྭའི་རྩིག་ཟུར་གྱི་ཁུང་བུ་དེ……དེའི་ཚེ་སྒེའུ་ཁུང་འོག་གི་སྒོ་རྭའི་ནང་ལས་འབྲི་གཡག་གི་ཨོག་སྒྲ་འོར་འོར་དང་སྣ་ཤུ་ཧུར་ཧུར་དུ་གྲགས་ཡོང་བས། བསོད་ནམས་ལྷ་མོས་འཚབ་འཚུབ་ངང་ཇ་དམ་ཅོག་སྟེང་དུ་བཞག་ནས་ཕྱིར་རྒྱུགས།  ཚེ་?ར་དང་བདེ་སྐྱིད་སྒྲོལ་མས་དུས་དེ་གཡར་ནས་ཚོམས་ཆེན་གྱི་བཀོད་པ་དང་སྒྲིག་ཆས་དག་ལ་ཛཱགས་ཛཱགས་བྱེད་ཅིང་ཤོབ་ཤོབ་ཀྱི་གླེང་བ་བྱེད་ཀྱིན། རང་རང་གི་དེབ་ཆུང་སྟེང་དུ་ཟིན་བྲིས་ཡང་ཡང་བྱས། 

བསོད་ནམས་ལྷ་མོས་སྒོ་རྭའི་ནང་འཛུལ་ཡོང་བའི་འབྲི་གཡག་དག་སྒོ་ཕྱིར་བདས་ཚར་རྗེས་སླར་ཚོམས་ཆེན་ནང་འཛུལ་ཡོང་སྟེ། ལག་གཉིས་པང་གདན་སྟེང་ཕྱིས་ཙམ་ཕྱིས་ཙམ་བྱས་རྗེས་ཇ་དམ་ལེན་ནས་མུ་མཐུད་སྐུ་མགྲོན་རྣམས་ལ་གསོལ་ཇ་བཀྱག།

        "ཨ་ཅེ་་ཡེ། དེ་འདྲ་རེད།"ཚེ་?ར་གྱིས་བསོད་ནམས་ལྷ་མོའི་ལག་གཉིས་ཀྱིས་ཕུལ་བའི་ཇ་ཕོར་དེ་ལེན་པའི་ཞོར་དུ་མོར"སང་ཉིན་ཁྱོད་ཀྱི་ཁྱིམ་དུ་གྲོང་ཁྱེར་བརྙན་འཕྲིན་ལས་ཁུངས་ནས་གསར་འགོད་པ་བཅར་འདྲི་དང་བརྙན་ལེན་བྱེད་དུ་འོང་རྒྱུ་ཡིན། དེས་ན་ང་ཚོས་ཉམས་མི་ཞན་ཙམ་བྱེད་པའི་ཕྱིར་སྔོན་འགྲོའི་གྲ་སྒྲིག་སྟ་གོན་འགའ་བྱེད་ན་མ་རེད་དམ།  ཨ། ཨ་ཅེ་བསོད་ནམས་ལྷ་མོ"ཞེས་བཤད།

        "ལགས་རེད་ལགས། ལགས་རེད་ལགས། ཤང་ཀྲང་དྲིན་ཆེན"བསོད་ནམས་ལྷ་མོས་ལག་གཉིས་ཀྱི་ཇ་དམ་བཟུང་ཞིང་སྐེད་པ་ཡང་ཡང་དུད་དེ་ཉམ་ཆུང་བའི་ལན་དེ་ལྟར་བྱས།

        "ཨ་ཅེ་ཁྱོད་ལ་ལོ་གསར་གྱི་གཟབ་སྤྲོས་ཨེ་ཡོད་དམ"

        "ལགས་ཡོད་ལགས། ཤང་ཀྲང་དྲིན་ཆེན"

        བསོད་ནམས་ལྷ་མོས་ལན་ཤར་རེ་བར་འདེབས་ནའང་མིག་གདངས་དེ་ཐོག་མཐའ་བར་གསུམ་དུ་ཅོག་སྟེང་རང་ལ་ཕབ་པ་ལས་གཞན་དུ་མི་འཕོ།

        "འོ། སྟབས་ཡག སང་ཉིན་སྔ་པོ་ནས་གྱོན་ཤོག་ཨང་། ཨེན……གསེར་གྱི་རྣ་ལོང་ཨེ་ཡོད་དམ"

        "དེ……དེ་འདྲ་མེད་ལགས། དངུལ་གྱི་རྣ་རྒྱན་ཡ་གཅིག་ཡོད་ལགས"

        གཏམ་དེ་ཐོས་པས་ཚེ་?ར་ཡིད་ཕམ་ཅུང་བྱུང་། ཁོས་ཁ་ཚུར་བསྐོར་ཏེ་བདེ་སྐྱིད་སྒྲོལ་མར"དེ་ཏག་ཏག་བསྡད་མ་སོང་། ཅི་དྲག  ཁྱོད་ལ་ཡོད་དམ"ཞེས་དྲིས།

        བདེ་སྐྱིད་སྒྲོལ་མས"ང་ལ་ཡོད། ངས་སང་ཉིན་འཁྱེར་འོང"ཞེས་ཟེར།

        ཚེ་?ར་གྱིས་སླར་བསོད་ནམས་ལྷ་མོར་ཁ་ཕྱོགས་ནས་མུ་མཐུད་བཤད་དོན"ཨ་ཅེ་ཁྱོད་བརྙན་འཕྲིན་ནང་ཐོན་སྐབས། སྣང་བརྙན་དེ་ཨ་ཅེ་ཁྱོད་གཅིག་པུ་ཙམ་མ་ཟད་ངེད་གྲོང་ཚོ། ངེད་ཤང་། ངེད་རྫོང་གི་ངོ་ཚབ་ཀྱང་ཡིན་ལ། ལྷག་པར་ལྗོངས་ཡོངས་ཀྱི་མིའི་མཐོང་ལམ་དུ་འཆར་རྒྱུ་ཡིན་པས། པར་ལེན་བྱེད་དུས་སྣང་ངོར་མཛེས་ཙམ་ཞིག་བྱེད་དགོས་དང་དགོས། རེད་མ་རེད་ཡཱ་ཨ་ཅེ"

        བསོད་ནམས་ལྷ་མོས་ཇ་དམ་ལག་གཉིས་ཀྱིས་བཟུང་ཞིང་། སྐེད་པ་ཡང་ཡང་གུག་གུག་བྱས་ནས"ལགས་རེད་ལགས། ལགས་རེད་ལགས། ཤང་ཀྲང་དྲིན་ཆེན"ཞེས་ལན་ཕུལ།

        "དེས་ན། ང་ཚོས་ཁྱོད་ལ་རོགས་བྱས་ཏེ་པར་ལེན་བྱེད་ཡུལ་ཉམས་མི་ཞན་ཙམ་ཞིག་བཟོ་རོགས་བྱས་ཆོག མི་ལྡང་བ་དང་མ་ཚང་བའི་ཐད་ང་ཚོས་ཐབས་ཤེས་བཏང་གི་ཡིན།  གང་ལྟར་ནའང་ང་ཚོས་གཟིགས་མོ་བ་ཁྲི་ཕྲག་མང་པོའི་སྤྱན་ལམ་དུ་སྔོ་ལོ་ལངས་འཕྱར་བྱས་ན་ག་ལ་རུང་། རེད་མ་རེད་ཡཱ་ཨ་ཅེ་་ཡེ།"

        "ལགས་བཀའ་གནང་། ལགས་བཀའ་གནང་། ཤང་ཀྲང་དྲིན་ཆེན"

        "ཨ་ཅེ་ཁྱོད་ཀྱི་རྩིག་རྭའི་ཕྱི་ལ་ཁུང་བུ་མི་ཆུང་བ་ཞིག་འདུག་པ་དེ་ཅི་བྱས་པ་རེད་དམ"

        "ཤང་ཀྲང་དྲིན་ཆེན། དེ་ཧ་ལམ་ཡར་འགྲོ་མར་འགྲོ་བྱེད་མཁན་གྱི་འདྲུད་འཐེན་འཁོར་ལོས་བཀོག་པ་འདྲ། ཡང་སྙིང་སུ་ཡིན་ངས་ཀྱང་མ་ཤེས་ལགས"

        "ཨ་ལས། དེ་འདྲ་ཡིན་པ་རེད། མི་སྐྱོན་ཨ་ཅེ། དེ་ངེད་ཤང་སྲིད་གཞུང་གི་ལས་བྱེད་པས་ཁྱོད་ལ་བཟོ་བཅོས་བྱེད་རོགས་བྱ"

        "ཨ་ཙི། ཤང་ཀྲང་དྲིན་ཆེན། ད་དེ་འདྲ་ག་ལ་ཞུ་ཕོད། ག་ལ་ཞུ་ཕོད"བསོད་ནམས་ལྷ་མོས་འཚེར་སྣང་ཆེན་པོས་ལྕེ་ཡང་ཡང་བསྣར་ཞིང་དེ་ལྟར་ཞུས།

        ཚེ་?ར་གྱིས་ཁ་འབྲུག་གྲགས་ཕྱོགས་སུ་བསྐོར་ནས"ཁྱོད་ཚོའི་གྲོང་ཚོར་?་བཟོ་བ་དང་ཞལ་བ་མཁན་ཨེ་ཡོད"ཅེས་བྲིས།

        "ཡོད་དང་ཡོད་མོད། འོན་ཏེ་ད་ལྟའི་དུས་དེ་འདྲ་ལ་ཨར་འདམ……"

        "དེ་སྐྱོན་མེད། ངས་ཐབས་ཤེས་གཏང་ཆོག"འབྲུག་གྲགས་ཀྱི་གཏམ་བཤད་མ་ཚར་བར་ཚེ་?ར་གྱིས་དེ་ལྟར་ཐག་བཅད།

        ཞོགས་པའི་དུས་དེ་ལྟ་ཞིབ་དང་མང་ཚོགས་ཀྱི་བསམ་བློའི་ལས་ཀ་བྱེད་པའི་ནང་འདས།  ལས་བྱེད་པ་རྣམས་བསོད་ནམས་ལྷ་མོའི་སྒོ་རྭ་ལས་ཕྱིར་ཐོན་སྐབས། ཚེ་?ར་གྱིས་སླར་རྩིག་རྭའི་ཁུང་བུ་དེར་ཡུད་ཙམ་བལྟས་ནས་བསམ་བློ་ཅུང་མནོ་རྗེས་བདེ་སྐྱིད་སྒྲོལ་མ་ཟུར་ཞིག་ཏུ་འཐེན། འབྲུག་གྲགས་ཀྱི་ཚུལ་དེ་མིག་ཟུར་དུ་རིག་པས། གོ་ཤེས་ངང་ལམ་ཟུར་གྱི་?་སྟེགས་ཤིག་ཏུ་གཡོལ་ནས་ཙོག་པུར་སྣ་ཐ་སོར་མོ་གང་འཐེན་གྱིན་བསྡད། ཚེ་?ར་གྱིས་བདེ་སྐྱིད་སྒྲོལ་མར་གསང་རྒྱ་ཆེན་པོའི་ངང"ཁྱོད་ཀྱི་ལག་ཐོག་ཏུ་གཞུང་དངུལ་ཨེ་ཡོད"ཅེས་ཤུབ་ཤུབ་ཏུ་དྲིས།

        བདེ་སྐྱིད་སྒྲོལ་མས་ཀྱང་སྐད་གདངས་དམའ་རུ་བཏང་ནས"ཟླ་འདིའི་བོགས་གཏོང་ཁང་པའི་ཁང་གླ་སྟོང་ཕྲག་གཉིས་ཙམ་ད་ལྟ་གོང་འབུལ་ཞུས་མེད"ཅེས་ལན་བྱས།

        "མགྱོགས་པོ་ལོངས་ཤོག"

        བདེ་སྐྱིད་སྒྲོལ་མས་རྒྱ་ལམ་འཕྲེད་དུ་བཅད་ནས་ཤང་སྲིད་གཞུང་གི་ཕྱོགས་སུ་བརྒྱུགས་པ་དང་། ཚེ་?ར་ཁ་བསྐོར་ནས་ལམ་ཟུར་དུ་ཙོག་པུར་སྣ་ཐ་འཐེན་ཞིང་རྒྱང་རིང་གི་འདམ་རྭར་རྒྱང་ལྟ་བྱེད་བཞིན་པའི་འབྲུག་གྲགས་ཀྱི་འགྲམ་དུ་སོང་།

        གུང་ཚིགས་ཀྱི་རྗེས་སུ། ཚེ་?ར་དང་བདེ་སྐྱིད་སྒྲོལ་མས་ཀྲེ་པུའུ་ཧྲུའུ་ཅི་འབྲུག་གྲགས་དང་གནས་ཚུལ་འགར་གྲོས་མོལ་བྱས་རྗེས། ངལ་གསོ་ཙམ་ཡང་མི་བྱེད་པར་དེ་མ་ཉིད་དུ་ཕྱི་དྲོའི་ལས་འགོ་བཙུགས་པ་སྟེ། ཚེ་?ར་དང་འབྲུག་གྲགས་ཀྱིས་གྲོང་ཚོའི་ཚོགས་འདུ་ཁང་གི་སྤུས་ལེགས་པའི་ཁ་གདན་བྱ་འབྲུག་ཁ་སྤྲོད་རྣམས་མལ་ཁྲི་ལས་བཤུས་ནས་མི་རེས་ཡ་རེ་མཆན་འོག་ཏུ་འཁྱེར་ཏེ་བསོད་ནམས་ལྷ་མོའི་ཁྱིམ་དུ་སྤོས། ཁོ་གཉིས་པོའི་རྗེས་སུ་ཤང་གི་ལས་བྱེད་གསར་པ་ཞའོ་ཀྲུའུ་དང་ཉི་སྐྱིད་ཀྱིས་ཙན་དན་ཤིང་ལས་གྲུབ་པའི་ཅོག་ཙེ་ཁྱི་ལག་ཅན་འོད་འཚེར་བཞིན་པ་ཡ་གཅིག་མཉམ་འདེགས་བྱས་ནས་འཁྱེར་ཞིང་། དེའི་ཡང་རྗེས་སུ་གྲོང་ཚོའི་ལས་བྱེད་གཉིས་ཀྱིས་ཅོག་ཙེ་ཅིག་ཤོས་དེ་མཉམ་འདེགས་བྱས་ནས་སྙེགས་ཡོང་།  བདེ་སྐྱིད་སྒྲོལ་མ་དང་གྲོང་དཔོན་གཞོན་ནུ་མ་གཉིས་པོས་ཁ་རས་ཀྱིས་གདོང་ཕྱེད་བཏུམས་ནས་བསོད་ནམས་ལྷ་མོའི་ཚོམས་ཆེན་ལ་གད་བདར་གཙང་མར་བྱས་རྗེས་བཀྲག་མདངས་ལྡན་པའི་ཁ་གདན་བྱ་འབྲུག་ཁ་སྤྲོད་རྣམས་མལ་ཁྲིར་བཏིངས། ལས་བྱེད་པ་སྐྱེས་པ་རྣམས་ཀྱིས་ཅོག་ཙེ་གསར་པ་དག་ཚོམས་ཆེན་དུ་སྒྲིག་ཅིང་། ཅོག་ཙེ་རྙིང་པ་དང་ཁ་གདན་ཧྲལ་ཧྲུལ། དེ་བཞིན་རྫས་ཤོག་གི་སྣོད་ཁུག་སོགས་མིག་ལ་མི་མཛེས་པའི་ཅ་དངོས་ཡོད་དོ་ཅོག་འོག་ཐོག་གི་ཛར་ཛོར་བླུགས་སའི་མུན་ཁང་དེར་བརྫངས། དེའི་རྗེས་སུ་ཤང་ནས་བརྙན་འཕྲིན་འཕྲུལ་ཆས་ལེབ་མོ་འདོམ་གང་གི་རིང་ཐུང་ལྡན་པ་དེ་དབོར་ཡོང་ནས་ཆ་སྒམ་མཐའི་གྱང་ངོས་སྟོང་པ་དེར་བསྒྲིགས། དེ་ལྟར་གསར་སྒྲིག་རྙིང་སྦས་དང་གད་བདར་གཙང་ཕྱིས་བྱས་པ་བརྒྱུད། བསོད་ནམས་ལྷ་མོའི་ཚོམས་ཆེན་ངན་ངོན་དེ་སྐད་ཅིག་ཉིད་དུ་བཀྲག་མདངས་ཀྱིས་འོད་འབར་ནས་དཔོན་ཉམས་དང་ལྡན་པར་གྱུར། 

        བསོད་ནམས་ལྷ་མོའི་ཚོམས་ཆེན་དེ་བཟོ་བཅོས་ཚར་རྗེས། ཚེ་?ར་དང་བདེ་སྐྱིད་སྒྲོལ་མས་?་བཟོ་བ་ཞིག་དང་ལས་པ་མི་གཅིག་ཁྲིད་ཡོང་ནས་བསོད་ནམས་ལྷ་མོའི་སྒོ་རྭའི་རྩིག་ཟུར་བ?ལ་པར་ཉམས་བཟོ་བྱེད་དུ་བཅུག  ལས་པ་གཉིས་པོས་རྩིག་ཁུང་ནང་?་བརྒྱངས་ཚར་ཙམ་ལ། ཚེ་?ར་གྱིས་ཁོ་གཉིས་པོའི་དཔུང་པར་བཅག་བཅག་ལན་གཉིས་བྱས་ཏེ་གནས་སྐབས་ལས་མཚམས་བཞག་ནས་ཚུར་ཐོན་ཡོང་རྒྱུའི་བརྡ་བྱས་ཤིང་། ཁོ་རང་དང་ཤང་གི་ལས་བྱེད་པ་ཞའོ་ཀྲུའུ་གཉིས་པོས་ལས་མིའི་ལག་ཤུབས་ཚུར་གཡར་ནས་གྱོན་ཏེ་རྩིག་ཁུང་གི་འགྲམ་དུ་སོང་། ཚེ་?ར་གྱིས་ལྕགས་ཁེམ་ནང་འདམ་པ་གང་འཁྱེར་བ་དང་། ཞའོ་ཀྲུའུ་ཡིས་རྩིག་?་ཞིག་རྒྱོང་གིན་ཡོད་པའི་ཚུལ་སྟོན། བདེ་སྐྱིད་སྒྲོལ་མས་ཁོ་གཉིས་ལ་པར་ཆས་གཏད་ནས"ཤང་ལས་བྱེད་པས་ཧུར་བརྩོན་ཆེན་པོས་མང་ཚོགས་ཀྱི་སྡོད་ཁང་ཉམས་བཟོ་དང་གསར་སྐྲུན་བྱེད་པའི"ཚུལ་དེ་ཚགས་སྒྲ་དང་བཅས་པར་དུ་བླངས། ?་བཟོ་བས་ཚུལ་དེ་མཐོང་བས་ཚེ་?ར་འགྲམ་དུ་སོང་སྟེ"ད་ལྟ་ལས་རིམ་དེར་སླེབས་མེད་ལ་མ་གཞི་ནས་ཞལ་ཐུར་སྤྱད་མི་རུང……"ཞེས་ཡོ་བསྲང་བྱས་ནའང་སྐད་ཆའི་མཇུག་བཤད་མ་ཚར་བར་ཚེ་?ར་གྱིས་ཞལ་ཐུར་འཁྱེར་བའི་ལག་གི་གྲུ་མོས་ལུས་རྒྱབ་ཀྱི་?་བཟོ་བར་འབུད་འདེད་བྱས་ནས"དེ་ངས་ཧ་གོ  དེ་ངས་ཧ་གོ  ང་ཚོས་དེ་གར་རྩེད་མོའི་ངང་པར་ལེན་པ་ཙམ་ཡིན"ཞེས་བསུན་སྣང་བྱས། 

མ་ཡིན་ཡིན་ཁུལ་གྱི་ངལ་རྩོལ་བྱེད་བཞིན་པའི་ལས་ཡུལ་དངོས་ཀྱི་པར་འགའ་བླངས་རྗེས། ཤང་གི་ལས་བྱེད་པ་གཉིས་པོས་ལག་ཤུབས་ཕུད་དེ་ལས་མི་འདི་གཉིས་ལ་སྤྲད་པ་དང་། རང་ཉིད་ལས་ཡུལ་དངོས་ལས་ཕྱིར་ཐོན། ?་བཟོ་བ་དང་ལས་པ་གཉིས་སླར་ལག་ཤུབས་གྱོན་ནས་རྩིག་ཁུང་གི་འགྲམ་དུ་སོང་ཞིང་། ?འི་སྲུབས་ཀར་རྡེའུ་རྩབ་བཅུག་ནས་ཐོ་བས་ཐག་ཐག་ཏུ་རྡེག

        དེ་ལྟར་ཆུ་ཚོད་འགའ་ཙམ་ཚ་ཚ་འུར་འུར་གྱིས་གྲ་སྒྲིག་བྱས་པ་བརྒྱུད།  བརྙན་ལེན་གོང་གི་སྔོན་འགྲོའི་ལས་ཀ་སྤྱིར་བཏང་ནས་སྟ་གོན་བྱས་ཟིན། བསོད་ནམས་ལྷ་མོའི་ཁྱིམ་ལས་ཐོན་ཁར། ཚེ་?ར་གྱིས་ལག་ཁུག་ལས་དངུལ་ཆག་ཐུམ་པའི་ཡིག་སྐོགས་ཤིག་བསྟན་ཏེ་བསོད་ནམས་དབང་མོའི་ལག་ཏུ་སྤྲད་ནས"འདི་ང་ཚོ་ཤང་ལས་བྱེད་པ་ཡོངས་ཀྱིས་གྲབས་བསྡུས་བྱས་པའི་དངུལ་ཕྲན་ཙམ་ཡིན་པས་ཁྱེད་རང་གིས་ཁང་པ་ཉམས་བཟོ་བྱེད་པར་སྤྱོད་རོགས"ཞེས་ཟེར།

        དེ་རྗེས་ཚེ་?ར་གྱིས་བསོད་ནམས་ལྷ་མོར་ནངས་པ་མགོ་སྐྲ་གཙང་མར་བཀྲུས་ནས་ལྕང་ལོ་གསར་པ་དཀྲི་དགོས་རྒྱུ་དང་། སྒོ་རྭར་བསྡུ་གསོག་གཙང་སྦྲ་བྱ་རྒྱུ། སང་ཉིན་བརྙན་ལེན་མ་ཚར་གོང་སེམས་ཅན་རྣམས་རྭ་བའི་ནང་དུ་འདོགས་པ་ལས་ཕྱིར་འབུད་མི་ཉན་རྒྱུ་སོགས་མངག་བྱ་ཡང་ཡང་བྱས་རྗེས་གཞི་ནས་སྒོ་ཕྱིར་ཐོན།

        ལས་བྱེད་རྣམས་རྒྱ་སྒོའི་ཕྱིར་ཐོན་ནས་རྒྱང་ལྟ་ཞིག་བྱས་པས། མིག་མདུན་གྱི་གཞུང་ལམ་དེ་ནི་གཡུ་འབྲུག་ཆེན་པོ་ཞིག་རྩྭ་ཐང་དུ་འཕྲེད་ཉལ་བྱས་པ་ལྟར། སྣེ་མོ་དེ་རྒྱང་རིང་གི་ནུབ་རིར་གཏུག་ཅིང་།  སེར་ལམ་ལམ་གྱི་རྟ་བདུན་དབང་པོ་ནི་ནུབ་རིའི་ཕང་དུ་བཞུད་ལ་ཁད། དམར་མདངས་འཕྲོས་པའི་གཟི་བྱིན་དེ་རྒྱང་རིང་གི་གངས་རིར་གཡོགས་པས། ཁ་བའི་རྡུལ་གྱིས་བརྩེགས་པའི་ས་འཛིན་དཀར་པོ་རྣམས་ལས་འོད་དམར་སེར་ཞིག་ལྡོག་ཏུ་འཕྲོས་འོང་། སྟར་དུ་སྒྲིག་པའི་ལམ་ཟུར་གྱི་བ་གམ་ཅན་དག་ནུབ་ཁའི་ཉི་འོད་དམར་སེར་གྱིས་བརྒྱན་པས་དེ་བས་ལྟ་ན་སྡུག་པར་སྣང་ཞིང་། དེ་ཚོའི་རྒྱབ་གྲིབ་རིང་མོའི་ནང་བཀབ་པའི་ཁང་ཆུང་ཧྲལ་ཧྲུལ་རྣམས་ནི་མག་མོག་ཙམ་ལས་མི་མངོན། རྩྭ་ས་ལས་ལོག་ཡོང་བའི་གཡང་དཀར་གྱི་ལུག་ཁྱུ་རྣམས་ནི་ལུག་རྫི་བའི་ཤུ་སྒྲའི་ཁྲོད་དུ་རྡུལ་འཚུབ་ཅིང་།  གཡུལ་སར་ཤོར་བའི་དཔུང་སྡེ་ཞིག་ལྟར་དུ་ཞག་བུན་བུན་འཁྲིགས་པའི་གྲོང་ཚོ་གསུམ་པའི་ཡུལ་སྡེར་རྒྱུགས། 

        གཞུང་ལམ་གྱི་ཕ་རོལ་དུ་སླེབས་པ་ན། བདེ་སྐྱིད་སྒྲོལ་མས་ལྟག་རྒྱབ་ཀྱི་གྲོང་ཚོར་ཕྱི་བལྟས་ཤིག་བྱས་པས་མིག་ལམ་དུ་ཤར་བའི་ཡུལ་ལྗོངས་དེར་ཡིད་ཤིན་ཏུ་རངས། "ཨ་མ་མ།   མཛེས་པའི་བ་གམ་ཅན་འོད་ཀྱིས་མནབས་ཤིང་། མདོག་ཉེས་ཁང་ཧྲུལ་གྲིབ་ཀྱིས་བཀབ། ཁྲི་གདུགས་ཉི་མ་བཞུད་ལ་ཁད་ཀྱང་། དགུན་གྱི་སྨུག་པས་འབྲོག་སྡེ་རྒྱན།"མོས་སྙན་ངག་འདྲ་བའི་བསྟོད་ཚིག་འདོན་གྱིན། ལག་འཁྱེར་ཁ་པར་ཉི་གྲིབ་གཅིག་ཏུ་བསྲེས་པའི་འབྲོག་སྡེ་དེར་གཏད་ནས་པར་རྫོགས་མེད་བརྒྱབ། འཇིག་རྟེན་ཁ་དཔེར་བརྟན་ཅིང་བརྟག་པ་མ་བྱས་ན། དུ་བ་རླངས་པར་འཛོལ་བཟོ་ཡོད་ཅེས་པ་ཅིས་མི་བདེན། ལུག་ཁྱུའི་རྗེས་ཀྱི་ལྡིང་རྡུལ་དང་དུད་ཁྱིམ་རེ་ལས་འཕྱུར་བའི་དུ་ཞག་རྣམས་ཡུག་གཅིག་ཏུ་བསྲེས་ནས་ནམ་མཁར་ལང་ལིང་དུ་འཁྲིགས་ཏེ། ལ་ཁའི་ཉི་མའི་ཟེར་ཕྲེང་འོག་དལ་མོར་འཕྱོ་དུས། ངོ་མ་གྱ་གྱུའི་སྨིག་རྒྱུའམ་རབ་རིབ་ཀྱི་སྨུག་པ་ཞིག་དང་འཕྲུལ་བར་སླ། འོན་ཏེ།  གྲང་རེག་གིས་གཙེས་པའི་དགུན་དུས་ཀྱི་འབྲོག་སྡེ་དེ་འདྲ་བ་ཞིག་ལ་སྨིག་རྒྱུ་དང་སྨུག་པ་ཞིག་གང་ནས་ཡོང་ངམ།

        ཉིན་གཉིས་པའི་ནམ་གསལ་ཙམ་ལ། ཚེ་?ར་དང་བདེ་སྐྱིད་སྒྲོལ་མ་དེ་བཞིན་ལས་བྱེད་གསར་པ་ཉི་སྐྱིད་བཅས་འཁྱག་སིག་སིག་ངང་ལག་གཉིས་ལྭ་ཁུག་ནང་བཅགས་ནས་གྲོང་ཚོ་གསུམ་པའི་ཕྱོགས་སུ་ཆས་ཡོང་། གཞུང་ལམ་གྱི་སྒང་ས་ནས་མར་བལྟ་བྱེད་དུས། བྱང་ངོས་ཀྱི་འདམ་རྭའི་ངོགས་ན་སྐར་གྲལ་ལས་བྲལ་བའི་སྐར་མ་ལྟ་བུའི་ཁེར་རྐྱང་དུ་གནས་པའི་བསོད་ནམས་དབང་མོའི་སྡོད་ཁང་གོག་ཧྲུལ་དེ། མག་མོག་ཏུ་རིག་ཐུབ།

        "གལ་ཏེ་འཕྲིན་ཕྲན་ནང་རྨོ་བོ་བསོད་ནམས་དབང་མོར་ཞལ་འདེབས་རྒྱག་པའི་སྐུལ་སློང་ཞིག་བྱས་ན་ཅི་དྲག"མ་གཞི་ཉི་སྐྱིད་ཀྱིས་སྒྲ་གདངས་དམའ་བོས་བདེ་སྐྱིད་སྒྲོལ་མར་དེ་ལྟར་བཤད་རུང་།  གང་ལྟར་ཚེ་?ར་གྱིས་གཏམ་དེ་ཐོས། ཁོས་ཁ་དཀྲིས་སྟུག་པོའི་སྟེང་ནས་ཧང་བསངས་པའི་མིག་ཆེན་པོ་ཞིག་མོར་ཅེར་ནས"ཨ་ཧོ། དེ་འདྲ་རྩ་བ་ནས་བྱེད་མི་ཉན། ད་ལྟ་ཤང་ཀྲང་མིག་དམར་གྲོང་ཁྱེར་གྱི་སྔོན་ཐོན་མི་སྣར་འདེམས་གྲབས་ཡོད་པ་དང་། ངེད་ཤང་དཔལ་ཡོན་ལྡན་པའི་ཤང་གི་མཚན་སྙན་ལ་བརྩོན་ལེན་བྱེད་བཞིན་པའི་འགག་རྩའི་དུས་དེ་འདྲར་?་ཡར་བཀྱགས་ནས་རང་གི་རྐང་པར་གཞུ་བའི་ལས་ག་ནས་བྱེད་རུང་། གཉིས་ནས་དེ་ལྟར་བྱས་ན་རང་ཁག་གཞན་གཡོགས་ཀྱི་མིང་བཏགས་ཏེ་སྟེང་འོག་གཉིས་ནས་བཙིར་ཤུགས་བཟོད་མི་ཐུབ་པ་ཡོང་རྒྱུ་རེད།  དེས་ན་དོན་དེ་རིགས་གནས་སྐབས་འགེབས་གང་ཐུབ་བྱ་རྒྱུ་ལས་སོ་སོས་ཕྱིར་སྔོ་ལོ་འཕྱར་མི་རུང"ཞེས་ཟེར།

        ནམ་ཡོངས་སུ་གསལ་མེད་པས། སྡེ་ཚོའི་འཁྱིལ་ཆུའི་དབུས་ན་ཟླ་བརྙན་ཞིག་ཆུ་གཉེར་གྱིས་བདས་ནས་འདར་སིག་སིག་བྱེད། གྲང་ངད་དེ་ཙམ་ལ་ཆུ་ཁར་དར་མ་ཆགས་པར་ཆུ་མོས་དབྱར་གྱི་མཆོར་ཆས་སྤྲད་ཅིང་།  ཟླ་བརྙན་རྒྱན་དུ་བྱེད་པའི་སྣང་ཚུལ་དེར་བདེ་སྐྱིད་སྒྲོལ་མ་ཡ་ཅུང་མཚན་ནའང་བསམ་བློ་གཏིང་ཟབ་གཏང་མ་འདོད།  ཁོ་ཚོ་བསོད་ནམས་ལྷ་མོའི་ཁྱིམ་དུ་འབྱོར་དུས་གྲོང་ཚོའི་ལས་བྱེད་པ་དག་ཀྱང་དེར་སླེབས་ཟིན་ཡོད།  ཁོ་ཚོས་སླར་ཚོམས་ཆེན་དང་སྒོ་རྭར་གད་བདར་རེ་བྱས་པ་དང་། གྲོང་ཨུད་ནས་ཤ་སྐམ་དང་ཕྱུར་བ། བྲོ་སྲེག ཐུད་གདར་སོགས་ཁ་ཟས་སྡེར་མ་འགའ་དབོར་ཡོང་སྟེ་ཚོམས་ཆེན་གྱི་ཅོག་སྟེང་དུ་བསྒྲིགས།

བདེ་སྐྱིད་སྒྲོལ་མས་ལྭ་ཁུག་ནས་རྒྱན་ཆའི་སྣོད་སྒམ་ཆུངཆུང་ཞིག་བཏོན་པ་དང་དེའི་ནང་ནས་གསེར་གྱི་རྣ་ལོང་གཡག་མིག་ཙམ་གཉིས་བླངས་ཏེ་བསོད་ནམས་ལྷ་མོའི་རྣ་ལ་འདོགས་རོགས་བྱས། 

        བསོད་ནམས་ལྷ་མོས་རས་སྔོ་དམར་ལྗང་ནག་བཞི་ཡི་མཐའ་རྒྱན་བཏང་བའི་པགས་ཚགས་གསར་པ་ཞིག་ལུས་ལ་མནབས་ཤིང་། སྐེད་པར་བལ་སྐུད་ཀྱིས་བསླས་པའི་སྐ་རགས་དམར་ཁྲ་ཞིག་དཀྲིས་ཏེ་ཆབ་མའི་ཚབ་བྱས། དེའི་སྟེང་སྐེད་གྲི་ཆུང་ཆུང་ཞིག་དང་གཡེར་ཆུང་ཚོམ་བུ་ཞིག་འཕྱང་འཕྲུལ་དུ་བཏགས་ཡོད་པས། ཡར་འགྲོ་མར་འགྲོ་བྱེད་སྐབས་སི་ལིང་སི་ལིང་ཞེས་པའི་སྐད་སྙན་ཞིག་གྲགས་འོང་། མོའི་མགོ་སྐྲ་གཙང་མར་བཀྲུས་ཡོད་ཅིང་། ཕྲ་ལ་རིང་བའི་ལན་བུ་དུ་མ་སྤྱི་གཙུག་ནས་དཔུང་པ་གཡས་གཡོན་གྱི་བར་དུ་དཔྱངས། བྱུར་དམར་དང་གཡུ་གསར་ཕྲེང་བརྒྱུས་བྱས་པའི་རྒྱན་ཞིག་དཔྲལ་བའི་སྐྲ་མཚམས་ནས་ལན་བུ་དག་དང་མཉམ་དུ་མགོ་བོའི་གཞོགས་གཉིས་ལ་དཔྱངས་ཤིང་། རྣ་རྩེ་ལས་འཕྲུལ་བའི་གསེར་འོད་ཆེམ་ཆེམ་གྱི་གསེར་རྣའི་མདངས་དེས་མོའི་བཞིན་རས་དེ་བས་བཀྲག་མདངས་ལྡན་པར་གྱུར། རྒྱུན་གོས་ཕལ་པ་མནབས་པའི་མི་ཚོགས་ཀྱི་ཁྲོད་དུ་གཟབ་མཆོར་གྱིས་བརྒྱན་པའི་བསོད་ནམས་ལྷ་མོ་ནི་རྨ་བྱ་ཕོ་རོག་གི་ཚོགས་སུ་བབས་པ་ལྟར་མངོན་པར་གསལ་ཞིང་ཧ་ཅང་གཟི་བྱིན་ལྡན་པས། མོ་ནི་གཉེན་སྟོན་ཉིན་གྱི་མནའ་གསར་འཇོ་སྒེག་ཞིག་དང་ཨ་ན་མ་ན་རེད།

        དགུན་གནང་བཞག་ཟིན་པའི་བསོད་ནམས་ལྷ་མོའི་ཚ་བོ་ནོར་བུ་དེ་ཉིན་རྫི་བོར་འགྲོ་མི་དགོས་པས། ཁོས་སྣབས་རྟུག་རྔུབ་ཀྱིན་དུ་ཡ་མཚན་ཆེན་པོས་རྨོ་བོའི་མཆོར་ཆས་ལ་ལྟ་ཞིང་། ཡང་མཐེ་བོང་གི་མཛུབ་རྩེར་སོ་རྒྱག་གིན་དུ་ནང་ལས་ལས་མཁན་མི་རྒྱུས་མེད་དེ་དག་ལ་མཚར་སྣང་ཆེན་པོའི་ངང་ལྟ་གིན་སྡད། དེ་ནས་ནོར་བུའི་མིག་ལམ་དུ་གསར་དུ་སླེབས་པའི་བརྙན་འཕྲིན་འཕྲུལ་ཆས་ལེབ་ཆེན་དེ་རིག་སྐབས། དྭངས་ཤིང་གཙང་ལ་ཆེ་ཞིང་སྒོར་བའི་མིག་ཟུང་དེ་འཕྲལ་ཀེམ་ཀེམ་དུ་གཡོ་ཞིང་། ཟུམ་ཟུམ་བྱེད་པའི་རྫི་མ་རིང་པོའི་འོག་ལས་དགའ་སྤྲོའི་འོད་རླབས་ཤིག་འཕྱུར་ཡོང་། ཁོས་བརྙན་ཤེལ་སྟེང་གིགོང་མའི་ན་བཟའ་གསར་བཞེས་པའི་འགུལ་རིས་གློག་བརྙན་དེར་ལྟ་ཞིང་། དེའི་ནང་གི་ཚེམ་བུ་བ་གཉིས་པོས་སྐུད་མེད་ཀྱི་ཚེམ་བུ་ཡིན་མདོག་ངང་རྒྱག་པའི་སྣང་ཚུལ་དེ་མཐོང་སྐབས། ཁོ་དབང་མེད་གད་མོ་ཤོར། བུ་ནོར་བུའི་བསམ་པར་ཚེམ་བུ་བ་དེ་གཉིས་ནི་ཨ་ཕྱིས་རྟག་ཏུ་འཆད་པའི་བ་མོ་མེད་པའི་ཞོ་དཀྲོག་དང་བྱ་དེ་མེད་པའི་སྒོ་ང་ཐུབ་མཁན་གྱི་སྒྱུ་འཕྲུལ་ཅན་དེ་འདྲ་ཡིན་ངེས་བསམས། 

        བཅུ་གཉིས་བདག་པོ་དེ་ཤར་རིའི་ཕྲག་ལས་ལྷ་ཡི་རྫིང་རིང་དུ་དལ་གྱིས་བྱོན་པའི་དུས་སུ། གཞུང་ལམ་སྟེང་ལས་འཇར་པན་གྱི་བྱེས་བགྲོད་རླངས་འཁོར་གཉིས་གཞོལ་ཡོང་ཞིང་།   བསོད་ནམས་ལྷ་མོའི་སྒོ་ཁར་ཁ་བཀག 

        ཉུའུ་ཧྲུའུ་ཅི་དང་ཤང་ཀྲང་མིག་དམར་གཉིས་པོས་གྲོང་ཁྱེར་བརྙན་འཕྲིན་ལས་ཁུངས་ཀྱི་ལས་བྱེད་པ་གསུམ་དང་རྫོང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་སྐུ་གཞོན་ཛའོ་ལགས་བཅས་ལ་ཕེབས་ལམ་ཁྲིད་ཀྱིན་བསོད་ནམས་ལྷ་མོའི་སྒོ་རྭར་འཛུལ་ཡོང་། ཤང་ཀྲང་མིག་དམར་གྱིས་སྒོ་རྭའི་སེམས་ཅན་དག་ལ་མཛུབ་ཛཱགས་བྱེད་ཀྱིན་ཁོང་རྣམ་པར་ཅི་ཞིག་ངོ་སྤྲོད་བྱེད་པ་དང་། ཉུའུ་ཧྲུའུ་ཅི་ནི་གྲ་སྒྲིག་ལས་ཀར་བློས་འཁེལ་རང་མ་བྱུང་བས། ཤང་ཀྲང་མིག་དམར་གྱིས་སྐུ་མགྲོན་ལ་དབུ་སྐོར་ཞུས་པའི་སྐབས་དང་བསྟུན་ནས་ཤུག་ཤུག་ངང་ཐོག་ཁང་གི་ཚོམས་ཆེན་དུ་བཅར། ཁོས་གཟབ་མཆོར་ལེགས་པར་བརྒྱན་པའི་བསོད་ནམས་ལྷ་མོའི་གམ་དུ་སྣབས་རྟུག་ཚེར་ཚེར་གྱི་ཕྲུ་གུ་སྐྱུག་བྲོ་བ་ཞིག་བསྙེས་ནས་བརྙན་འཕྲིན་ལྟ་བ་རིག་ཕྲལ། དེ་མུར་བསོད་ནམས་ལྷ་་མོའི་གན་དུ་སོང་ནས་སྐད་གདངས་དམའ་ཙམ་གྱིས"དེ་ཁྱེད་ཀྱི་ཚ་བོ་ཨེ་ཡིན"ཞེས་དྲིས། བསོད་ནམས་ལྷ་མོས་ཅི་ཟེར་སྐད་བརྡ་མ་འཕྲོད་པས། ཁ་བསྐོར་ཏེ་འགྲམ་གྱི་ལས་བྱེད་པ་དག་ལ་རྨོངས་པོའི་ངང་བལྟས། བདེ་སྐྱིད་སྒྲོལ་མས་ཚུལ་དེ་མཐོང་བ་དང་མྱུར་མོར་མོའི་གམ་དུ་ཡོང་ནས་ཉུའུ་ཧྲུའུ་ཅིའི་གཏམ་དེ་སྐད་བསྒྱུར་བྱས་པས། བསོད་ནམས་ལྷ་མོས་ད་གཟོད་ཤུགས་ཀྱིས་མགོ་ལྕོག་ལྕོག་བྱས།

        ཉུའུ་ཧྲུའུ་ཅིས་སླར"ཁྱེད་ཀྱི་ཚ་བོ་བརྙན་ལེན་བྱ་ཡུལ་དུ་འཁྲིལ་ནས་བསྡད་ན་མི་སྒྲིག"ཅེས་གསུངས། བདེ་སྐྱིད་སྒྲོལ་མས་སླར་སྐད་ཆ་དེ་བསོད་ནམས་ལྷ་མོར་སྐད་བསྒྱུར་བྱས་པས་མོས་དེ་མ་མྱུར་དུ་ཚ་བོ་ཕྱིར་རྩེད་མོ་རྩེད་བར་འགྲོ་རྒྱུའི་སྐུལ་འདེད་བྱས་ནའང་། ཚ་བོ་ནི་འགུལ་རིས་བརྙན་འཕྲིན་ལེ་ཚན་དེ་བློས་མི་ཐོང་བས་གཡོལ་གཟུར་ཅི་ཐུབ་བྱས་ནས་མ་ཕྱིན། མཐར་བདེ་སྐྱིད་སྒྲོལ་མས་ཁུག་མ་ལས་དངུལ་ལོར་སྒོར་ལྔ་བཏོན་ཏེ་ནོར་བུར་བྱིན་ནས་ཤང་གི་ཚོང་ཁང་དུ་རྔན་པ་ཉོ་བར་སོང་ཞེས་བཤད་པས། བུ་ནོར་བུས་གཞི་ནས་ཕྱིར་བུད་ཅིང་། ཉུའུ་ཧྲུའུ་ཅི་ཡང་ད་གཟོད་འོག་ཐོག་ཏུ་བབས་ནས་མུ་མཐུད་ཛའོ་པུའུ་ཀྲང་སོགས་ཀྱི་གཞོགས་རོགས་གནང་། 

ཉུའུ་ཧྲུའུ་ཅི་མར་བབས་ཡོང་བ་མཐོང་བས། ཤང་ཀྲང་མིག་དམར་སླར་ཤུག་ཤུག་ངང་སྟེང་ཐོག་ཏུ་འཛེགས་པ་དང་ཚོམས་ཆེན་ནང་དུ་ཡོད་པའི་གྲོང་དཔོན་གཞོན་ནུ་མ་དེར་ལག་གཡུག་བྱས་ཏེ་སྒོ་འགྲམ་དུ་སྐད་བཏང་ནས"ཁྱོད་ཚོས་འདམ་རྭའི་ངོགས་ཀྱི་རྨོ་བོ་བསོད་ནམས་དབང་མོར་དེ་རིང་ཡིན་གཅིག་ལྟ་སྲུང་ཡག་པོ་བྱེད་དགོས། མོ་འདི་ཁུལ་དུ་ཡོང་ནས་གང་བྱུང་བཤད་དུ་འཇུག་མི་རུང" ཞེས་བཀའ་རྒྱ་ཤུབ་ཤུབ་ཏུ་བཏང་།  གྲོང་དཔོན་གཞོན་ནུ་མ་དེས་ལགས་སོ་ལགས་སོ་ཞུས་རྗེས་སྐས་ལས་བབས་ཏེ་བྱ་འཕུར་བ་ལྟར་བྱང་གི་རྨོ་བོ་བསོད་ནམས་དབང་མོའི་ཁང་པ་གོག་ཧྲུལ་རྩྭ་ངན་གྱིས་མཐའ་བསྐོར་བ་དེའི་ཕྱོགས་སུ་བརྒྱུགས།

དེ་རྗེས་ཤང་ཀྲང་མིག་དམར་ཡང་སྐས་ལས་བབ་ཅིང་། ཉུའུ་ཧྲུའུ་ཅིར་ད་ཆ་སྟེང་དུ་གྲ་སྒྲིག་ཨང་གསར་བྱས་འདུག ཁོང་ཚོ་ཁྲིད་འོང་ན་འགྲིག་ཅེས་པའི་མིག་བརྡ་ཞིག་ལྐོག་ཏུ་འཕངས། 

        ཛའོ་པུའུ་ཀྲང་དང་རི་འཛེག་པའི་ལྭ་བ་དམར་པོ་གྱོན་པའི་གསར་འགོད་པ་བུད་མེད་ཅིག་ཉུའུ་ཧྲུའུ་ཅིའི་ལམ་ཁྲིད་འོག་སྐས་ལས་ཡར་འཛེག་ཡོང་བ་དང་། དེ་མིན་གྱི་གསར་འགོད་པ་སྐྱེས་པ་གཉིས་རྒྱ་སྒོ་ཕྱི་ཡི་རླངས་འཁོར་ནས་བརྙན་ལེན་ཡོ་བྱད་ལེན་པར་བུད།

        གསར་འགོད་པ་བུད་མེད་དེས་ཚོམས་ཆེན་དུ་འཛུལ་འཕྲལ་གང་སར་ལྟ་ཞིབ་བྱེད་ཅིང་། ཆ་སྒམ་སྟེང་གི་བར་སྟོང་དུ་མཛུབ་ཛཱགས་ཤིག་བྱས་ནས་འགྲམ་དུ་ཡོད་པའི་ཛའོ་པུའུ་ཀྲང་ལ་ཤུབ་ཤུབ་ཀྱི་གཏམ་ཞིག་བཤད་པ་དང་། ཛའོ་པུའུ་ཀྲང་གིས་ཁ་ཚུར་བསྐོར་ནས་སླར་ཤང་ཀྲང་མིག་དམར་ལ་ཤུབ་ཤུབ་ཀྱི་གཏམ་ཞིག་བཤད། ཤང་ཀྲང་མིག་དམར་གྱིས་ཐད་ཀར་བསོད་ནམས་ལྷ་མོའི་གམ་དུ་བཅར་ནས་ཆ་སྒམ་ལ་ཛཱགས་ཤིང་གཏམ་འགའ་བཤད་པས། བསོད་ནམས་ལྷ་མོས་རྒྱུག་མ་འདུར་གྱིས་ཁང་པ་གཞན་ཞིག་གི་ནང་དུ་སོང་སྟེ་མའོ་ཀྲུའུ་ཞིའི་ལྕགས་པར་ཞིག་པང་དུ་བཏབ་ནས་ཡོང་བ་དང་། ལྕགས་པར་དེ་གཟབ་ནན་ངང་ཆ་སྒམ་སྟེང་དུ་བསྒྲིགས་ཤིང་མཇལ་དར་གསར་པ་ཞིག་དེར་བསྒྲོན། 

        དེའི་སྐབས་བརྙན་ལེན་བྱེད་མཁན་གསར་འགོད་པ་དེ་གཉིས་པོས་ཚོམས་ཆེན་གྱི་སྒེའུ་ཁུང་འོད་ལ་རྒྱབ་བལྟས་ཏེ་པར་ལེན་འཕྲུལ་ཆས་སྒྲིགས་ཤིང་། འཕྲུལ་ཆས་དེའི་འགྲམ་པ་དང་སྐད་པར་གྱི་སྐེ་ལ"དམངས་དོན་དངོས་ཞུ"ཞེས་པའི་ལེ་ཚན་གྱི་མིང་དང་ལས་ཁུངས་ཀྱི་མཚོན་རྟགས་རྣམས་ཚོན་རིས་ཀྱིས་བཀོད་འདུག

        བུད་མེད་གསར་འགོད་པ་དེས་འཕྲུལ་ཆས་ཀྱི་གཏད་ཕྱོགས་ལ་གཞིགས་་ནས་ཅོག་ཙེའི་སྟེང་གི་སྡེར་མ་རྣམས་དང་མའོ་ཀྲུའུ་ཞིའི་ལྕགས་པར་སྒྲིག་བསྐྱོར་ཞིག་བྱས་ཤིང་། བདེ་སྐྱིད་སྒྲོལ་མར་བརྙན་འཕྲིན་གྱི་འགུལ་རིས་ལེ་ཚན་དེ་གསར་འགྱུར་ལེ་ཚན་དུ་འཕོ་རུ་བཅུག དེ་རྗེས་གསར་འགོད་མས་བསོད་ནམས་ལྷ་མོར"ཁྱེད་རང་གི་ཁྱིམ་ནང་མེ་ཏོག་གསོས་མེད་དམ"ཞེས་དྲིས།

        "མེ་མེ་་་་་མེ་ཏོག་མེད་ལགས་རྒན་དྲིན་ཆེན།"བསོད་ནམས་ལྷ་མོས་གསར་འགོད་མའི་དྲི་གཏམ་ཐོས་པས་ད་ནི་བགྲོ་གླེང་འགོ་འཛུགས་གྲབས་ཡོད་པ་མིན་ནམ་སྙམ་ནས་སེམས་འཚབ་ཅིང་ལྕེ་ཡང་མི་བདེ་བར་གྱུར། 

        "ཨ་མ་ལགས། ཁྱེད་རང་ཐུགས་འཚབ་དེ་འདྲ་གནང་དགོས་མ་རེད། ཁྱེད་རང་ང་ཚོས་བཤད་པ་ལྟར་དུ་གནང་ན་འགྲིག ང་ཚོས་སྔ་ས་ནས་བཀོད་སྒྲིག་ཟིན་པ་ཡིན"གསར་འགོད་མས་དེ་ལྟར་བཤད།

        བསོད་ནམས་ལྷ་མོས་གཏམ་དེའི་དོན་ཕྱེད་རྟོགས་ཤིང་དོན་ཕྱེད་ལ་རྨོངས་ནའང་སེམས་འཚབ་པའི་རྐྱེན་གྱིས་ཟ་རི་ཟི་རིའི་ངང་མགོ་ལྕོག་ལྕོག་བྱས། 

        གསར་འགོད་མས་སླར་ཉུའུ་ཧྲུའུ་ཅིར་གཏད་ནས"ང་ཚོའི་འབྲོག་དམངས་རྣམས་བདེ་སྐྱིད་བག་ཕེབས་ཀྱི་འཚོ་བར་རོལ་བཞིན་ཡོད་པ་མཚོན་ཆེད། ང་ཚོར་རྨོ་བོས་མེ་ཏོག་ལ་ཆུ་རྒྱག་བཞིན་ཡོད་པའི་བརྙན་དུམ་ཞིག་དགོས་འདུག"ཅེས་བཤད།

        ཉུའུ་ཧྲུའུ་ཅིས་ཤང་ཀྲང་མིག་དམར་ལ་ཁ་བསྐོར་ནས་གྲོས་མོལ་རོབ་ཙམ་བྱས་པ་ན། ཤང་ཀྲང་མིག་དམར་གྱིས་གསར་འགོད་མར་བྱ་དཀའ་བྱེད་གཏད་ཀྱི་རྣམ་འགྱུར་ཞིག་བསྟན་ནས"ང་ཚོའི་ས་འདིར་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད་4500ལྷག་ཡོད་ལ།  ལྷག་པར་འབྲོག་དམངས་རྣམས་ལ་མེ་ཏོག་གསོ་བའི་ཁོམ་པ་ཧ་ཅང་དཀོན་པ་ཡིན"ཞེས་བཤད་པས། གསར་འགོད་མས་འུ་ཐུག་པོའི་ངང"ཨ་ལས། འོ་ན་ཇ་བསྲུབས་མ་འཐུང་བའི་བརྙན་དུམ་དུ་བསྒྱུར་རྒྱུ་ལས་འོས་མེད"ཟེར།

        སྲུབས་ཇ་འཐུང་བའི་བརྙན་དུམ་པར་དུ་ལེན་རྒྱུ་ཡིན་ཞེས་པ་ཐོས་འཕྲལ། བསོད་ནམས་ལྷ་མོས་འཚབ་འཚུབ་ངང་བདེ་སྐྱིད་སྒྲོལ་མའི་གན་དུ་སོང་ནས་སེམས་ཁྲལ་ཆེན་པོས"འོ་ཡག ད་ངེད་ཚང་གི་གློག་མདོང་སྐྱོན་ཤོར་བས། ཅི་དྲག"ཅེས་བཤད།

        བདེ་སྐྱིད་སྒྲོལ་མས་གཏམ་དེ་ཐོས་འཕྲལ་དེ་མ་མྱུར་དུ་གྲོང་ཨུད་ནས་ཇ་སྲུབས་འཕྲུལ་ཆས་ཤིག་པང་དུ་བཏབ་ཅིང་རྒྱུགས་ཡོང་བ་དང་། འཁྱུག་ཙམ་ཞིག་ལ་བོད་ཇ་ཇ་དམ་གང་བསྲུབས།

        ཚོམས་ཆེན་ནང་། རིམ་ཁག་གི་ལས་བྱེད་པ་དག་དང་། བསོད་ནམས་ལྷ་མོའི་བུ་རྒན་པ་ལྷག་པ་སོགས་བརྙན་ལེན་འཕྲུལ་ཆས་ཀྱི་རྒྱབ་ཏུ་ལངས་ནས་ལང་ལོང་སྤྲིན་ཚོགས་ཀྱིས་ཟླ་བར་རུབ་པ་ལྟར་པར་ལེན་བྱ་ཡུལ་དུ་ལྟ་རུབ་བྱེད། བསོད་ནམས་ལྷ་མོ་ནི་འོད་མདངས་འཕྲོ་བའི་ཅོག་ཙེ་དང་བཀྲག་ཆེ་བའི་གཙང་རུམ་གྱི་དཀྱིལ་དུ་འཁུམ་མེར་བསྡད་ནས་བརྙན་ལེན་མཁན་མདུན་གྱི་སུག་བཞི་ལྡན་པའི་འཕྲུལ་ཆས་དང་། རང་ཕྱོགས་སུ་བསྲིངས་ཡོང་བའི་ཡོ་བྱད་རིང་པོ་དབྱུག་རྩེར་ར་ལྤགས་ནག་པོ་གཡོག་འདྲ་དེར་ཞུམ་ཞུམ་གྱིས་ལྟ་ཞིང་། མོའི་ཚུལ་དེ་ནི།བཙན་ཤུགས་འོག་དོར་མ་རྐུབ་འོག་ཏུ་ཕུད་ཅིང་།  ཨ་ཕའི་མཆན་འོག་ནས་འཇིགས་དངངས་ཆེན་པོའི་ངང་སྨན་པས་སྨན་ཁབ་གྲབས་པར་ལྟ་བཞིན་པའི་བྱིས་པ་ཞིག་དང་ཅིས་མི་མཚུངས། 

        གསར་འགོད་མས་བསོད་ནམས་ལྷ་མོའི་གམ་དུ་ཡོང་སྟེ་པར་ལེན་བྱེད་སྐབས་ཡིད་གཟབ་བྱ་དགོས་པ་གང་དང་པར་ལེན་གྱི་གོ་རིམ་གང་ཡིན་གསལ་བཤད་བྱས།"བརྙན་དུམ་དང་པོ་དེར། ཨ་མ་ལགས་ཁྱེད་རང་འདིར་བཞུགས་ནས་ངའི་བཅར་འདྲིར་ལྗགས་ལན་གནང་རྒྱུ་དེ་རེད། ཡིད་གཟབ་གནང་དགོས་པར་ཁྱེད་རང་ཡིན་གཅིག་ཐུགས་ལྷོད་པོའི་ངང་ལན་འདེབས་པ་ལས་འཚབ་འཚུབ་དང་འཚེར་སྣང་གཏན་ནས་གནང་མི་རུང་། ལན་འདེབས་དུས་གསུང་ཆེ་ཙམ་དང་ཚིག་གསལ་ཙམ། ལྗགས་བདེ་པོ་སྒྲ་དག་པོ་གཏམ་རྒྱུན་ཆུ་རྒྱུག་རྒྱུག་དགོས་ཤིང་། ལྷག་པར་ཐོག་མཐའ་བར་གསུམ་དུ་བཞིན་སྟེང་ནས་བདེ་སྐྱིད་ལྡན་པའི་མཛུམ་ཞིག་ངེས་པར་དུ་འཕྱུར་དགོས། བརྙན་དུམ་གཉིས་པ་དེ་ནི་ཨ་མ་ལགས་ཁྱེད་རང་ཡངས་ཤིང་གཙང་བའི་ཚོམས་ཆེན་གསར་པ་འདི་ཡི་ནང་དུ་བརྙན་འཕྲིན་གཟིགས་ཀྱིན་གསོལ་ཇར་རོལ་བཞིན་པ་དེ་ཡིན། པར་ལེན་སྐབས་ངེས་པར་དུ་བཞིན་འཛུམ་ལས་སེམས་ནང་གི་བདེ་སྐྱིད་དེ་མངོན་ཐུབ་པ་དགོས། བརྙན་དུམ་གསུམ་པ་ནི། ཁྱེད་རང་གིས་མའོ་ཀྲུའུ་ཞིའི་ལྕགས་པར་ལ་གཅེས་ཞིང་གུས་པའི་ངང་ཕྱིས་བརྡར་གནང་ཞིང……"དེ་ལྟར་གསར་འགོད་པས་གཅིག་རིམ་གཉིས་རིམ་གྱིས་སྲུང་བྱ་དུ་མ་བཤད། ཚུལ་དེ་ནི་རྣམ་ཐར་ཟློས་གར་འཁྲབ་ཁྲིད་པ་ཞིག་གིས་འཁྲབ་མིར་ཇི་ལྟར་འཁྲབ་ན་གཟིགས་མོ་བའི་ཡིད་དབང་འཕྲོག་ཐུབ་པ་ཡོང་རྒྱུའི་སྐོར་མཛུབ་ཁྲིད་གནང་བ་དང་ཨ་ན་མ་ན་རེད།

        འོན་ཏེ།  དེ་ལྟར་གཅིག  གཉིས། གསུམ་ཟེར་ནས་ཕྲེང་བཤད་རྒྱུད་བཤད་དང་།  འདི་མ་བྱེད་འདི་བྱེད་ཅེས་པའི་བསྡམ་རྒྱ་མང་དུ་མངགས་པ་འདིས།  དེ་ལས་ལྡོག་སྟེ་བསོད་ནམས་ལྷ་མོར་སེམས་འཚབ་ཅིག་བསླངས།  ཨ་ཙི། བརྙན་ལེན་ཟེར་བ་དེ་སླ་མོ་ཞིག་གཏན་ནས་མིན་པར་སྒྲིག་ཁྲིམས་དང་སྲུང་བྱ་མང་པོ་འདུག་པས།  དེ་དག་ངས་ངེས་ཐུབ་བམ།  ད་ངས་མིའི་ལས་ཀར་གནོད་ཀྱང་མི་སྐྱེལ་ལམ།  མོས་དེ་ལྟར་བསམས་ཤིང་།  སེམས་ནི་དེ་བས་རྟབ་རྟབ་བློང་བློང་དུ་གྱུར་བས།  གདོང་གི་སྟེང་དུ་གསར་འགོད་པར་དགོས་པའི"བདེ་སྐྱིད་ལྡན་པའི་འཛུམ་མདངས"དེ་གཏན་ནས་གྲབས་མ་ཐུབ།

གསར་འགོད་མས་བསོད་ནམས་ལྷ་མོར་ཤོག་བུ་རྐང་གཅིག་སྤྲད།  དེའི་སྟེང་དུ་བརྙན་ལེན་བྱེད་རིམ་ནང་བསོད་ནམས་ལྷ་མོས་བརྗོད་དགོས་པའི་བཅར་འདྲིའི་གཏམ་ལན་དག་བྲིས་ཡོད།  མ་གཞི་ཡིག་ཕྲེང་གསུམ་བཞི་ལས་མེད་རུང་།  བསོད་ནམས་ལྷ་མོས་དེའི་ནང་གི་ཡིག་འབྲུ་གཅིག་ཀྱང་ངོ་མི་ཤེས། དེས་ན། བདེ་སྐྱིད་སྒྲོལ་མས་ཚིག་རྐང་གཅིག་བཀླགས་པ་དང་། བསོད་ནམས་དབང་མོས་དེ་ཉན་རྗེས་བསྐྱར་ཟློས་ཐེངས་གཅིག་བྱས་ནས་སྦྱོང་བཞིན།  སླར་དཀའ་ཚེགས་ཆེན་པོས་ཚིག་དེ་བློ་འཛིན་ངག་ཟིན་བྱེད་པ་སྟེ། 

        "སྤྱི་ཚོགས་རྙིང་པ་ནི་ཆེས་མུན་ནག  ཆེས་གདུག་རྩུབ། ཆེས་ཀླ་ཀློ།  ཆེས་རྫས་ལུད……ཨ་ཙི་མ་རེད་མ་རེད།  ཆེས་རྗེས་ལུས……

        "ངས་ཞེ་ཐག་པ་ནས……ངས་ཞེ་ཐག་པ་ནས་ཤང་སྲིད་གཞུང་གི་ལས་བྱེད་པས་ངའི་སྡོད་ཁང་ཉམས་བཟོ་གནང་རོགས་དང་། རོགས་དངུལ……ཨེན……རོགས་དངུལ་ཞལ་འདེབས……"

        དེ་ལྟར་སྔོན་སྦྱོང་དང་ཚོད་ལྟ་ཐེངས་མང་བྱས་རྗེས།  གསར་འགོད་མས་དངོས་སུ་བརྙན་ལེན་བྱེད་རྒྱུའི་ཐག་བཅད།

        བརྙན་ལེན་འཕྲུལ་ཆས་འགྲམ་གྱི་འོད་གསབ་གློག་སྒྲོན་རྟ་ལྗང་ཅན་གྱི་འོད་སྣང་ལའང་ཟླ་བར་ནུས་པ་དེ་སྤར་བས། ཚོམས་ཆེན་ཡོངས་དེ་མ་ཉིད་དུ་བཀྲག་མདངས་ཀྱིས་གང་ནས་གནས་སྐབས་ཤིག་མིག་ཀྱང་གདངས་རྒྱུ་མི་བཟོད་པར་གྱུར།  བརྙན་ལེན་འཕྲུལ་ཆས་ཀྱི་ལྗོངས་ལེན་བརྙན་ཤེལ་ནང་དུ་འཆར་བའི་བསོད་ནམས་ལྷ་མོ་ནི་འོད་མདངས་བཀྲ་ཞིང་ལྟ་ན་སྡུག་པར་འདུག་ཀྱང་།  གདོང་གི་རྣམ་འགྱུར་དེ་ཧྲེང་སྐམ་དུ་གྱུར་བའི་ཀོ་བ་ཇི་བཞིན་བསྡམས་ཤིང་མི་ལྷོད་པར་སྣང་། གསར་འགོད་མས་བསོད་ནམས་ལྷ་མོར་སེམས་བག་ཕེབས་པ་ཞིག་ཡོང་ཕྱིར་ཐབས་སྣ་ཚོགས་པ་སྤྱད་ནས་བློ་སྣེ་ཁྲིད། "ཁྱེད་རང་གིས་དེ་སྔ་ཁྱེད་རང་ལ་སྤྲོ་བ་བྱིན་མྱོང་བའམ་སེམས་འགུལ་ཐེབས་མྱོང་བའི་དོན་འདྲ་ལ་འདང་རྒྱོབས་དང་། དཔེར་ན། ཤང་གི་ལས་བྱེད་པ་ཚོས་ཇི་ལྟར་ཁྱེད་ཀྱི་ཁང་པ་གསར་བསྐྲུན……"

        "འོ་དེ་ག་རང་།  བསོད་ནམས་ལྷ་མོ།  འདང་ཡག་པོ་རྒྱོབ་དང་།  འཚབ་འཚབ་མ་བྱེད། གསར་འགོད་པ་བློ་མཐུན་དང་སྐྱིད་བཤད་སྡུག་བཤད་བྱེད་ཀྱི་ཡོད་པར་རྩིས་ཞོག" གསར་འགོད་པའི་གཏམ་མཇུག་མ་ཐོན་པར་ཚེ་?ར་གྱིས་གློ་བུར་དུ་གཏམ་གླེང་གི་བར་གསེང་དུ་འཛུལ་ནས་གཏམ་ལ་ཧོབ་དཀྲོག་དེ་ལྟར་བྱས་པས། གསར་འགོད་མའི་སེམས་ལ་ཁྱད་མཚར་བའི་སྣང་བ་ཞིག་དང་ཁོང་ཁྲོ་ཕྲན་བུ་ལྷན་ཅིག་ཏུ་སྐྱེས།

        འོན་ཏེ། བསོད་ནམས་ལྷ་མོས་སེམས་འགུལ་ཐེབས་པའི་དོན་ཅི་ཞིག་དྲན་པ་ལྟར་གསར་འགོད་མར"ཨ་ལས་འོ་རེད། ཤང་དང་གྲོང་ཚོའི་ལས་བྱེད་པ་རྣམས་དངོས་གནས་སེམས་བཟང་ཅན་རང་རེད་འདུག ཁ་སང་དང་དེ་རིང་ཡིན་ན་ཁོ་ཚོས་ངའི་ཁྱིམ་ལ་གཙང་སྦྲ་གད་ཕྱིས་གནང་རོགས་གནང་ནས་སྐུ་ལས་བཟོས་སོང"ཞེས་ཟེར།

        "འོ། འདི་འདྲ་རེད། འོ། འདི་འདྲ་རེད། ད་ཁྱེད་རང་གིས་ཉམས་འགྱུར་དེ་འདྲ་རྐྱང་རྐྱང་མུ་མཐུད་དུ་རྒྱུན་འཁྱོངས་གནང་དང་། དཔེ་ཡག་པོ་འདུག"གསར་འགོད་མས་བསོད་ནམས་ལྷ་མོས་རང་འགུལ་ངང་གཏམ་ལྷུག་པོར་བརྗོད་པའི་ཚུལ་མཐོང་བས། དགའ་མགུ་དབང་མེད་དུ་སྐྱེས་ཤིང་བསོད་ནམས་དབང་མོའི་མཁྲིག་མར་ཐུག་ཐུག་གིས་ལན་འགའ་བཅག་བཅག་བྱས།  གསར་འགོད་མའི་དགའ་ཉམས་དེས་སྐུལ་བས། བསོད་ནམས་ལྷ་མོའི་གདོང་ལའང་འཛུམ་ཞིག་དབང་མེད་དུ་འཕྱུར་ཡོང་། མ་གཞི་བྱས་ན། ཁོང་གཉིས་པོའི་གཏམ་དེ་གཅིག་གིས་ཤར་དང་གཅིག་གིས་ནུབ་ཏུ་སྨྲ་ནའང་། དེར་འདུས་མི་ཚོགས་ཚོས་ཧ་ལམ་མ་ཚོར་བ་ལྟར་སྣང་། གསར་འགོད་མ་དགའ་བའི་རྐྱེན་གྱིས་འདིར་འདུས་མི་སོ་སོའི་གདོང་ལའང་མཉམ་དུ་ཡི་རང་པའི་འཛུམ་རེ་ཤར།

        གསར་འགོད་མས་ད་མཐུན་རྐྱེན་ཚང་སོང་སྙམ་ནས་པར་ལེན་བྱེད་མིར་ལག་བརྡ་ཞིག་བྱས་པས་བརྙན་ལེན་འཕྲུལ་ཆས་འགུལ་འགོ་བརྩམས་ཤིང་། འཕྲུལ་ཆས་ཀྱི་ངོས་ཤིག་ལས་གློག་བརྡ་དམར་པོ་ཞིག་འོད་ཆེམ་ཆེམ་བྱེད།

        བརྙན་རིམ་དང་པོ་དེ་པར་ལེན་བྱེད་པའི་བརྒྱུད་རིམ་ནང་། གསར་འགོད་མས་བསོད་ནམས་ལྷ་མོའི་ཕྱོགས་སུ་སྐད་སྦྲིག་གོ་ཡོག་འདྲ་བ་དེ་བརྐྱངས་ནས་བཅར་འདྲིའི་གཏམ་གཅིག་དྲིས་པར་བསོད་ནམས་ལྷ་མོས་ཀྱང་བག་ཕེབས་ངང་ལན་འདེབས་ཤིང་། "བདེ་སྐྱིད་ལྡན་པའི་འཛུམ་ཆུང"དེ་ཡང་མོའི་བཞིན་ངོར་ཅུང་ཟད་མངོན་ཐུབ་སོང་ནའང་། ལོ་ལེགས་ཐོག་ལ་བཙས་མ་མ་བརྔས་པར་མོས་ཤོག་སྟེང་གི"འཁྲབ་ཚིག"བཤད་ཚར་རྗེས་མུ་མཐུད་དུ་རང་མཚམས་ཀྱིས"ཤང་དང་གྲོང་ཚོའི་ལས་བྱེད་པ་ཚོས་དེ་རིང་ངའི་ཁྱིམ་ལ་གཙང་སྦྲ་གད་བདར་གནང་རོགས་དང་བརྙན་འཕྲིན་དབོར་ཡོང་ཞིང་སྒོ་རྭར་ཉམས་བཟོ་གནང་བར་སྙིང་ཐག་པ་ནས……"ཞེས་པའི་གཏམ་ཞིག་སྣོན་གིན་བསྡད།

        གཏམ་འཛོལ་དེ་འདྲ་བ་ཐོས་པས་བརྙན་ལེན་འཕྲུལ་ཆས་རྒྱབ་ཏུ་ལངས་ནས་ཡོད་པའི་ཚེ་?ར་ལ་བྲེལ་འཚུབ་ཆེན་པོ་ལངས་སྟེ་སྐད་གསང་མཐོན་པོས"མ་རེད། མ་རེད།  རྫོང་དུ་ཉམས་བཟོ་བྱས་པའི་བརྙན་འཕྲིན་ཚུར་དབོར་བ་རེད་ལ་སྒོ་རྭར་བཟོ་བཅོས་ཕྲན་བུ་བྱས་པ་རེད"ཅེས་ཡོ་བསྲང་བྱེད་ཁུལ་གྱིས་མོའི་གཏམ་དུམ་བུར་མ་གཅོད་ཀ་མ་བྱུང་། བསོད་ནམས་ལྷ་མོས་གཏམ་དེ་ཐོས་པས་ད་ཡིན་ན་ཆག་སྒོ་བསླངས་སོང་། གནའ་དཔེར་ལྟོ་འགྲངས་ཚོད་ལ་ཞོག གཏམ་གོ་ཚོད་ལ་ཞོག་ཟེར་བ་མ་ཡིན་ནམ། མི་བཟོ་དགུ་བཟོ་བཟོ་མཁནངའི་ཁ་དེ་རང་ཡིན་བསམས་ནས་མགོ་ག་ལེར་དུད་ཅིང་ལྕེ་ཡང་ཅུང་ཟད་བསྣར།  མིག་གཉིས་ཀེམ་ཀེམ་དུ་གཡོ་ཞིང་། ལག་གཉིས་སྡོད་ཚུགས་མེད་པར་པང་གདན་གསར་བ་དེའི་སྟེང་འཕུར་ནས་བསྡད། བཅར་འདྲི་བྱེད་བཞིན་པའི་གསར་འགོད་མས་ལས་ཡུལ་གྱི་ཕྱི་ནས་ཧོབ་སྟེ་གཏམ་ཡན་དེ་འདྲ་བ་ཐོན་ནས་ལས་ཀ་དཀྲོག་པར་ཁྱད་མཚར་ལ་ཨང་སྙམས་པའི་ཡ་མཚན་ཞིག་སྐྱེས་པས།  འཚིག་ཟའི་ངང་པར་ལེན་བྱེད་མིར་ཕབ་ཟིན་པའི་བརྙན་དུམ་དེ་བཅད་བསུབ་བྱེད་རྒྱུའི་བཀའ་བཏང་། ཐེངས་གཉིས་པའི་བསྐྱར་ཕབ་བྱེད་འགོ་བརྩམས་པ་ནས་བཟུང་། བསོད་ནམས་ལྷ་མོ་ནི་སླར་ཐོག་མའི་བག་འཁུམས་ཀྱི་རྣམ་པ་དེར་ལོག་ནས་ཤོག་སྟེང་གི་གཏམ་རྣམས་དམ་དུམ་ལྡབ་ལྡིབ་ལས་བརྗོད་མི་ཤེས་པར་གྱུར། གསར་འགོད་མ་ཐབས་ཟད་ནས་སྔ་ཕྱིར་དམ་དུམ་དུ་ཕབ་པའི་བརྙན་དུམ་དག་ཕན་ཚུན་མཐུད་ནས་ཕབ་རིམ་དེ་འགྲུབ་རྒྱུའི་ཐག་བཅད་རྒྱུ་ལས་ཐབས་མ་རྙེད།

        བརྙན་རིམ་གཉིས་པ་པར་ལེན་བྱེད་སྐབས། བསོད་ནམས་ལྷ་མོས་ལག་གཅིག་ཏུ་ཇ་ཕོར་བླངས་ནས་ཇ་འཐུང་ཁུལ་བྱེད་ནའང་། སེམས་བློང་བློང་ཡིན་པའི་རྐྱེན་གྱིས་མིག་བརྙན་འཕྲིན་ལ་བལྟ་དགོས་པ་རྦད་དེ་བརྗེད་ནས།  ཡང་གཡས་གཡོན་གང་ནས་ཅི་ཞིག་སྐྱོན་སྡིགས་བྱས་ཡོང་ངམ་སྙམས་པའི་ངང་ཇ་ཕོར་ཁ་འགྲམ་དུ་བཞག་ནས་མིག་ཧྲིག་ཧྲིག་གིས་གཡས་ལྟ་གཡོན་ལྟ་བྱེད་ཀྱིན་བསྡད། ཚུལ་དེ་ནི་རྒྱ་གར་གྱི་སྤྲེའུས་མིའི་འཁྲོམ་བཀྱག་སྟེང་ལས་ཤིང་འབྲས་རྐུ་ཟ་བྱེད་སྐབས་ཀྱི་རྣམ་པ་དང་ཨ་ན་མ་ན་ཡིན་པས། དོན་མི་ཤེས་པའི་མིས་བལྟས་ན་ཧ་ལམ་བསོད་ནམས་ལྷ་མོས་མིའི་ཁྱིམ་གྱི་ཇ་ལྐོག་འཐུང་བྱེད་ཀྱིན་ཡོད་པར་དོགས་ཀྱང་སྲིད། དེས་ན། བརྙན་དུམ་དེར་ཡང་ཕབ་ཐེངས་འགའ་ཤས་བྱེད་དགོས་བྱུང་།

        དེ་ལྟར་ཡང་སྐོར་བསྐྱར་སྐོར་ཐེངས་ཤས་བྱེད་ཀྱིན་དུ་ཞོགས་པ་གཅིག་གི་བརྙན་ལེན་ལས་འགན་དེ་འོ་བརྒྱལ་ངང་མཇུག་བསྒྲིལ། པར་ལེན་པ་སྐྱེས་པ་དག་གིས་ཡོ་བྱད་རྣམས་བསྡུ་གསོག་རྒྱག་ཅིང་། གསར་འགོད་མས་སྐད་སྦྲིག་གི་གློག་སྐུད་སྒྲིལ་གྱིན་བསོད་ནམས་ལྷ་མོར"གཟའ་འཁོར་མཇུག་མ་ནས་བཟུང་ངེད་ལས་ཁུངས་ཀྱི་གསར་འགྱུར་ལེ་ཚན་ལ་དོ་སྣང་མང་ཙམ་གནང་དང་།  ཁྱེད་རང་གིས་རང་ཉིད་བརྙན་འཕྲིན་ཐོག་ཏུ་གཟིགས་ཐུབ"ཅེས་བཤད།

        པར་ལེན་པ་ཚོས་བསྡུ་གསོག་ཚར་འཕྲལ།  ཉུའུ་ཧྲུའུ་ཅི་དང་ཤང་ཀྲང་མིག་དམར་གྱིས་ཛའོ་པུའུ་ཀྲང་དང་གསར་འགོད་པ་སྐུ་མགྲོན་རྣམས་ཕེབས་པར་གདན་དྲངས་ཤིང་ཤར་རེར་རྫོང་མཁར་ནང་གྲ་རྒྱས་ཤོས་ཡིན་པའི་གསོལ་སྟོན་ཁང་ཞིག་ཏུ་ཁྲིད།

         བསོད་ནམས་ལྷ་མོས་གཟབས་མཆོར་དག་ཕུད་ཅིང་། ལྗིད་ཏིག་གེ་བའི་གསེར་གྱི་རྣ་ལོང་དེ་མར་དཀྲོལ་ནས་ལག་གཉིས་ཀྱི་ཁྱོར་བའི་ནང་བཞག་སྟེ་བདེ་སྐྱིད་སྒྲོལ་མར་ཕུལ། བདེ་སྐྱིད་སྒྲོལ་མས་དེ་ལེན་ཞོར་དུ་བསོད་ནམས་ལྷ་མོའི་སྤྱི་གཙུག་ནས་དཔྱངས་པའི་གཡུ་བྱུར་དག་ལ་བྱིལ་བྱིལ་བྱེད་ཅིང་།"དེ་ཚོ་རིན་ཐང་ཆེན་པོ་རྐྱང་རྐྱང་ཡིན་ངེས"ཞེས་བཤད།

        བསོད་ནམས་ལྷ་མོས་བགད་ཙམ་བྱས་ནས"དེ་ཚོ་ནི་ཐའེ་དབན་ནས་ཐོན་པའི་ལ་ཆའི་འདྲ་བུས་ཡིན། རེ་རེར་སྒོར་རྩག་གཅིག་ཙམ་ལས་མི་གནས། གལ་ཏེ་གཡུ་བྱུར་ངོ་མ་ཡིན་ཚེ་རིན་ཐང་ཆེན་པོ་གནས་དང་གནས"ཞེས་བཤད།

        གཏམ་དེ་ཐོས་པས། བདེ་སྐྱིད་སྒྲོལ་མའི་མགྲིན་པ་ཤུགས་ཀྱིས་འགུལ་ཙམ་བྱས་ཤིང་། མིག་ཧྲིག་གེ་བར་ཡུད་ཙམ་འདང་རྒྱག་ཏུ་ལྷུང་།

        བསོད་ནམས་ལྷ་མོས་གཟབ་མཆོར་རྣམས་ཤིང་སྒམ་ཆེན་པོ་ཞིག་གི་ནང་བླུགས་རྗེས་སླར་ཕྱུ་པ་རྙིང་ཧྲུལ་དེ་གྱོན་ཞིང་པང་གདན་ནག་ནོག་དེ་བཏགས་ནས་བསྡུ་གསོག་གི་ལས་ལ་གྲབས། 

          བུ་ལྷག་པས་ལས་བྱེད་པ་རྣམས་ལ་ཕྱག་རོགས་ཞུས་ཏེ་མལ་ཁྲིའི་སྟེང་ལས་བཀྲག་མདངས་རབ་ཏུ་འབར་བའི་ཁ་གདན་རྣམས་མར་བཤུས་ཤིང་། ཕྲག་འགེལ་མཆན་བཙིར་བྱས་ནས་གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་བསྐྱལ།  དེ་རྗེས་འཕྲོ་རིམ་འཕྲོར་བརྙན་འཕྲིན་འཕྲུལ་ཆས་ཤང་ཁང་དུ་དབོར་བ་དང་ཅོག་ཙེ་དང་སྡེར་མ། དེ་བཞིན་ཇ་སྲུབས་འཕྲུལ་ཆས་སོགས་གྲོང་ཨུད་དུ་བསྐྱལ་ཏེ་མི་ལ་རས་པའི་རྣམ་ཐར་ནང་གི་ས་ས་སར་བསྐྱལ་བ་དང་?་?་སར་བསྐྱལ་བའི་དཔེ་ལྟར་བྱས། དེ་ནས་བསོད་ནམས་ལྷ་མོས་འོག་ཐོག་གི་མུན་ཁང་སྒོ་ཕྱེ་ཞིང་། ལྷག་པས་དེ་ནང་སྦས་པའི་ཅོག་ཙེ་གོག་ཧྲུལ་ནག་གེ་བ་དེ་དང་གདན་རྙིང་དག་སྟེང་ཐོག་ཏུ་དབོར་ནས་སྔོན་ལྟར་ཚོམས་ཆེན་ནང་སྒྲིག་པས།  ཚོམས་ཆེན་ནི་དེ་མ་ཐག་ནག་ཐིབ་ཐིབ་བཀྲག་དང་བྲལ་བ་ཞིག་ཏུ་གྱུར།

        སྐབས་དེར། བསོད་ནམས་ལྷ་མོའི་ཚ་བོ་ནོར་བུས་ལག་ཏུ་སྟབས་བདེའི་ཐུག་པ་ཤོག་ཐུམ་ཞིག་འཁྱེར་ནས་སྐམ་ཟ་བྱེད་ཀྱིན་དུ་ལོག་ཡོང་། ཁོས་ཡར་འཛུལ་མ་ཐག་ཁྲ་སྒོར་སྒོར་གྱི་མིག་ཆེན་པོ་གཉིས་ཧྲིག་ཧྲིག་ངང་ཆ་སྒམ་གཡས་གཡོན་ལ་ལྟ་ཞིང་། དེ་སྟོང་པར་གྱུར་བ་མཐོང་འཕྲལ། མྱུར་མོར་ཚོམས་ཆེན་ཡོངས་ལ་སྐོར་ལྟ་ཞིག་བྱས། འོན་ཀྱང་བརྙན་འཕྲིན་འཕྲུལ་ཆས་དེའི་གྲིབ་སོ་ཙམ་ཡང་རིག་རྒྱུ་མེད་པས། ཁོས་ཁ་ངོ་ཡོངས་གཉེར་ཏེ་ངུ་གྲབས་ཡོད་པའི་གདོང་ཞིག་སྟོན་ནས་བསོད་ནམས་ལྷ་མོའི་པང་དུ་རྒྱུགས་ཤིང་། གཅེས་སྐད་ངུ་མ་ངག་ཞིག་བཏོན་ནས"ཨ་ཕྱི། བརྙན་འཕྲིན་འཕྲུལ་ཆས་ག་ན་ཡོད་དམ། ད་གིན་འདུག་གོ ད་གང་དུ་འཁྱེར་རམ"ཞེས་བྲིས།

བསོད་ནམས་ལྷ་མོ་ནི་ལན་འདེབས་ཐབས་བྲལ་བས། པང་ནང་གི་ཚ་བོའི་མགོ་བོར་བྱིལ་བྱིལ་བྱེད་རྒྱུ་ལས་མ་འདས།

        ནུབ་ཁའི་ཉི་འོད་ཀྱི་ཁྲོད་དུ། བདེ་སྐྱིད་སྒྲོལ་མས་སླར་ཡང་ཉིན་རེའི་གནད་ཞུ་དེ་འབྲི་འགོ་བརྩམས།  མོས་གློག་ཀླད་མདུན་དུ་ཧྲེང་ནས་འདོན་ཐེངས་འདིའི་ནང་དོན་ལ་བསམ་བློ་དྲུག་གསུམ་བཅོ་བརྒྱད་གཏོང་བཞིན་ཡོད།  བརྙན་ཤེལ་སྟེང་གི་འོད་རྟགས་དེ་འཚུམ་འཚུམ་དུ་འགུལ་ཞིང་། སྐབས་འགར་བུ་ནོར་བུའི་ཀེམ་ཀེམ་གཡོ་བའི་ལྷད་མེད་ཀྱི་མིག་ཆེན་དུ་གྱུར་ཅིང་། སྐབས་འགར་རྒད་མོ་བསོད་ནམས་དབང་མོའི་མིག་མཐར་འཁྱིལ་བའི་འོད་ཆེམ་ཆེམ་གྱི་གཤེར་ཁུར་གྱུར། ཡང་སྐབས་འགར།གོང་མའི་ན་བཟའཞེས་པའི་བྱིས་སྒྲུང་ནང་གི་ཚེམ་བུ་བའི་ལག་ཏུ་ཐོགས་པའི་ཟེར་འོད་འཕྲོ་བའི་སྐུད་མེད་ཀྱི་ཁབ་དེར་གྱུར……

2017ལོའི་ཟླ་དང་པོའི་ཚེས་20ཉིན།

རྩོམ་སྒྲིག་འགན་འཁུར་བ།  བསྟན་པ་ཡར་རྒྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1