རུ་སྡེ་ཕྲ་མོ།

འབྲོང་ཕྲུག་ལྷ་ཆེན་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


 

གཅིག

 

        ཞོགས་པ་དེར།  མཐོ་སྒང་གི་ཉི་ཟེར་འཇམ་པོ་དེ་ཐད་ཀར་ཆུ་བཟང་ཡུལ་ཚོ་ཆགས་སའི་སྤང་ཁུགས་དེ་རུ་འཕྲོས་པ་ན། ཞོགས་པའི་ཉི་ཟེར་འཇམ་པོའི་ཁྲོད་ནས། རྩྭ་ལྗང་དང་མེ་ཏོག་གི་མགོ་བོ་བསེར་བུ་ཡང་མོས་ཡུག་ཡུག་གཡོ་ཞིང་། བྱ་བྱེའུ་ཡི་གྲེ་འགྱུར་དང་དྲི་བསུང་གི་ཞིམ་མངར་ཁྲོད་དུ།  ཐག་རིང་ནས་གཞོན་ནུ་ཞིག་གི་གླུ་སྐད་དང་གཞོན་ནུ་མ་ཞིག་གི་དགོད་སྒྲ་ཐོས་ཡོང་།

 

        "བདེ་སྐྱིད། ངས་གླུ་བླངས་པ་ཅི་འདྲ་རེད།"

 

        མ་གཞི།  དེ་ནི་ཚེ་རིང་བསམ་འགྲུབ་དང་ལྷ་མོ་བདེ་སྐྱིད་གཉིས་ཡིན་པ་སྟེ།   ཚེ་རིང་བསམ་འགྲུབ་ཀྱིས་ད་སོ་མར་བླངས་པའི་གླུ་དེས་ལྷ་མོ་བདེ་སྐྱིད་ཀྱི་རྣམ་ཤེས་དབང་བོ་ཡོངས་སུ་བཀུག་ཟིན་པས།  ཁོ་མོས་འདང་རྒྱག་ཅི་ཡང་མེད་པའི་སྒོ་ནས། ཁྱོད་ཀྱི་གླུ་སྐད་དེས་ངའི་ཡིད་སེམས་དབང་མེད་བཀུག་སོང་ཟེར་འདོད་མོད།   ཁ་ནས་བུད་པའི་ཚིག་ནི།  "ཁྱོད་ཀྱི་གླུ་སྐད་འདི་འདྲ་ཞིག་གིས་ངའི་ཡིད་སེམས་འགུག་ཐུབ་རྒྱུ་མ་རེད།"ཅེས་པ་དེ་རེད།  

 

        ཚེ་རིང་བསམ་འགྲུབ་ཀྱིས་ཀྱང་ཁོ་མོས་རང་ཉིད་ལ་ཀུ་རེ་རྩེད་བཞིན་པ་ལོས་ཤེས་ཏེ།  སེམས་ལ་གནོད་པའི་ཚུལ་གྱིས།  "ཨ་ཨ། ཞི་མོ་འདིས་སེམས་ལ་སྡུག་འཇོག་གི་ཡ"ཟེར།

 

        "སྡུག་བཞག་པ་མིན། ངའི་སེམས་སྔ་མོ་ནས་ཁྱོའི་སེམས་ཀྱིས་བཀུག་ཟིན་པ་མིན་ནམ། ད་ནི་གླུ་ཞིག་གིས་འགུག་དགོས་དོན་ཨེ་ཡོད་དམ།"

 

        སྐད་ཆ་དེས་ཚེ་རིང་བསམ་འགྲུབ་ཀྱི་སེམས་བདེ་ཐོག་ལ་བབས་པ་འདྲ་སྟེ།   གདོང་ལ་སྔར་མེད་ཀྱི་འཛུམ་ཞིག་རྒྱས་ཤིང་།   "དེ་མི་ཆོག་རྒྱུ་མི་འདུག" ཟེར།

 

        "འདི་དགའ་བར་ལྟོས་དང་།  བྱིས་པ་ཞིག་དང་ཨ་ན་མ་ན་རེད།"

 

        "ཁྱོད་ཀྱི་གམ་ནས་ང་ནམ་ཡང་ནར་སོན་མི་འདོད་པའི་བྱིས་པ་ཞིག་བྱེད་འདོད།"

 

        "ཡ་ཡ།   ལོ་ལོ།  ཤོག་དང་།   ཨ་ཅེས་ཁྱོད་པང་ལ་འཛིན།"

 

        བར་སྐབས་དེར།  དཔལ་ཆེན་གསང་བདག་རི་ཆུང་ཉག་ཁ་ནས་བུད་བྱུང་།   

 

        དཔལ་ཆེན་གསང་བདག་ནི་ཆུ་བཟང་ཡུལ་ཚོའི་བདའ་ཚང་སྡེ་བའི་སྡེ་འདུག་ལས་བྱེད་པ་ཡིན་པ་དང་། ཁོའི་ལས་ཀ་གཙོ་བོ་ནི་དུས་ཡུན་ཐུང་ངུའི་ནང་ལ་བདའ་ཚང་སྡེ་བར་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་འཇུག་རྒྱུ་དེ་ཡིན་མོད།  དབུལ་ཐར་ཕྱུག་འགྱུར་ཞེས་པ་ནི་བཤད་ན་འདི་ལྟར་བཤད་བདེ་བ་མ་གཏོགས།  སྒྲུབ་ན་དེ་ལྟར་འགྲུབ་སླ་བ་ཞིག་ག་ནས་ཡིན།  དེའི་དོན་དུ།   དཔལ་ཆེན་གསང་བདག་རི་ཆུང་ཉག་གར་ཐེངས་ག་ཙམ་ཞིག་བརྒྱུད་ཡོད་པ་སུས་ཀྱང་མི་ཤེས་ལ།  བདའ་ཚང་སྡེ་བར་འགྲོ་ཐེངས་རེ་རེར་གོང་རིམ་གྱི་སྲིད་ཇུས་དྲིལ་སྒྲོག་དང་མང་ཚོགས་ཀྱི་འཚོ་བར་རྒྱུས་ལོན་བྱས་པ་ན།  སྐབས་རེར་ཁོའི་ཡིད་སེམས་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པ་ཡོད་ལ།   ཡང་སྐབས་རེར་ཆད་སྣང་དང་སུན་སྣང་སྐྱེས་དུས་ཀྱང་མེད་མི་སྲིད།  གང་ལྟར།  མང་ཚོགས་ཀྱི་ཚད་དམའ་བའི་འཚོ་བ་དང་གོང་རིམ་གྱི་ཚད་མཐོ་བའི་རེ་བ་བཅས་ཀྱིས་ཁོ་ལ་གནོན་ཤུགས་ཆེན་པོ་ཞིག་བྱིན་ཡོད་ཁོ་ཐག་རེད། 

ཆུ་བཟང་ཡུལ་ཚོ་ནས་བདའ་ཚང་སྡེ་བར་བྱ་བའི་བརྟག་དཔྱད་དུ་འགྲོ་ན།  ངེས་པར་དུ།  ཉག་ག་འདི་བརྒྱུད་ནས་འགྲོ་དགོས་ལ།  ནམ་རྒྱུན་རི་ཆུང་ཉག་ག་བརྒྱུད་ཐེངས་རེ་རེར། དཔལ་ཆེན་གསང་བདག་ལོ་ན་གཞོན་ཞིང་བརྩེ་དུངས་ཀྱིས་མྱོས་པའི་གཞོན་ནུ་ཕོ་མོ་འདི་གཉིས་ཀར་ཐུག་ཡོང་།

 

        "ཨ་རོགས་གཉིས་ཀ  ཁྱོད་གཉིས་ཀ་སྐྱིད་ཀ"

 

        དཔལ་ཆེན་གསང་བདག་གི་སྐད་ཆ་དེར་ཀུ་རེའི་ཆ་ཞིག་འདྲེས་ཡོད་ནའང་།  ལྷ་མོ་བདེ་སྐྱིད་ཀྱི་ངོ་གདོང་དེ་མུར་དམར་ནག་ཁྲག་ཏུ་གྱུར་ཅིང་།   མྱུར་མོར་ཡར་ལངས་ནས།  "ཨ་ཙི།  ཕུ་བོ་དཔལ་ཆེན་མ་རེད་དམ"ཟེར།

 

        "ཅི་རེད།  ཁྱོད་ཀྱིས་ང་མིན་རྒྱུ་ན་འདོད་པ་མིན་ནམ།"  དཔལ་ཆེན་གསང་བདག་གིས་སླར་ཡང་ཀུ་རེ་རྩེད།  

 

        "མ་རེད།  ཁྱོད་ཡུན་རིང་ཞིག་ལ་རིག་རྒྱུའང་མེད་པ་གང་ལ་བུད་སོང་།"

 

        "ཨོ་ལོས།  ཨོ་ལོས།  ཕུ་བོ་དཔལ་ཆེན་ཡུན་རིང་ཞིག་ལ་ང་ཚོའི་སྡེ་བར་མ་ཡོང་ཐལ།   ངས་ཁྱོད་སྡེ་བ་གཞན་ཞིག་གི་ལས་བྱེད་པར་བརྗེ་སོར་བྱས་སོང་སྙམ་ཡོད།"ཚེ་རིང་བསམ་འགྲུབ་ཀྱིས་དེ་ལྟར་བཤད་པ་ནི།   ལྷ་མོ་བདེ་སྐྱིད་ལའང་དྲན་པ་གསོས་པ་ནང་བཞིན་ཡུན་རིང་ཞིག་ལ་དཔལ་ཆེན་གསང་བདག་མ་རིག་པ་དྲན།   

 

        "དེ་ག་ལ་ཡིན།  བྱ་བའི་དབང་གིས་མ་ཁོམ་པ་རེད།   དེ་མ་གཏོགས།  ངས་ཁྱོད་གཉིས་ཀྱི་གཉེན་ཆང་མ་འཐུང་བར་དུ་སྡེ་བ་གཞན་པ་ཞིག་ལ་འགྲོ་མི་སྲིད།"

 

        དཔལ་ཆེན་གསང་བདག་དང་ཚེ་རིང་བསམ་འགྲུབ་གཉིས་མཉམ་དུ་བགད་པ་ན།  ལྷ་མོ་བདེ་སྐྱིད་ངོ་ཚ་ནས།  "ཨ་ཙི།  ཕུ་བོ་དཔལ་ཆེན་འདིར་སྐྲག་ནི་ཞིག་ཨེ་རེད།   སུས་སུར་གཉེན་སྒྲིག་རྒྱུ་རེད།   ངས་ད་དུང་འདང་བརྒྱབ་མེད"ཟེར། 

 

        "དེ་ལ་ངས་ཀྱང་འདང་བརྒྱབ་མེད།"   ཚེ་རིང་བསམ་འགྲུབ་ཀྱིས་བཤད།

 

        "ཁྱོད་ལ་སུས་འདྲི་གིན་འདུག  བཤད་ལ་དགའ།"ལྷ་མོ་བདེ་སྐྱིད་ཀྱིས་བཤད། 

 

        "དེ་ན་ཁྱོད་ལ་སུས་འདྲི་གིན་འདུག  མ་དྲིས་བཤད།"ཚེ་རིང་བསམ་འགྲུབ་ཀྱིས་བཤད།

 

        "བཤད་ལ་དགའ།"

 

        "མ་དྲིས་བཤད།"

 

        དཔལ་ཆེན་གསང་བདག་གིས་བརྩེ་དུང་གིས་བཟི་བའི་ཕོ་གཞོན་མོ་གཞོན་འདི་གཉིས་ཀྱི་སྔུན་ནས་རང་ཉིད་ནི་མི་ལྷག་མ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་མཐོང་བས།   ཡར་ལངས་ནས་འགྲོ་བར་བརྩམས་མོད།  རང་ཉིད་ཀྱི་ཡོང་དོན་དྲན་པས་སླར་ཡང་ཁོ་གཉིས་སར་འཁོར་ནས།   "ཡ་ཡ།  ད་ངས་ཁྱོད་གཉིས་ལ་བར་ཆད་མི་བྱེད།  དེ་རིང་སྡེ་དཔོན་ཡུལ་ན་ཡོད་མེད་ཨེ་ཤེས"ཞེས་དྲིས། 

 

        ཚེ་རིང་བསམ་འགྲུབ་ཀྱིས། "ཕལ་ཆེར་ཡོད་རྒྱུ་རེད།  ད་ནངས་ད་དུང་སྡེ་བའི་ཏང་ཡོན་རྣམས་བསྡུས་ནས་ཚོགས་འདུ་ཞིག་ཚོགས་ཀྱིན་ཡོད་པ་འདྲ"ཟེར།

 

        "དེ་ན་ཡོང་བ་དོན་ཐོག་རེད།"  དཔལ་ཆེན་གསང་བདག་བུད་སོང་། 

 

        ཚེ་རིང་བསམ་འགྲུབ་དང་ལྷ་མོ་བདེ་སྐྱིད་གཉིས་ཀྱིས་ཤབ་ཤུབ་ཅི་ཞིག་བཤད་རྗེས་དགོད་པར་བྱེད།    

 

 

གཉིས།

 

        "ཡ།  ད་མང་པོ་མི་བཤད།  ཕོ་ངན་ཚིག་ལ་བསྐྱར་བཤད་དང་རུལ་མས་རྩམ་པ་ཉིས་འཐག་གི་ལོ་རྒྱུས་རེད།  མང་པོ་མི་བཤད་ཅེས་མང་པོ་ཞིག་བཤད་ཟིན།   ངའི་བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་དཀྲུག་འོ་མའི་མར་ལོ་གང་ཡིན་ཟེར་ན།   འུ་ཚོ་ཏང་ཡོན་རྣམས་ཀྱིས་རང་དཔེ་གཞན་སྟོན་གྱི་སྒོ་ནས་སྡེ་བ་འདི་དབུལ་ཐར་དང་ཕྱུག་འགྱུར་གྱི་ལམ་ལ་འཁྲིད་རྒྱུ་དེ་ཡིན།   ལྷག་པར་དུ།   ཏང་ཡོན་ན་གཞོན་རྣམས་ཀྱིས་ཤུ་རེ་ཞིག་བྱེད་དགོས།  ཅི་བཤད་རུང་ང་ཚོར་ལང་ཚོའི་སྤོབས་པ་དང་སྟོབས་ཤུགས་ཡོད་དུས་འདི་རེད།   འུ་ཚོས་ཕ་ཨ་ཁུའི་རུས་པ་གསེར་གྱིས་རྒྱན་མི་ཐུབ་རུང་།  སྐྲ་དཀར་བོ་སྐྱི་བསེར་རླུང་ལ་བསྐུར་མི་རུང་།   དེ་རེད་ལ།"

 

        སྡེ་དཔོན་སྐྱབས་ལོས་དེ་ལྟར་བཤད་པ་ན།  "ཏང་ཡོན་རྣམས་ཀྱིས་མཉམ་གཅིག་ཏུ།  དེ་རེད།  དེ་རེད"ཟེར།

 

        སྡེ་དཔོན་སྐྱབས་ལོས་མུ་མཐུད་དུ།   "དེ་ཡིན་ན།  གཤམ་ནས་ཏང་ཡོན་རེ་རེས་རང་རང་གི་བསམ་ཚུལ་ཅིག་ཤོད་དང་།   མི་བཟང་གཅིག་གི་བློ་རྩེ་ལས།    མི་ངན་གཉིས་ཀྱི་གྲོས་བསྡུར་དགའ་ཟེར་བ་རེད།   ངས་ཁྱོད་ཚོ་མི་ངན་རེད་ཟེར་བ་མིན།  དེ་ངའི་བཤད་ཕྱོགས་རེད།    ལས་ཅི་དང་གང་ཞིག་སྒྲུབ་ཀྱང་དེ་ལ་ཀུན་གྱིས་གྲོས་བསྡུར་དང་དཔྱད་བསྡུར་ཡོད་ན་ལེགས་ཟེར་བ་ཡིན"ཟེར།

 

        "ང་ཚོར་བསམ་འཆར་ཅང་མེད།   བླ་མས་ཅི་གསུང་ཆོས་ཡིན།  མཛུབ་མོས་གང་བསྟན་ཤར་ཡིན།   ཡ་ཡ་སྟེང་ལ་ཡོ་ཡོ་ཡིན།"   ཨ་ཁུ་བསམ་འཕེལ་གྱི་སྐད་རེད།

 

        "ཨ་རོགས་བསམ་འཕེལ།  ཁྱོས་དཔོན་པོས་ཅི་བཤད་བཀའ་ཡིན།   མི་བརྩི་ཟེར་ན་ཁྲིམས་རེད་ཟེར་བ་མིན་ནམ།"

 

        "ཧ་ཧ་ཧ།"ཏང་ཡོན་རྣམས་མཉམ་གཅིག་ཏུ་བགད།

 

        དེ་ནི་ཆུ་བཟང་ཡུལ་ཚོའི་བདའ་ཚང་སྡེ་བའི་ཏང་ཡོན་ཚོགས་འདུའི་ཡུལ་དངོས་རེད། 

 

        ཆུ་བཟང་ཡུལ་ཚོ་ནི་རོང་མ་འབྲོག་གི་ཡུལ་ཚོ་ཞིག་ཡིན་ལ།  བདའ་ཚང་སྡེ་བའང་ཞིང་ཕྱུགས་གཉིས་ཀ་གཉེར་བའི་སྡེ་བ་ཞིག་ཡིན།  

        སྡེ་བ་འདི་སྡེ་བ་གཞན་དང་བསྡུར་ན་དེ་འདྲ་ཆེ་རྒྱུ་མེད་ལ།   ཁྱིམ་ཚང་དང་མི་གྲངས་ཉུང་བའི་ཚོད་ཀྱིས་རྩྭ་ས་དང་ཞིང་སའང་དེ་འདྲ་ཆེ་རྒྱུ་མེད།  དེའི་རྐྱེན་གྱིས་སྡེ་བ་ཧྲིལ་བོར་འབྱོར་འབྲིང་གི་ཚད་གཞིར་སླེབས་པའི་ཁྱིམ་ཚང་ཧ་ཅང་ཉུང་ལ།   ཧ་ཅང་ཉུང་བོ་དེ་དག་ཀྱང་ཞིང་བཏབ་ཅིང་ཕྱུགས་འཚོས་ནས་རྒྱུ་ཐོག་ལ་བརྒྱབ་པ་མ་ཡིན་པར།   ཕྱི་ལོགས་སུ་ཞོར་ལས་སུ་སོང་བའམ་ལག་ཤེས་ལ་བརྟེན་པ་ཤ་སྟག་ཡིན།   

 

        དེ་བས།  སྡེ་དཔོན་སྐྱབས་ལོས་དུས་དང་རྣམ་པ་ཀུན་དུ་སྡེ་བ་འདིའི་དབུལ་ཐར་དང་ཕྱུག་འགྱུར་གྱི་ལས་དོན་ལ་ནུས་ཤུགས་གང་ཡོད་འདོན་གིན་ཡོད།

 

        "ཨ་ཙི།   སྡེ་འདུག་ལས་བྱེད་པ་ཐོན་ཐལ།"ཐོག་མར་དཔལ་ཆེན་གསང་བདག་མཐོང་མཁན་ནི་ཏང་ཡོན་ན་གཞོན་ཞིག་སྟེ།   ཁོས་ལྟ་ཕྱོགས་ཤིག་གིས་དཔལ་ཆེན་གསང་བདག་སྒོ་ཁ་ན་ལངས་འདུག་པ་མཐོང་བས།   དེ་མུར་ཡར་ལངས་ནས་ཁོ་ནང་ལ་བསུས། 

 

        སྡེ་དཔོན་སྐྱབས་ལོས་དཔལ་ཆེན་གསང་བདག་ཡོང་ཡོད་པ་མཐོང་འཕྲལ་ལྷག་ཏུ་དགའ་སྟེ།  "ཡ།  ད་འགྲིག་སོང་།   ཁྱོད་ཡོང་ཡོང་ལ་ཏང་ཡོན་རྣམ་པར་ཁ་བརྡ་ཞིག་བྱོས"ཟེར།

 

        "ཁ་བརྡ་ཞིག་བྱོས་ཟེར་རམ།  ད་ངས་ཁ་བརྡ་ཅི་ཞིག་བྱེད་ཨང"དཔལ་ཆེན་གསང་བདག་ཅི་བྱ་གཏོལ་མེད་དུ་གྱུར། 

 

        "དཔལ་ཆེན།  ང་ཚོ་དང་བསྡུར་ན་ཁྱོད་ལ་ལྟ་རྒྱ་མཐོང་རྒྱ་ཆེ།   ཡང་མིན་ན་ཏང་གི་སྲིད་ཇུས་བསྒྲགས་ཀྱང་ཆོག" སྡེ་དཔོན་སྐྱབས་ལོས་མུ་མཐུད་དུ་ཨུ་ཚུགས་བྱས།

 

        "ཨོ་རེད་རེད།  ངའི་དྲན་པ་འདི།  ང་དེ་རིང་ཡོང་དོན་ཅིག་བཤད"སྡེ་དཔོན་སྐྱབས་ལོས་དེ་ལྟར་བཤད་པ་ན།    དཔལ་ཆེན་གསང་བདག་གིས་ཀྱང་རང་ཉིད་ཡོང་དོན་སེམས་ལ་དྲན་བྱུང་། 

 

        ཏང་ཡོན་རྣམས་ཀྱིས་ཤབ་ཤུབ་ཅི་ཞིག་བཤད་མགོ་བརྩམས་པ་ན།  སྡེ་དཔོན་སྐྱབས་ལོས་སྐད་འགོ་ཅུང་མཐོ་རུ་བཏང་ནས།  "ཡ་ཡ།   ད་ཚང་མ་ཁ་རོག་ལ་བསྡོད།   འུ་ཚོ་ཚང་མ་ཏང་ཡོན་ཡིན་པ་རེད།  སྐྱ་ཀ་ཡིན་པ་མ་རེད།  ཚོགས་འདུ་འཚོགས་སུ་ཡོང་བ་རེད།   ཚང་ནང་ལ་?་འཕངས་པ་མ་རེད།   དེ་བས།  ང་ཚོ་སྡེ་མི་གཞན་དང་བསྡུར་ས་འགྲོ་བ་མ་རེད།  དེའི་རྐྱེན་གྱིས།  ཚོགས་འདུའི་གལ་ཆེན་རང་བཞིན་དང་།   གོང་རིམ་གྱི་སྲིད་ཇུས་ཤེས་ན་བཟང"ཞེས་ཚོགས་འདུར་འགོ་འཛིན་བྱས། 

 

        "ང་ལ་མང་པོ་ཞིག་བཤད་རྒྱུ་མེད།  དོན་དག་གལ་ཆེན་ཞིག་ཡོད་པ་དེ་ནི།   ད་ལོ་ངས་ཡུལ་ཚོ་རིམ་པར་ཡར་ཞུ་རབ་དང་རིམ་པར་བྱས་ནས་འུ་ཚོ་སྡེ་བར་གནད་འཁེལ་རོགས་སྐྱོར་གྱི་རྣམ་གྲངས་ཤིག་བསླངས་པ་ཡིན།   དགའ་འོས་པ་ཞིག་ལ།   ངའི་ཡར་ཞུ་ལ་ཡུལ་ཚོ་རིམ་པ་དང་རྫོང་རིམ་པའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་ཀྱིན་འདུག"

 

        དཔལ་ཆེན་གསང་བདག་གིས་གཏམ་བཤད་ཆུ་བོ་བཞུར་བཞུར་བྱེད་ཀྱིན་པའི་སྒང་ལ།  ཏང་ཡོན་རྒན་པ་ཞིག་གིས་ཁོའི་བཤད་མཚམས་བཅད་ནས།  "ཨ་རོགས་སྡེ་འདུག་ལས་བྱེད་པ།  གནད་འཁེལ་དབུལ་སྐྱོར་ཞེ་ན་ཅི་ཞིག་རེད་དམ།  དབུལ་སྐྱོར་བྱེད་སྟངས་མི་འདྲ་བ་ཞིག་རེད་དམ"ཞེས་དྲིས་བྱུང་། 

 

        དཔལ་ཆེན་གསང་བདག་གིས་ཐོག་མར་གནད་འཁེལ་རོགས་སྐྱོར་གྱི་སྐོར་ནས་ཁ་བརྡ་ཞིག་བྱེད་དགོས་པ་ཤེས་ཏེ།  "ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་ཕྱུག་འགྱུར་བྱ་བར་མཐོང་ཆེན་གནང་བ་དང་། ཁོང་གིས་ས་ཁུལ་སོ་སོའི་དབུལ་སྐྱོར་གསར་སྤེལ་བྱ་བར་བརྟག་དཔྱད་ཞིབ་འཇུག་ནན་མོ་བྱས་ནས། བསམ་གཞིག་ཞིབ་མོའི་རྨང་གཞིའི་སྟེང་དུ་གསུང་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ཏེ། དབུལ་སྐྱོར་གསར་སྤེལ་ཐད་དུ་ལྟ་བ་གསར་པ་དང་བསམ་ཕྱོགས་གསར་པ། རེ་བ་གསར་པ་གང་མང་བཏོན་ཡོད་པ་རེད།  དེ་བཞིན་དུ་ས་གནས་སོ་སོའི་སྲིད་གཞུང་གིས་མཐོང་ཆེན་དང་རིག་གཞུང་ལས་རིགས་ཁྲོད་དུའང་གདེང་འཇོག་ཚད་མཐོན་པོ་ཐོབ་ཡོད་པ་རེད། དེ་བས། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནད་འཁེལ་དབུལ་སྐྱོར་བྱ་བའི་གསུང་བཤད་ཀྱི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱེད་རྒྱུ་དེ་ནི། དུས་སྐབས་གསར་པའི་དབུལ་སྐྱོར་གསར་སྤེལ་བྱ་བའི་ཁྲོད་ཀྱི་འོས་འགན་གཙོ་བོ་ཞིག་ཡིན་པ་མ་ཟད།   ང་རང་ད་ཐེངས་བདའ་ཚང་སྡེ་བར་ཡོང་དོན་གཙོ་བོའང་ཡིན"ཞེས་བཤད།

 

        དཔལ་ཆེན་གསང་བདག་གི་གསལ་བཤད་དེ་ཡང་གསལ་བཤད་ལྷག་མ་ཞིག་ཏུ་གྱུར་པ་འདྲ་སྟེ།  ཏང་ཡོན་རྒན་པ་དེས་སླར་ཡང་ཁོའི་བཤད་མཚམས་བཅད་དེ།  "དཔལ་ཆེན།  ད་དུང་ཁ་གསལ་དུ་བཏང་ནས་ཐེངས་གཅིག་ཤོད་དང་།  དབུལ་སྐྱོར་ཟེར་བ་ཙམ་ལས་ཧ་དེ་འདྲ་ཞིག་མ་གོ་ཐལ"ཟེར།

 

        "གནད་འཁེལ་དབུལ་སྐྱོར་ཞེས་པ་མདོར་དེད་ན་དབུལ་སྐྱོར་བྱེད་སྟངས་ཤིག་རེད།  འདི་ནི་དབུལ་ཕོངས་ས་ཁུལ་ལམ་ཁོར་ཡུག  དབུལ་ཕོངས་ཁྱིམ་ཚང་བཅས་ཀྱི་གནས་ཚུལ་མི་འདྲ་བར་བསྟུན་ནས། ཚན་རིག་དང་མཐུན་ཞིང་ཕན་ནུས་ཆེ་བའི་བྱ་རིམ་འོག་ཏུ།  ད་གཟོད་ངོས་འཛིན་ཡང་དག་དང་རོགས་སྐྱོར་ཡང་དག  དོ་དམ་ཡང་དག་བཅས་ཀྱི་སྒོ་ནས་དབུལ་ཐར་བྱེད་ཐབས་ཤིག་ཡིན"

 

 

        "དེ་ནས་དབུལ་སྐྱོར་འདིའི་མིང་ལ་གནད་འཁེལ་དབུལ་སྐྱོར་ཟེར་དོན་ཅི་ཡིན་ནམ" ཏང་ཡོན་རྒན་པ་དེས་དེ་ལྟར་དྲིས།

 

        "དེ་གཙོ་བོ་དབུལ་སྐྱོར་བྱེད་སྟངས་ཀྱི་ཆ་ནས་བཏགས་པ་རེད། འདི་གནད་འཁེལ་དྲུག་གི་སྟེང་ནས་བཤད་ན་གོ་བདེ།  དང་པོ་དབུལ་སྐྱོར་བྱ་ཡུལ་གནད་ལ་འཁེལ་དགོས།  གཉིས་པ་དབུལ་སྐྱོར་རྣམ་གྲངས་གནད་ལ་འཁེལ་དགོས།   གསུམ་པ་དབུལ་སྐྱོར་མ་དངུལ་གནད་ལ་འཁེལ་དགོས།  བཞི་པ་དབུལ་སྐྱོར་བྱེད་ཐབས་གནད་ལ་འཁེལ་དགོས།   ལྔ་པ་སྡེ་སྡོད་རོགས་སྐྱོར་གནད་ལ་འཁེལ་དགོས།   དྲུག་པ་དབུལ་ཐར་གྲུབ་འབྲས་གནད་ལ་འཁེལ་དགོས།   མ་མཐར་ཡང་གནད་འཁེལ་རོགས་སྐྱོར་གྱི་བྱ་བའི་གོ་རིམ་ཁྲོད་དུ་འདི་དྲུག་པོ་གལ་ཆེན་ནང་གི་གཙིགས་ཆེན་དུ་འཛིན་དགོས"

     

  གསུམ།

 

        ཁྱི་སྐད་ལན་འགར་གྲགས་པ་དང་ཨ་མ་ཚེ་སྐྱིད་ཁང་སྒོར་བུད་པ་ན།   ཐག་རིང་ན་སྡེ་དཔོན་སྐྱབས་ལོ་དང་དཔལ་ཆེན་གསང་བདག་གཉིས་ཀ་རྐང་ཐང་དུ་ཚུར་ཡོང་གིན་པ་མཐོང་། 

        ཨ་མ་ཚེ་སྐྱིད་ནི་མགྲོན་རྩིས་ཅན་ཞིག་ཡིན་པས།   ཁོ་མོས་མྱུར་དུ་ཤ་བཙོས་བྱུང་ལ།   སྡེ་དཔོན་སྐྱབས་ལོས་ཀྱང་ཆང་རྒྱ་མ་གང་གི་ཁ་ཕྱེས་སོང་། 

 

        སྡེ་དཔོན་སྐྱབས་ལོ་ཁྱོ་ཤུག་གཉིས་ཀྱི་མགྲོན་རྩིས་དེས་དཔལ་ཆེན་གསང་བདག་ཀྱང་ཅུང་མི་བདེ་བར་བཏང་བས།  "ཨ་ཁུ་སྡེ་དཔོན།   ཁྱོད་ཀྱིས་འདི་ལྟར་ཤ་བཙོས་ནས་ཆང་ལྡུད་དགོས་པ་མ་རེད།   འུ་གཉིས་ཀྱང་ངོ་ཤེས་རྙིང་པ་ཡིན་པས་དེ་འདྲའི་གྲ་སྒྲིག་ཕུན་སུམ་ཚོགས་པ་ཞིག་མ་བྱེད།  ང་དེར་མི་ལོབས"ཞེས་བཤད།

 

        "ཨ་ཡ།  ཁྱོད་འདིས་ཅི་ཟེར།  ཕུན་སུམ་ཚོགས་པ་ཞིག་མེད།   ཏག་ཏག  ཁ་སང་ལུག་ཅིག་བཤས་ཡོད།  དོ་ནུབ་འུ་གཉིས་ཀྱི་ཆང་ཉུང་ཉུང་ཞིག་འཐུང་།  དེའི་ཞོར་ནས་ཁ་བརྡ་རེ་བྱེད།   ཉིན་རྒྱུན་འདི་ལྟར་ཁོམ་རྒྱུ་དཀའ་གི"

   

         དཔལ་ཆེན་གསང་བདག་ལའང་སྡེ་དོན་ཚོ་དོན་སྐོར་གྱི་ཁ་བརྡ་མང་པོ་ཞིག་ཡོད་པས།  སྡེ་དཔོན་གྱི་བསམ་ཚུལ་དེ་འདོད་ཐོག་ལ་ཁེལ་སོང་། 

 

        "རེད་རེད།  ང་ལའང་སྡེ་བའི་སྐོར་ནས་ཁ་བརྡ་མང་པོ་ཞིག་ཡོད།  ད་ཐེངས་ཀྱི་གནད་འཁེལ་རོགས་སྐྱོར་གྱི་བྱ་བ་འདིར་གོང་རིམ་ནས་ཀྱང་ཧ་ཅང་གཙིགས་ཆེན་བྱེད་ཀྱིན་འདུག  ལྷག་པར་དུ་གནད་འཁེལ་དབུལ་སྐྱོར་གྱི་འགན་ཁུར་དེ་ཡང་དབུལ་ཕོངས་ཁྱིམ་ཚང་ཇེ་ཉུང་དུ་གཏོང་བ་དང་དབུལ་སྐྱོར་བྱ་ཐབས་ལག་ལེན་དུ་བསྟར་བའི་དམིགས་འབེན་དེ་སྡེ་བ་རིམ་པ་ནས་ཁྱིམ་ཚང་རིམ་པ་དང་།  ཁྱིམ་ཚང་རིམ་པ་ནས་ཁྱིམ་མི་རེ་རེར་ངེས་ཤེས་ཟབ་མོ་ཞིག་སྐྱེས་སུ་འཇུག་དགོས་པ་རེད།  དེའི་རྐྱེན་གྱིས་འུ་གཉིས་ཀྱིས་ཞིབ་ཅིང་ཕྲ་བའི་སྒོ་ནས་དབུལ་སྐྱོར་བྱ་བ་འདི་སྒྲུབ་དགོས་པ་མ་ཟད།  འདིའི་སྟེང་ནས་ནོར་འཕྱུག་དང་བཤད་རྒྱུ་གཏམ་རྒྱུ་ཡོད་པ་ཞིག་ཅི་ཡང་བྱུང་མི་རུང་།" དཔལ་ཆེན་གསང་བདག་གིས་བཤད།

 

 

        "ཡ་ཡ།  སྡེ་བ་ཆུང་ཆུང་པོ་འདིའི་ནང་གི་ཁྱིམ་ཚང་ཉིས་བརྒྱ་བོ་ངའི་བློ་ན་ཡོད།  སུ་ཚང་གི་རྒད་པོས་རྩམ་པ་དུ་ཟོས་པ་དང་སུ་ཚང་གི་རྒན་མོས་གཡག་དུ་བཏང་བའང་ཤེས་ངེས།  ཧ་ཧ་ཧ"

 

        "ཨ་ཙི།  རྒད་པོ་འདིས་ཅི་ཟེར།"དེ་དང་ལྷན་ཨ་མ་ཚེ་སྐྱིད་ཀྱིས་ཁོ་ལ་སྡང་མིག་གིས་ཅིག་བལྟས།

 

         "འདིའི་སྟེང་ནས་ད་ཁྱོད་ཀྱིས་སྡེ་བའི་དོན་ལ་ཤུ་རེ་བྱེད་ཀྱིན་པ་མཚོན་ཐུབ་པ་རེད།  ངའང་སྡེ་འདུག་ལས་བྱེད་བྱས་ནས་ཕལ་ཆེར་ལོ་ཕྱེད་འགོར་མོད།  ངས་ད་དུང་སྡེ་བའི་འདིའི་མི་གྲངས་མ་གཏོགས་སྡེ་མི་ཕལ་ཆེར་ངོ་མི་ཤེས།  ངོ་མ་ངོ་གནོངས་པ་ཞིག་རེད"

 

        སྡེ་དཔོན་སྐྱབས་ལོས་དཔལ་ཆེན་གསང་བདག་ལ་མུ་མཐུད་དུ་བཤད་དུ་མ་བཅུག་པར་ཆང་དཀར་བཀྱགས་ནས། "ཡ།  ད་དེ་ཡིས་ཅི་བྱེད།  ཤོག  འུ་གཉིས་ཀྱིས་ཆང་ཞིག་འཐུང་ཞོར་དལ་མོར་ཁ་བརྡ་བྱེད"ཟེར།

        དཔལ་ཆེན་གསང་བདག་གིས་རྒྱུན་པར་ཆང་མང་པོ་འཐུང་གིན་མེད་མོད།  དེ་རིང་ཅུང་ཙམ་འཐུང་འདོད་སྐྱེས་བྱུང་ལ།  དོ་དགོང་སྡེ་དོན་ཚོ་དོན་རེ་ཞིག་བསྐྱུར་ནས་ཆང་སྐྱིད་པོ་ཞིག་འཐུང་ཡང་མི་ཆོག་པ་མི་འདུག་བསམ་དུས་སུ།  ཕྱི་རོལ་ནས་ཁྱི་སྐད་ཅིག་ལྷང་ངེར་གྲགས་ཡོང་། 

 

        "ཁྱི་རྒན་འདིས་འདྲེ་མཐོང་བ་ཡིན་ནམ།  སེམས་ལྷོད་ལ་ཕབ་ནས་ཆང་ཞིག་ཀྱང་འཐུང་དུ་མི་འཇུག" སྡེ་དཔོན་སྐྱབས་ལོ་ཧ་ཅང་སུན་པའི་ཉམས་ཀྱིས་ཡར་ལངས་པར་བརྩམས་པ་ན།  ཨ་མ་ཚེ་སྐྱིད་ཡར་ལངས་ནས།  "ང་འགྲོ་ལ་ཅིག་ལྟ།  མགྲོན་པོ་ཞིག་ཡོང་གིན་པ་ཨེ་ཡིན་ནམ"ཞེས་སྒོར་བུད།

 

        "ས་རུབ་ཅིག་ལ་སུ་ཞིག་ཡོང་ངམ"

 

        "ཡ་ཡ།  ད་ཁྱོད་ཁོང་ཁྲོ་མ་ལངས།  ཤོག  མུ་མཐུད་དུ་ཤོད་དང་།  ད་བར་འུ་ཚོ་སྡེ་བ་ན་ཁྱིམ་ཚང་གི་ཆ་རྐྱེན་མི་ལེགས་པ་དང་བཟའ་ཚང་མང་པ།  ལྷག་པར་དུ་སློབ་གྲྭ་བ་མང་ནས་སློབ་ཡོན་སྤྲོད་ཐུབ་ཀྱིན་མེད་པ་ལྟ་བུ། སྨན་བཅོས་བྱ་བྱེད་ཀྱི་སྨན་རིན་སྤྲོད་ཐུབ་ཀྱིན་མེད་པ་ལྟ་བུའི་གནས་ཚུལ་ཨེ་ཡོད།"

 

        དཔལ་ཆེན་གསང་བདག་གིས་སེམས་ནས་སྡེ་དོན་ཚོ་དོན་མི་གླེང་བསམ་མོད།  ཁ་ནས་རང་དབང་མེད་པར་སྡེ་དོན་ཚོ་དོན་གླེང་སོང་བས།  ཁོའང་ཅུང་གནོངས་པར་གྱུར་ཞིང་།   ལྷག་པར་དུ།  སྡེ་དཔོན་སྐྱབས་ལོས། "ཨ་ཧ།  ཁྱོད་ཀྱིས་སྔོན་ཏག་ཏག་པོར་འདིར་སྡེ་དོན་ཚོ་དོན་མི་གླེང་ཟེར་བ་མ་ཡིན་ནམ།  ཡང་སྡེ་དོན་ཚོ་དོན་གླེང་བཏང་ཐལ" ཞེས་བཤད་པ་ན།  "ད་ནི་རྒྱུན་གོམས་སུ་བུད་སོང་བས།  ད་ནི་ཁ་བརྡ་གཞན་ཞིག་མི་རྙེད་པར་འདུག"ཟེར་དགོས་བྱུང་། 

 

        སྡེ་དཔོན་སྐྱབས་ལོས་བཤད་ན།   "སྔོན་ཆད་ཡིན་ན།  ཁྱིམ་ཚང་གི་ཆ་རྐྱེན་མི་ལེགས་པ་མང་བ་རེད།  ལྷག་པར་དུ་སྲིད་གཞུང་གི་དབུལ་སྐྱོར་ལ་སྒུག་བསྡད་ཡོད་པའང་མང་། ཡིན་ནའང་།  ད་བར་མང་ཚོགས་ཀྱི་བསམ་བློར་ཡང་འགྱུར་ལྡོག་བྱུང་ཡོད།  དེའི་རྐྱེན་གྱིས་ཆ་རྐྱེན་མི་བཟང་བའི་ཁྱིམ་ཚང་རེ་འགའ་ཡོད་མོད།  སྔོན་ཆད་ལྟར་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཁོ་ནར་སྒུག་བསྡད་པ་ཡོད་པ་ཅུང་ཉུང་།  ཡིན་ནའང་།  རོགས་སྐྱོར་བྱེད་དགོས་ས་འགའ་རེ་འདུག"

 

        སྡེ་དཔོན་སྐྱབས་ལོས་མུ་མཐུད་དུ་སྡེ་བའི་གནས་ཚུལ་ངོ་སྤྲོད་བྱེད་པའི་སྐབས་སུ།  ཨ་མ་ཚེ་སྐྱིད་ཁྱིམ་དུ་ཡོང་ནས། "སྐྱབས་ལོ།  ཁྱོད་སྒོར་ཅིག་ཤོག་དང"ཟེར།

 

        སྡེ་དཔོན་སྐྱབས་ལོས་ཅུང་མ་རེངས་པའི་ཉམས་ཀྱིས། "ཡ།  ཅི་ཞིག་རེད། ང་ཁོམ་གྱིན་མེད་པ་མི་མཐོང་ངམ"ཞེས་བཤད་པ་ན།  ཨ་མ་ཚེ་སྐྱིད་ཀྱིས"ཁྱོད་སྒོར་ཤོག་དང་ཤེས་ངེས་རེད།  སང་ཉིན་བར་བ་ཞིག་ལ་འགྲོ་དགོས་པ་འདྲ"ཟེར། 

 

        "སུ་རེད"

 

        "བསམ་འཕེལ་རེད། ཚེ་རིང་བསམ་འགྲུབ་ལ་མནའ་མ་ལེན་དགོས་པ་ཨེ་ཡིན་ནམ"

 

        "ཨ་ཨ། ཨ་ཡེ་འདི་ཚོར་སུན་པ་ལ། དེ་ལ་སྒོར་ཡོང་ནས་བཤད་པའི་དགོས་པ་ཞིག་ཨེ་འདུག"

 

        སྡེ་དཔོན་སྐྱབས་ལོས་ཁ་ནས་སུན་པ་ལ་ཟེར་མོད།  ཁོ་དེ་མུར་ཡར་ལངས་ནས་སྒོ་ཕྱིར་བུད་སོང་ལ། དཔལ་ཆེན་གསང་བདག་གི་ཀླད་པའི་ནང་ལ་དེ་མུར་རི་ཆུང་ཉག་ཁའི་ཕོ་གཞོན་མོ་གཞོན་དེ་གཉིས་ཤར་བྱུང་། ད་དུང་ཁོས་དེ་གཉིས་ལ་ཀུ་རེ་ངང་། "ཨ་རོགས་གཉིས་ཀ   བརྩེ་དུང་འཚོ་ཞོར་ལ་ལུག་ཁྱུ་འཚོ་རྒྱུའང་བརྗེད་མི་རུང"ཞེས་བཤད་པ་དྲན་བྱུང་། 

 

        གཞི།

 

        ཞོགས་པ་སྔ་མོའི་དུས་སུ། སྡེ་དཔོན་སྐྱབས་ལོ་ཚང་གི་ཁྱི་རྒན་གདོན་གྱིས་བཟུང་བ་ནང་བཞིན་ཟུག་མཚམས་མ་བཞག་པས།  སྡེ་དཔོན་སྐྱབས་ལོ་སྒོ་ཕྱིར་འབུད་དགོས་སོང་།

 

        ཕྱི་སྒོ་ན་ལངས་འདུག་པ་ནི་བདའ་ཚང་སྡེ་བར་མིང་གྲགས་ཡོད་པའི་དབུལ་བོ་དཔའ་སྐྱབས་ཞེས་པ་དེ་རེད།   ཁོས་ལག་ཏུ་དབྱུག་པ་ཞིག་བཟུང་ནས་ཁྱི་རྒན་ཕར་སྐྲོད་ཀྱིན་འདུག་ལ།  སྡེ་དཔོན་སྐྱབས་ལོ་སྒོ་ཕྱིར་བུད་པ་མཐོང་འཕྲལ་སྲོག་སྐྱོབ་ཀྱི་དྲིན་ཆེན་མཐོང་བ་ནང་བཞིན་མྱུར་དུ་ལག་གི་དབྱུག་པ་ཕར་གཡུག་ནས་སྡེ་དཔོན་སྐྱབས་ལོའི་ཕྱོགས་སུ་རྒྱུག་ཡོང་།

 

        ཨ་ཁུ་དཔའ་སྐྱབས་སྡེ་དཔོན་སྐྱབས་ལོའི་གམ་དུ་མ་སླེབས་གོང་དུ་ཁ་ནས།  "ཨ་རོགས་སྐྱབས་ལོ།  སྐྱབས་ལོ"ཞེས་འབོད་པར་བྱེད་པས། སྡེ་དཔོན་སྐྱབས་ལོའང་ཕར་གམ་དུ་འགྲོ་ཞོར།  "ཨ་ཁུ་དཔའ་སྐྱབས་ཡིན་ནམ།  ཡ་ཡ།  ཁྱིམ་ལ་འགྲོ"ཞེས་མགྲོན་རྩིས་བྱེད་དགོས་བྱུང་། 

 

        "ད་ཁྱིམ་ལ་མི་ཡོང་།   ང་དབུལ་སྐྱོར་གྱི་སྒོར་མོ་དེའི་དོན་ལ་ཡོང་བ་ཡིན"ཨ་ཁུ་དཔའ་སྐྱབས་ཀྱིས་དབུགས་སྟོད་ལ་འཚང་བཞིན་བཤད།  

 

        "དབུལ་སྐྱོར་གྱི་སྒོར་མོ"སྡེ་དཔོན་སྐྱབས་ལོས་རེ་ཞིག་ཁོས་ཅི་ཞིག་བཤད་ཀྱིན་པའི་ཧ་མ་གོ

 

        "ཨོ་ལོས།  ཁྱོད་ཀྱིས་མ་ཤེས་ཁུལ་མ་བྱེད།  ངེད་ཚང་སྔོན་ཆད་ནས་བཟུང་ལྔ་སྐྱོང་ཁྱིམ་ཚང་བྱས་ནས་སྲིད་གཞུང་གི་མུག་སྐྱོབ་སྒོར་མོ་བླངས་ནས་ཡོང་བ་ཡིན།  ད་ཐེངས་ཁྱོད་ཀྱིས་ངའི་སྐལ་གཅོད་རྒྱུ་མི་ཟེར་ཨང"ཨ་ཁུ་དཔའ་སྐྱབས་ཀྱིས་སྐད་ཆ་དེ་བཤད་དུས་སུ།  ཁོ་ནི་དབུལ་སྐྱོར་ཁྱིམ་ཚང་ཞིག་གི་ཁྱིམ་བདག་མ་ཡིན་པར།  དབུལ་སྐྱོར་བྱེད་མཁན་གྱི་འགོ་ཁྲིད་ཅིག་ལོས་ཡིན་སྙམ་པའི་སྣང་བ་སྟེར།

 

        "ཨ་ཁུ་དཔའ་སྐྱབས་འདིས་ཅི་ཟེར།  སྔོན་ཆད་སྔོན་ཆད་རེད།  ད་སྐབས་ད་སྐབས་རེད། སྔོན་ཆད་ཀྱི་མུག་སྐྱོབ་དང་ད་ཐེངས་ཀྱི་དབུལ་སྐྱོར་གཉིས་ཀྱི་དམིགས་ཡུལ་འདྲ་ནའང་ངོ་བོ་དང་རྣམ་པའི་ཆ་ནས་མི་འདྲ"

 

        སྡེ་དཔོན་སྐྱབས་ལོའི་དག་སེལ་དེ་ཡང་དག་སེལ་ལྷག་མ་ཞིག་ལས་མ་འདས་ཏེ།  ཨ་ཁུ་དཔའ་སྐྱབས་ཀྱིས་ཁོང་དགོད་ཅིག་བྱས་རྗེས། "ཁྱོད་ཀྱིས་རྒྱལ་ཁབ་གཅིག་ལ་རྒྱལ་ཁྲིམས་གཉིས་ཡོད་ཟེར་བ་ཡིན་ནམ།  སྔོན་ཆད་དང་ད་སྐབས་གཉིས་ཀ་མི་འདྲ་ས་ཅི་ཡོད། ཁྱོད་ཀྱིས་ངོ་བོ་དང་རྣམ་པ་ཟེར་ནས་ང་ལ་སྐྲག་མ་སློང་།  གང་ལྟར།  ད་ཐེངས་ངེད་ཚང་ལ་མུག་སྐྱོབ་ཀྱི་སྒོར་མོ་དེ་ཚོ་ངེས་པར་དུ་དགོས"ཟེར། 

 

        ཨ་ཁུ་དཔའ་སྐྱབས་ཀྱི་སྐད་མགོ་ཅུང་མཐོ་བས་ཁྱིམ་ན་ནངས་ཇ་འཐུང་ཞོར་ངལ་གསོས་ཡོད་པའི་དཔལ་ཆེན་གསང་བདག་ཀྱང་འདུག་མ་བཟོད་པར་སྒོ་ཕྱིར་ཡོང་།  

 

        ཁོས་ཕྱི་སྒོ་ན་འུར་རྒྱག་གིན་པ་ནི་ཨ་ཁུ་དཔའ་སྐྱབས་ཡིན་པ་མཐོང་རྗེས། "ཨ་ཁུ་ཁྱོད་བྲེལ་བ་མ་ལངས།  དེ་རིང་སྡེ་བའི་ཚོགས་ཐོག་ནས་ཐེངས་འདིའི་དབུལ་སྐྱོར་དང་འབྲེལ་ཡོད་ཀྱི་ཡིག་ཆ་དང་ཤེས་བྱ་སྒྲོག་རྒྱུ་ཡིན། དེ་ལ་ཉན་རྗེས། རང་ཉིད་ཀྱི་གནས་ཚུལ་དངོས་དང་བསྟུན་ནས་དབུལ་སྐྱོར་གྱི་ཚད་གཞིར་ཐོན་ཡོད་མེད་ལ་ལྟོས། སྤྱིར་ང་ཚོའང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་བརྒྱུད་བསྒྲགས་དང་ལག་བསྟར་བྱེད་མཁན་ཡིན་པས།  མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་འདང་རྒྱག་ངེས་རེད"ཅེས་བཤད་པ་ན།  སྡེ་དཔོན་སྐྱབས་ལོས་ཀྱང་དེར་མཐུད་ནས། "ཨོ་ལོས།  ཨ་ཁུ་དཔའ་སྐྱབས།  ཁྱོད་ཕྱིར་ཡུལ་ལ་སོང་ནས་ནངས་ཇ་འཐུང་ལ་སྡོད་དང་། ཅུང་ཙམ་གྱིས་ཚོགས་བརྡ་རྒྱག དེ་དུས་ཚོགས་ཐོག་ནས་ཐག་གཅོད"ཅེས་བཤད་དགོས་སོང་།    

     

        ཨ་ཁུ་དཔའ་སྐྱབས་ཀྱིས་སྡེ་དཔོན་གྱི་ངོ་ལ་ལྟ་ཙམ་དང་དཔལ་ཆེན་གསང་བདག་གི་ངོ་ལ་ལྟ་ཙམ་བྱས་རྗེས།  ད་དུང་ཡིད་དེ་འདྲ་ཆེས་ཀྱིན་མེད་པའི་ཉམས་ཀྱིས།  "ད་ཅི་ཤེས། འདིའི་ནང་ན་གསང་བ་འདྲ་ཨེ་ཡོད་དམ"ཟེར། 

 

        དཔའ་ཆེན་གསང་བདག་གིས།  "ཨ་ཁུ།  ཁྱོད་ཀྱི་སེམས་བདེ་མོ་བྱོས།  སྡེ་བ་གཅིག་གི་ནང་ན་མིས་མི་གོ་རྒྱུ་ཞིག་དང་ཁྱིས་མི་རིག་རྒྱུ་ཞིག་ཡོད་ནི་མ་རེད"ཅེས་བཤད་ནའང་།  ཁོས་ད་དུང་ཡིད་མི་ཆེས་པའི་ཉམས་ཀྱིས།   "ད་མི་ཤེས་ཡ"ཟེར་ཞོར་ཕར་འཁོར་ནས་བུད་སོང་།  

 

        སྡེ་དཔོན་སྐྱབས་ལོ་དང་དཔལ་ཆེན་གསང་བདག་གཉིས་རང་རང་སར་འགྱིང་ནས་ཡུན་རིང་ལུས་ཤིང་།  ཐ་མར།  རང་རང་སར་དངན་པ་རིང་བོ་རེ་འཐེན་ཞོར་ཕྱིར་ཁྱིམ་ལ་འཛུལ།

 

 

ལྔ།

 

        "ཡ། ད་དེ་རིང་བཀྲ་ཤིས་པའི་ཉི་མ།  དོན་འགྲུབ་པའི་ཉི་མ།   ནམ་ལངས་ཀྱི་མགོ་མ།  ཉི་ཤར་གྱི་རྩེ་མོ་འདིར།   ང་རིའི་རི་རྒྱུད་དེད་ནས་དཔའ་མཁར་དང་།  ཆུའི་ཆུ་རྒྱུད་དེད་ནས་ཟམ་པ།   མིའི་མི་རྒྱུད་དེད་ནས་ཉེ་བོ་བཙལ་དུ་ཡོང་ན། ང་རྟེན་འབྲེལ་ཚིག་གིས་སྒྲིག་པའི་གཏམ་དང་ཁ་ལྕེ་མེད་པ་འདི་རེད།   ཡིན་ནའང་།   ངས་རྟེན་འབྲེལ་འགྲིག་པའི་ཚིག་གཅིག་བཤད་ན།   ཁྱེད་ཚང་ལ་མཚོན་ན།  རིའི་རི་རྒྱུད་དེད་ན་གངས་དཀར་ཏེ་སེ་ལ་ཐུག་ཡོད་གི   ཆུའི་ཆུ་རྒྱུད་དེད་ན་མ་ཕམ་གཡུ་མཚོ་ལ་ཐུག་ཡོད་གི ཕ་རྒྱུད་གླིང་དཀར་སྟོད་ལ་ཐུག་ཡོད་གི   མ་རྒྱུད་སེང་ལྕམ་འབྲུག་མོར་ཐུག་ཡོད་གི  ཕ་རུས་སེར་བོ་གསེར་རེད།  མ་རུས་དཀར་པོ་དུང་རེད།  ཤིང་སྐྱེས་ཀྱི་རྩེ་མོ།  མྱི་སྐྱེས་ཀྱི་མགོ་མ་རེད། མི་གཤིས་འཇམ་པོ་བལ་རེད།  མི་རྒྱུད་དྲང་མོ་མདའ་རེད།  དེ་བས།  ཁྱེད་ཚང་གི་ཞི་མོ་སློང་དུ་ཡོང་ནི་ཡིན། ཞི་ལི་ཚེ་རིང་བསམ་འགྲུབ་དང་ཞི་མོ་ལྷ་མོ་བདེ་སྐྱིད་གཉིས་ཀར་མཚོན་ན་ཡང་། རང་དབང་རང་འཐད་ཀྱི་ལམ་ནས་ཁྲ་ལོའི་རྗེས་ལ་སིལ་ལོས་དེད་དེ།  རག་ཕྲུག་རྗེས་ལ་རྐྱང་ཕྲུག་ཞུགས་ནས།  རྐང་བ་སྤོ་ས་ལག་པས་བཙལ་བཏང་ན།  དེ་དོན་དག་གལ་ཆེན་ནང་གི་དོན་ཆེན་རེད།  དོན་ཆེན་ནང་གི་གཙིགས་ཆེན་རེད། དེའི་རྐྱེན་གྱིས་ངེད་ཚང་གིས་ཀྱང་སྔ་དྲོ་མོ་བས་མོ་བཏང་ནས།  ཕྱི་དྲོ་རྩིས་པས་རྩིས་བྱས་ནས།  དྲུག་གསུམ་འཁོར་ཞག་གི་རྡེའུ་བཞག་ནས། ལོ་རྒན་དྲུག་ཅུའི་རྩིས་བྱས་ནའང་། རྟ་ཐག་པས་བརྟད་དང་ནི་འདྲ་ཞིག   རྡེའུ་ལག་པས་བཞག་དང་ནི་འདྲ་ཞིག་རེད་ཟེར་གི  དེ་ཡིན་ན། ང་འདྲ་བོའང་ཁྱི་མིང་ལ་སེང་གེ་བཏགས་ནས་བར་བ་ཞིག་གི་མིང་བླངས་བཏང་ན།  ང་ལྟ་བུས་མཁས་པའི་ཚིག་གི་རང་ཤེས་དང་རྒོད་པོ་རྙི་ལ་རང་འབབ་བྱེད་ཤེས་ནི་མ་རེད་མོད། ང་གཉེན་སློང་དུ་མངགས་པའི་མི་དང་འཕངས་པའི་མདའ་ཡིན།   ང་ལ་སེམས་ལ་འཛིན་རྒྱུའི་ཚིག་དང་རུམ་ལ་བསྡུ་རྒྱུའི་བྲོ་ཞིག་གནང་རྒྱུ་བཀའ་དྲིན་ཆེ"

 

        གོང་གི་གཏམ་རིང་འཐེན་མཁན་དེ་ནི་གཞན་མ་ཡིན་པར་སྡེ་དཔོན་སྐྱབས་ལོ་ཡིན་པ་སྟེ།  ཞོགས་པའི་ཉི་རྩེ་ཐོག་མ་ས་རུ་མ་བརྒྱབ་གོང་ནས།  སྡེ་དཔོན་སྐྱབས་ལོ་རྟ་ལ་ཞོན་ནས་ཨ་ཕ་ཚེ་རིང་ཚང་ལ་ལྷ་མོ་བདེ་སྐྱིད་སློང་དུ་སོང་། 

 

        "ད་དེ་རིང་བར་བ་རྒད་པོ་ཁྱོད་ཀྱིས་གསེར་གྱི་ཡར་བཀྱག་མགོར་ཁུར་ནས།   དངུལ་གྱི་མར་བཀྱག་?ག་པས་མནན་ནས།   གསེར་གྱི་ཐབ་ཀའི་རྩིབ་ནས་བསྡད་ནོ་འདི།  བསོད་ནམས་ནང་གི་སྔོན་མ་ཡིན་ནས།   དབང་ཐང་དར་བའི་སྔ་ལྟས་ཡིན་ནས།  རྟེན་འབྲེལ་འགྲིག་པའི་ཐོག་མ་ཡིན་ནི་རེད།  ད་ང་མི་རྒྱུད་ཅན་གྱི་བདག་པོ།  མེས་པོ་གོང་མ་ཚང་མ་མགོའི་གསེར་ཞྭ་ཅན་གྱི་བླ་མ་འཁྲུངས་ས།   ཁྲི་ཐོག་ནོན་པའི་དཔོན་པོ་སྐྱེས་ཟིག   བཙན་སྣ་དུག་གི་སྡོང་བོ།  དམག་སྣ་ནམ་མཁའི་སྐར་མ།   དར་དཀར་ཅན་གྱི་ལྷ་རྒྱུད། དར་དམར་ཅན་གྱི་བླ་རྒྱུད།  དར་ནག་ཅན་གྱི་སྔགས་རྒྱུད་ཡིན་པ་བར་བ་རྒད་པོས་ཀྱང་མི་ཤེས་ག་ལ་སྲིད།  དེ་ཡིན་ན།  དེ་རིང་ཁྱོད་ཀྱང་ངེད་ཚང་གི་གསེར་ཐག་ཨོབ་ཐག་ལ་འཇུ་རུ་ཡོང་ན།   ཡོང་བའི་མི་ལ་ངོ་ཆུང་སོང་ནི་མ་རེད།  ངའི་བུ་མོ་འདི་ལག་ཆུང་ངོས་སུ་ཟས་འགོས་ནས་ཅུང་མ་འགོར་ནས།  རྐང་ཆུང་ངོས་སུ་ས་འགོས་ནས་ཅུང་མ་འགོར་ནས། ཡང་མ་མགོ་ནང་གི་སྐྱེ་མགོ ལུ་གུའི་ནང་གི་རྡང་མགོ ངེད་བཟའ་ཟླ་གཉིས་ཀྱི་ལ་རིང་བོར་འགོ་བའི་ལག་རྟེན།  ཚེ་ཕྱི་མར་འགྲོ་བའི་ཡུལ་སྲུང་། མགོ་ལ་ཡོད་ནོ་མིག་ཡིན།  མིག་ལ་ཡོད་པ་རྣོ་ཡིན།  ཨ་ཕའི་སེམས་ཀྱི་འོ་སྤྲི་ཡིན།  ཨ་མའི་སྙིང་གི་མར་ལོ་ཡིན།  ལག་ཐོག་ལ་ཆུ་ལྡུག་མཁན།  ལག་འོག་ལ་མེ་འབུད་མཁན།  རང་གི་ལས་ཀ་ཡུལ་ཅན་པོ་ཡིན། མི་ཡི་ལས་ཀ་ཅན་པོ་མིན། དེ་བས། རྟ་གྱོ་རིས་ཟེར་ན་ཚོང་མེད། སྲིང་ཐ་རིས་ཟེར་ན་ཉེ་མེད།  བར་བ་རྒད་པོ་ཁྱོད་ཐུགས་བརྒྱལ་ཞིག་བཞེངས་མི་རུང"

 

        ཨ་ཕ་ཚེ་རིང་ཚང་ནི་ཆུ་བཟང་ཡུལ་ཚོའི་ཕྱུག་སྐོར་ཚོ་བའི་ཚོ་དཔོན་ཡིན་ལ།   སྔོན་ཆད།  སྡེ་དཔོན་སྐྱབས་ལོ་དང་ཁོ་གཉིས་ཀྱིས་མཉམ་དུ་སྡེ་དོན་ཚོ་དོན་མང་པོ་བསྒྲུབས་མྱོང་བ་མ་ཟད།  གཞེས་ནིང་ལོར་སླར་ཡང་ཇོ་བོར་ཐོད་པ་གཏུག་པའི་དབུས་རོགས་སུ་གྱུར་པ་རེད།  དེ་བས།  ད་ཐེངས་ཀྱི་བར་བའི་འགན་དེ་ཁོས་རང་འགུལ་གྱིས་ཕྲག་ཏུ་བླངས་པ་ཡིན་མོད།   དེ་རིང་ཨ་ཕ་ཚེ་རིང་གིས་དབུས་རོགས་ཁོ་ལ་ཁ་ངོ་སྟེར་རྒྱུ་མིན་པ་འདྲ་པས།  "ཅི་བཤད་རྒྱུ། སྲིད་པ་ས་ཆགས་དུས།  བ་སོ་ཁ་འཕྲོད་དུས་ནས་བཟུང་།  སྦྲ་རྒན་དུ་བ་ཅན།  སླ་ང་དྲེག་པ་ཅན།  ཁྱོད་ཕ་བཟང་གི་བུ་དང་གཡག་བཟང་གི་ཀོ་ཡིན་ནོ་ཤེས་ནི་རེད།  ཤེས་ནི་རེད།  ང་ད་ཐེངས་གསེར་གྱི་ཀ་བ་འཇུ་གི་ཡོང་ནི་ཡིན། སངས་རྒྱས་སྟོང་སྐུ་བླུ་གི་ཡོང་ནི་ཡིན། བན་སེར་མོའི་ཐོད་པ་ཆོས་བསྐོར་ནས། མ་བུ་མོའི་ཐོད་པ་གནས་བསྐོར་དགོས་ནོ་སྐུ་རྒྱལ་བོད་ལ་དཔེ་ཡོད་ནོ།   ས་ནག་ཐང་ན་ལམ་ཡོད་ནོ།  དེའི་མི་ཚད་ད་རུང་།  འུ་ཁ་གཉིས་ཀ་སྲིད་པའི་རིང་གི་ཉེ་བོ་ཡིན་ནོ།  བསྐལ་བའི་རིང་གི་ཞང་འཛིན་ཡིན་ནོ།  གཉེན་བསྒྲིགས་ན་འཕྲག་ས་འཕྲོད་ས།   ལོ་བཏབ་ན་སྐྱེ་ས་འཁྲུང་ས་ཡིན་པའི་ངོ་ཅིག་ལྟོས་ལ།   གཉེན་ཐོག་ལ་གཉེན་དང་ལྕགས་ཐོག་ལ་རྣོ་ཞིག་སྣོན་རྒྱུ་དེ་ད་རྒད་པོ་ངའི་རེ་བ་ཡིན"ཞེས་ཨུ་ཚུགས་བྱས།

   

        ཨ་ཕ་ཚེ་རིང་ཡང་ཨུ་ཚུགས་འགྲོ་བའི་མི་ཞིག་མིན་པ་འདྲ་སྟེ། "རེད་རེད།  ཅི་བཤད་རྒྱུ།  བར་བ་རྒད་པོས་བཤད་ནོ་བདེན་ནི་རེད། ཨ་མྱེས་བསམ་འཕེལ་ཚང་ཟེར་ན།   ཕར་ཀ་ཚུར་ཀ་འདི་རེད།  གཅིག་ངོ་གཅིག་གིས་ཤེས་ནི་རེད།  གཅིག་རྒྱུས་གཅིག་གིས་ལོན་ནི་རེད།  སྔོན་ཆད་གསུམ་གྱི་རིང་ནས་བཟུང་།  ཕ་བཟང་རུས་པ་གསེར་ཡིན་ནོ།   མ་བཟང་རུས་པ་དུང་ཡིན་ནོ།  བོས་ན་མིང་ཅན་ཞིག་དང་བགོས་ན་སྐལ་ཅན་ཞིག་ཡིན་ནོ།   གོར་གོར་བྱས་ན་དཀྱིལ་ནས་བཙོག་ནི།  ཤར་ཤར་བྱས་ན་མགོ་ནས་འདུག་ནི།   ཁ་ལས་ལག་གཡུག་བྱས་ནས་ཡོང་གོ་ནི།  མི་ཁ་ཕུད་རྒྱག་བྱས་ན་འགྲོ་གོ་ནོ།   ལྷག་པར་དུ་ཞི་ལུ་ཚེ་རིང་བསམ་འགྲུབ་ལ་མཚོན་ནའང་།  བྱ་བྱིས་བུ་ཚ་བརྒྱ་ཡི་ནང་ན།   ཤིང་ཡར་སྐྱེས་ཀྱི་ནང་ན་དྲང་སྐྱེས་ཞིག་ཡོད་ནོ།   མི་ཡར་སྐྱེས་ཀྱི་ནང་ན་ཧྲ་སྐྱེས་ཞིག་ཡོད་ནོ།   རྩྭ་ཉལ་ལེ་བོའི་ནང་ན་དུག་ལངས་ལེ་ཁ་ཞིག་ཡོད་ནོ།  བློ་རིག་པ་རི་གསུམ་རྩེ་ན་ཡོད་ནོ།    གཏམ་ཁ་ལྕེ་ཡི་འཁོར་ལོ་ཁོག་ན་ཡོད་ནོ་ཡིན་ནི་རེད།   ཡིན་ནའང་།   ཞི་མོ་གན་ངེད་རྒན་རྒན་གཉིས་ཀྱི་མིག་ཆགས་ཀ་ཅན་པོས་ལྟ་ས་ཡིན།  རྣ་བུ་ག་ཅན་པོས་ཉན་ས་ཡིན།  ངེད་ཚང་ལ་ཤ་ལྷག་ཁྱིར་འཕེན་རྒྱུ་མེད་ནས།  མི་ལྷག་གནས་ལ་སྟེར་རྒྱུ་མེད། ཁྱོད་བར་བ་རྒད་པོས་འདི་ཡིས་ཨུ་ཚུགས་བྱས་བཏང་ན།  ངེད་ཚང་ལ་ཕ་ཞང་གྲམ་པ་ཀྲིག་གེར་ཡོད།  མ་ཞང་མཚོ་མོ་འཁྱིལ་ལེར་ཡོད།  ཁ་ཆེན་པོ་རི་ན་ཡོད།  དབང་ཆེན་པོ་ཡུལ་ན་ཡོད།  དེ་དག་ལ་མ་དྲིས་ན་དབང་ཆེན་མི་ཉན་གི་ཡ"ཞེས་བཤད་བྱུང་།    

 

        ཨ་ཕ་ཚེ་རིང་གིས་དེ་ལྟར་བཤད་ན་སྡེ་དཔོན་སྐྱབས་ལོར་ཡང་དེ་ལུགས་ཀྱི་ལན་འདེབས་རྒྱུ་ཡོད་པས། "ད་གོ་ཐལ།  སྤྱིར་ཨ་བ་ཨ་ཁུའི་རིང་ནས་བཟུང་།  འུ་ཁ་གཉིས་ཀ་སྲིད་པའི་ཉེ་བོ་འགལ་མ་མྱོང་ནོ།  རྟ་ཐོག་བ་མ་ཆག་མ་མྱོང་ནོ་ཡིན་ནི་རེད།   ཕར་ཉེ་བལ་འཐབས་ནོ།  ཚུར་ཉེ་ཞིང་བ་བཞག་ནོ།  གནའ་ས་ན་གནའ་ཡོད་ནོ།   ཉེ་ཨ་ལོང་གོར་ཡིན་ནོ། ཤགས་ལུ་གུ་རྒྱུན་ཡིན་ནོ་བཤད་ཅི་དགོས་ཨ་ཁུའི་སེམས་ན་ཡོད་ནི་རེད། འདོན་ཅི་དགོས་ཡིག་ཆུང་ངོས་ན་གསལ་ནི་རེད།  གསལ་ནི་རེད།  ཁྱོས་དེ་རིང་ཡིན་གཅིག་མིན་གཉིས་རྒད་པོ་ངའི་ཁ་ངོར་ཅིག་བལྟས་ནས།  ཞི་ལི་ཞི་མོ་འདི་གཉིས་ཀྱི་འདོད་ཐོག་ལ་འཇོག་དགོས"ཞེས་རང་གི་ཨུ་ཚུགས་རྒྱུན་འཁྱོངས་བྱས་པ་ན།  ཨ་ཕ་ཚེ་རིང་གིས་ཁོའི་ཁ་ཡ་བཤད་ཡར་མ་ཡོང་བར།  "སྡེ་དཔོན་སྐྱབས་ལོ།  ཁྱོད་འདི་དང་མ་ཞིག་ནས་འདི་མོ་ཨུ་ཚུགས་ཅན་ཞིག་ཡིན། ཡ། ད་འུ་གཉིས་ཀ་དབུས་ལ་འགྲོ་བའི་དབུས་རོགས།  ཇོ་བོར་ཐོད་པ་གཏུག་རོགས་ཡིན་པའི་ངོར་ཅིག་ལྟ་ལ།   གཉེན་ཐོག་ལ་གཉེན་དང་ལྕགས་ཐོག་ལ་རྣོ་ཡིན།    ཉེ་བོ་ཞེ་མཐུན་དང་བཟང་བོ་ལས་མཐུན་ཡིན།  ཡིན་ནའང་།  ཨ་མའི་ནུ་རིན་དང་བུ་མོའི་རྒྱུ་རིན་གྱི་ཕྱོགས་ནས།  ངེད་ཚང་ལ་ཕྱི་དགྲ་བོར་ངོམ་རྒྱུ་ཞིག་དང་ནང་ན་ཟླར་སྟོན་རྒྱུ་ཞིག་དགོས་ནི་རེད།  དེ་སྐུ་རྒྱལ་བོད་ལ་དཔེ་ཡོད་ནི།  ས་ནག་ཐང་ན་ལམ་ཡོད་ནི་རེད"ཅེས་བཤད་དགོས་སོང་།  

སྡེ་དཔོན་སྐྱབས་ལོ་ཆེས་སྐྲག་ས་ནི།   ཨ་ཕ་ཚེ་རིང་གིས་ལྷ་མོ་བདེ་སྐྱིད་གནས་ལ་སྟེར་མིན་དེ་མ་ཡིན་པར།   ཚེ་རིང་བསམ་འགྲུབ་ཚང་ལ་ཨ་མའི་ནུ་རིན་དང་བུ་མོའི་རྒྱུ་རིན་མང་པོ་ཞིག་སྟེར་རྒྱུ་མེད་པ་དེ་རེད་མོད།   ད་ནི་གཞན་གྱི་བུ་མོ་བཙན་གྱིས་བསླངས་པར་མ་ཟད།   རྒྱུ་རིན་ཀྱང་སྟེར་རྒྱུ་མེད་ཟེར་པའི་དཔེ་མེད་པས།  "ལོས་ཡིན་ལོས་ཡིན།  བླ་མས་ཅི་གསུང་བཀའ་ཡིན།  མཛུབ་མོས་གར་བསྟན་ཤར་ཡིན"ཞེས་ངག་ནས་ཤོར་སོང་། 

    

དྲུག 

 

        "ཡིག་ཆའི་ནང་དུ་བལྟས་ཡོང་ན། ད་ཐེངས་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་འདི་ཁ་གཏད་དགོས་པ་གསུམ་དང་མིང་རྟགས་འགོད་དགོས་པ་གསུམ།  སྤྱི་བསྒྲགས་བྱེད་དགོས་པ་གཉིས་བཅས་ཀྱི་གོ་རིམ་ལྟར་སྒྲུབ་དགོས་པ་ཞིག་ཡིན་ཞེས་པའི་དོན་ཅི་རེད"སྡེ་དཔོན་སྐྱབས་ལོས་བཤད།

 

        "ཁ་གཏད་དགོས་པ་གསུམ་ཟེར་བ་ནི། ཁྱིམ་ཚང་རེ་རེར་ཁ་གཏད་ནས་བརྟག་དཔྱད་བྱེད་པ་དང་། ཡོང་སྒོར་ཁ་གཏད་ནས་ཚོད་རྩིས་བྱེད་པ།  མང་ཚོགས་ཀྱི་དཔྱད་འཇོག་ལ་ཁ་གཏད་པ་གསུམ་རེད།   དེ་ནས་མིང་རྟགས་འགོད་པ་གསུམ་ནི།  ཁྱིམ་ཚང་གི་བརྟག་དཔྱད་རེའུ་མིག་སྟེང་དུ་བརྟག་དཔྱད་པ་དང་བརྟག་དཔྱད་བྱ་ཡུལ་གཉིས་ཀས་མིང་རྟགས་འགོད་པ་དང་།  ཡོང་སྒོའི་ཚོད་རྩིས་རེའུ་མིག་སྟེང་དུ་བརྟག་དཔྱད་པ་དང་བརྟག་དཔྱད་བྱ་ཡུལ་གཉིས་ཀས་མིང་རྟགས་འགོད་པ།  དབུལ་ཕོངས་ཁྱིམ་ཚང་དུ་བདམས་ཐོན་བྱུང་ཚེ་སྡེ་བ་དེའི་སུམ་ཆའི་གཉིས་ཀྱི་ཡན་གྱི་ཁྱིམ་བདག་ཚོས་མིང་རྟགས་འགོད་དགོས་པ་གསུམ་རེད། སྤྱི་བསྒྲགས་གཉིས་ནི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་བྱེད་པ་དང་ཡུལ་ཚོ་སྲིད་གཞུང་གིས་སྤྱི་བསྒྲགས་བྱེད་པ་དེ་གཉིས་རེད། དཔལ་ཆེན་གསང་བདག་གིས་དེ་ལྟར་བཤད"

 

        "རེད་རེད།  འདིའི་སྟེང་ནས་ཀྱང་གོང་རིམ་ནས་ད་ཐེངས་ཀྱི་བྱ་བ་འདི་གལ་ཆེན་ཞིག་ལ་བཟུང་ཡོད་པ་ཤེས་ཐུབ།"ཅེས་སྡེ་དཔོན་སྐྱབས་ལོས་དེ་ལྟར་ལབ། 

 

        "ཨོ་ལོས། ད་སྐབས་སྔོན་ཆད་དང་མི་འདྲ།  བྱ་བ་ཅི་དང་གང་ལས་རུང་ནན་ཏན་ཡིན་དགོས་པ་རེད།" དཔལ་ཆེན་གསང་བདག་གི་སྐད་རེད། 

 

        "སྔོན་ཆད་ང་ཚོ་ཆུང་དུས་སུ།  ཁྱིམ་ཚང་གི་ཆ་རྐྱེན་ངོ་མ་ཅིག་སྡུག་ཡ།  དེའི་རྗེས་སུ།  བཅོས་སྒྱུར་སྒོ་འབྱེད་བྱས་པ་རེད།  དེའི་རྗེས་ནས།  འགན་གཙང་ལེན་བྱས་པ་རེད། དེའི་རྗེས་སུ་ཏང་དང་རྒྱལ་ཁབ་ཀྱིས་དབུལ་སྐྱོར་གྱི་སྲིད་ཇུས་རབ་དང་རིམ་པ་ཞིག་ཡོང་བ་རེད། དེ་ཡིན་ན་ད་བར་ང་ཚོ་སྡེ་བར་མཚོན་ནའང་ལྡབ་འགྱུར་གྱིས་འགྱུར་ལྡོག་བྱུང་ནས།  དབུལ་སྐྱོར་བྱེད་དགོས་ས་མང་པོ་མེད།  དེ་ནི་གཅིག་ནས་ཏང་དང་རྒྱལ་ཁབ་ཀྱིས་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་པ་དང་།  གཉིས་ནས་མི་དམངས་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བས་རེད"སྡེ་དཔོན་སྐྱབས་ལོས་……

 

        "དེ་རེད། ཡིག་ཆ་འདིའི་སྟེང་ནའང་ད་དུང་གནད་འཁེལ་དབུལ་སྐྱོར་གྱི་བྱ་བ་འདི་ལ་མགོ་ཁྲིད་ཚན་ཆུང་ཞིག་བཙུགས་ནས་ཐུན་མོང་གི་བརྟག་དཔྱད་དང་ཐུན་མོང་གི་རྒྱུས་ལོན།  ཐུན་མོང་གི་གྲོས་བསྡུར་བརྒྱུད་ནས་དབུལ་སྐྱོར་མཁྲེགས་གཏོར་བྱ་དགོས་ཚུལ་བསྟན་འདུག་པས།  སྔུན་ལ་འུ་གཉིས་ཀས་མགོ་ཁྲིད་ཚན་ཆུང་ཞིག་རྩ་འཛུགས་བྱེད།  དེ་ནས་འཆར་གཞི་དང་ལྡན་པ།  བཀོད་སྒྲིག་ལེགས་པ།  རྩ་འཛུགས་དང་ལྡན་པའི་སྒོ་ནས་བྱ་བ་སྒྲུབ་ན་ཅི་འདྲ་རེད"དཔལ་ཆེན་གསང་བདག་གིས་དེ་སྐད་དུ……

 

        "ཅི་བཤད་རྒྱུ། ད་བར་དབུལ་ཁྱིམ་མང་པོ་ཞིག་གིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་ལ་བལྟས་བསྡད་པ་རེད།  དེ་ཡིན་ན་འདིའི་ཐད་དུ་སྒྲུབ་དགོས་པའི་དོན་དག་ད་དུང་མང་པོ་ཞིག་ཡོད་པས།  འུ་གཉིས་ཁོ་ནས་སྒྲུབ་ཐུབ་པ་ཞིག་དང་སྒྲུབ་ཆོག་པ་ཞིག་ཀྱང་མ་རེད"སྡེ་དཔོན་སྐྱབས་ལོས་དེ་ལྟར་ལན་བཏབ།

 

        ཨ་ཁུ་བསམ་འཕེལ་གྱིས་སྡེ་དཔོན་སྐྱབས་ལོ་བཙལ་ཡོང་དུས་སུ། དཔལ་ཆེན་གསང་བདག་དང་ཁོ་གཉིས་ཀྱིས་ཏག་ཏག་སྡེ་བའི་ནང་གི་གནད་འཁེལ་རོགས་སྐྱོར་བྱ་ཡུལ་གྱི་སྐོར་ནས་གྲོས་བྱེད་བཞིན་ཡོད།  

 

        དྲང་མོར་བཤད་ན།  གྲོས་ཞེས་ཆེན་པོ་ཞིག་བྱེད་རྒྱུ་མི་འདུག  གཙོ་བོ་གོང་རིམ་གྱི་ཡིག་ཆ་དེ་ཇི་ལྟར་སྟབས་བདེའི་སྒོ་ནས་མང་ཚོགས་ལ་སྒྲོག་རྒྱུ་དང་།  མང་ཚོགས་ཀྱིས་ཏང་གི་སྲིད་ཇུས་དང་ཡིག་ཆའི་དགོངས་དོན་གསལ་པོ་ཞིག་ཧ་གོ་བའི་རྨང་གཞིའི་སྟེང་ནས་ད་གཟོད་དམངས་ཕན་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་དེ་རེད། 

 

        སྐབས་དེར་ཨ་ཁུ་བསམ་འཕེལ་ཁྱིམ་དུ་འཛུལ་ཡོང་། ཨ་ཁུ་བསམ་འཕེལ་ཁྱིམ་དུ་འཛུལ་ཡོང་མ་ཐག  ཁྱིམ་ན་སྡེ་དཔོན་གཅིག་པུ་མ་ཡིན་པར་དཔལ་ཆེན་གསང་བདག་ཀྱང་ཡོད་པ་མཐོང་བས།  ཅུང་དགའ་བར་གྱུར་ཞིང་། "སྡེ་དཔོན་དང་ལས་བྱེད་པ་གཉིས་ཀ་ཡོད་དམ།  དེ་ནས་འགྲིག་འདུག  ང་ལ་དོན་དག་ཆུང་ཆུང་ཞིག་འདུག"ཅེས་བཤད་བྱུང་།  

 

        "ཡ།  ཤོད་དང"ཁོ་གཉིས་ཀྱིས་ཁོས་ཅི་བཤད་ལ་སྒུག 

 

        ཨ་ཁུ་བསམ་འཕེལ་གྱིས་རུམ་ནས་དུད་སྒམ་ཞིག་བླངས་ཤིང་།  དེའི་ནང་ནས་དུ་བ་རྐང་གཉིས་བླངས་ནས་ཁོ་གཉིས་ལ་སྟེར་ཞོར། "ཁེ་ཉིན་ཏང་ཡོན་ཚོགས་འདུའི་སྟེང་དུ།  དཔལ་ཆེན་གྱིས་གནད་འཁེལ་རོགས་སྐྱོར་ཟེར་བའི་རྣམ་གྲངས་ཤིག་ཡོད་རབས་བཤད་སོང་ཟེར་པ་བདེན་ནམ"ཞེས་དྲིས་བྱུང་། 

 

        "དེ་བདེན། སྡེ་དཔོན་ངེད་གཉིས་ཀྱིས་ཀྱང་དེའི་ཕྱོགས་ལ་གྲོས་བྱེད་སྒང་ཡིན"དཔལ་ཆེན་གསང་བདག་གིས་བཤད།   

 

        "དེས་ན་ངས་རོགས་སྐྱོར་གྱི་སྒོར་མོར་སྔ་གཞུག་ཅིག་བརྗེ་ན་ཨེ་ཆོག"

 

        སྡེ་དཔོན་སྐྱབས་ལོས་ཨ་ཁུ་བསམ་འཕེལ་གྱི་དོན་དག་ཆུང་ཆུང་དེ་འདི་འདྲ་ཞིག་ཡིན་པ་ལ་བསམ་ཡིད་ལས་འདས་པས།  ཁ་ནས་རང་དབང་མེད་པར"བསམ་འཕེལ་འདིས་ཅི་ཟེར"ཞེས་ཤོར་སོང་།

 

        དཔལ་ཆེན་གསང་བདག་སྡེ་དཔོན་སྐྱབས་ལོ་དང་མི་འདྲ་བར་ཅུང་ལྷོད་ལ་བབས་ཏེ། "རེད་རེད།  ད་ངས་ཧ་གོ་གི  ཁྱོས་སྒོར་མོ་ཞིག་བསྐྱི་འདོད་པ་དེ་རེད་ལ།  དེ་ན་སྒོར་མོ་སྐྱི་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ།  འཆར་གཞི་ལ་སོགས་པ་ཤོད་དང"ཞེས་ཨ་ཁུ་བསམ་འཕེལ་ལ་བལྟས་ནས་བསྡད།

 

        "དེ་ལ་གཅིག་ནས་ད་བར་ངེད་ཚང་གི་ཁྱིམ་ཚང་ཆ་རྐྱེན་ལ་སོགས་པའང་དབུལ་སྐྱོར་གྱི་ཚད་གཞིའི་ནང་ལ་ཡོད་པ་རེད།  གཉིས་ནས་ང་རང་གིས་ཀྱང་དབུལ་སྐྱོར་གྱི་གོ་སྐབས་འདི་བརྒྱུད་ནས་ཁྱིམ་ཚང་གི་ཆ་རྐྱེན་ཇེ་བཟང་ཇེ་ལེགས་སུ་གཏོང་འདོད་པ་ཡིན"

 

        "དེས་ན་ཁྱོད་ཀྱིས་ཇི་ལྟར་ཁྱིམ་ཚང་གི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྩིས་ཡོད། འཆར་གཞི་འདྲ་ཨེ་ཡོད"

 

        "འཆར་གཞི་ཆེན་པོ་མེད།  གང་ལྟར་མ་རྩ་ཞིག་ཡོད་ན་ཞི་ལིས་ཞོར་ལས་ལ་སོགས་པ་ཅི་ལས་ཀྱང་འདང་རྒྱག་མི་འདུག  དེ་མིན་ན།  ངས་ཞི་ལིར་མནའ་མ་ཞིག་ཀྱང་མི་ལོན་པ་འདི་རེད"

  

        ཨ་ཁུ་བསམ་འཕེལ་གྱི་ཞི་ལུ་ནི་ཚེ་རིང་བསམ་འགྲུབ་ཡིན་ལ།  ཁོས་བཤད་པའི་མནའ་མའང་ལྷ་མོ་བདེ་སྐྱིད་ཡིན་ངེས་པས།  དཔལ་ཆེན་གསང་བདག་གིས་ཨ་ཁུ་བསམ་འཕེལ་གྱི་ཁ་བརྡ་དེར་རྒྱབ་སྐྱོར་གྱི་ཚུལ་གྱིས། "ཁྱོད་ཀྱི་བསམ་ཚུལ་དེ་འགྲིག་འདུག  གནད་འཁེལ་དབུལ་སྐྱོར་གྱི་ནང་ན་ཐོན་ལས་དབུལ་སྐྱོར་ཟེར་བ་ཞིག་ཡོད།  དེ་གཙོ་བོ་ཁྱིམ་ཚང་ཕྱུགས་ར་ལ་སོགས་པའི་ཐོན་ལས་སྐོར་གྱི་རོགས་སྐྱོར་ཡིན། སྤྱིར་གནད་འཁེལ་དབུལ་སྐྱོར་གྱིས་ཀྱང་མི་དམངས་མང་ཚོགས་ཀྱི་དབུལ་ཕོངས་སེལ་བ་ཡིན་མོད། དེ་ནི་ངེས་པར་དབུལ་སྐྱོར་ཚད་གཞིར་ལོངས་པ་ཞིག་དང་དབུལ་སྐྱོར་དམིགས་འབེན་གསལ་བ་ཞིག  དབུལ་ཐར་གྲུབ་འབྲས་མངོན་པ་ཞིག་ཡིན་དགོས།   དེ་བས།  ཁྱོད་སྔུན་ལ་ཕྱིར་སོང་སྟེ་དབུལ་སྐྱོར་རེ་ཞུ་ཞིག་དང་རེའུ་མིག་འདི་སྐོང་ཤོག་དང་། དེ་ནས་སྡེ་ཨུའི་ཚོགས་ཐོག་ནས་ང་ཚོས་གྲོས་བྱེད།  དེ་ཆོག་གམ"ཞེས་ལམ་ལ་བཅུག་པ་ན།  ཨ་ཁུ་བསམ་འཕེལ་དགའ་ཐག་ཆོད་དེ་དེ་མ་ཐག་ཕྱིར་སོང་ནས་མྱུར་དུ་ཚེ་རིང་བསམ་འགྲུབ་ལ་དབུལ་སྐྱོར་ཞུ་ཡིག་ཅིག་འབྲི་རུ་འཇུག་དགོས་བསམ་བྱུང་། 

 

 

བདུན།

 

        དཔལ་ཆེན་གསང་བདག་གིས། "སྡེ་དཔོན་སྐྱབས་ལོ། ཁྱོད་ཀྱིས་འདི་ལ་ལྟོས་དང་།  ད་ཐེངས་ཀྱི་གནད་འཁེལ་དབུལ་སྐྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་མིང་ཐོ་ཡིན"

 

        སྡེ་དཔོན་སྐྱབས་ལོས།  "ད་འགྲིག་བསྡད་ཡོད་ཁུ།   བྱ་བ་ཅི་དང་གང་ཡིན་རུང་མགོ་ཁྲིད་ཚན་ཆུང་ཞིག་ཡོད་ན་གྲོས་བསྡུར་གྱིས་བྱ་བ་ལེགས་པོ་ཞིག་འཁྱོངས་ཐུབ།  དེ་མ་གཏོགས་མི་གཅིག་གཉིས་ཙམ་གྱི་འཆར་སྒོ་ལ་ཚད་ཡོད་པ་རེད།

 

        དཔལ་ཆེན་གསང་བདག་གིས། "ངས་ཀྱང་དེ་ལྟར་བསམ་པ་ཡིན།   ད་ཐེངས་གོང་རིམ་ནས་བསྒྲགས་པའི་ཡིག་ཆ་ལྟར་ན།  གནད་འཁེལ་དབུལ་སྐྱོར་འདིར་ངེས་པར་དུ་མགོ་ཁྲིད་ཚན་ཆུང་ཞིག་དགོས་པར་མ་ཟད།  མགོ་ཁྲིད་ཚན་ཆུང་ཁོ་ནས་བྱ་བ་ཐག་གཅོད་བྱས་ཆོག་པ་ཞིག་ཀྱང་མིན་པས།   འུ་གཉིས་ཀྱིས་ཀྱང་ཡིག་ཆའི་དགོངས་དོན་ལྟར་སྲིད་ཇུས་ལག་བསྟར་བྱེད་དགོས།   འདིའི་ཕྱོགས་ནས་ཁྱོད་ལ་གཞན་པའི་བསམ་ཚུལ་ཅི་འདྲ་འདུག"

 

        སྡེ་དཔོན་སྐྱབས་ལོས།  "ང་ཚོ་སྡེ་བ་འདིར་མཚོན་ན།  གཞེས་ནིང་ལོ་ནས་བཟུང་རིམ་བཞིན་ཆུ་གློག་ལམ་གསུམ་གྱི་གནད་དོན་ཐག་གིས་བཅད་ཡོད་པ་རེད།  དེའི་སྟེང་ལ་ད་ལོ་ནས་བཟུང་གཏན་སྡོད་ཁང་པ་ལས་མགོ་བརྩམས་ནས།  ཁྱིམ་ཚང་བཅུ་ཁ་ཞིག་གི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།   ཡིན་ནའང་།   ད་དུང་ཨ་ཁུ་བསམ་འཕེལ་ཚང་གཙོ་བྱས་ཁྱིམ་ཚང་རེ་འགའི་སྡོད་ཁང་ཡང་ཉེན་ཁ་ཅན་གྱི་རིགས་སུ་གཏོགས་པས།  ཡང་མིན་ན།   ད་ཐེངས་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་གོ་སྐབས་འདི་སྤྱད་ནས་ཁོ་ཚོའི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱེད་དགོས་པ་མ་རེད་དམ"

 

    དཔལ་ཆེན་གསང་བདག་གིས།  "སྤྱིར་ཆུ་གློག་ལམ་ནས་གཏད་སྡོད་ཁང་པ་ལ་སོགས་འདི་དག་ཚང་མ་ཆེས་མ་མཐའི་དབུལ་སྐྱོར་བྱ་ཡུལ་ཡིན་པ་རེད།   ཡིན་ནའང་།  ད་ཐེངས་གཙོ་བོ་སྡེ་བ་རིམ་པའི་ཐོན་ལས་དང་ཁྱིམ་ཚང་རིམ་པའི་ཕྱུགས་རའི་ཕྱོགས་ནས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྒྲུབ་ན་བསམ།   དེ་མ་གཏོགས།   སྡོད་ཁང་ལ་སོགས་པས་གནས་སྐབས་ཀྱི་དཀའ་ངལ་སེལ་ཐུབ་མོད་ཡུན་རིང་གི་འཚོ་ཐབས་ཐག་གཅོད་བྱེད་དཀའ་བར་འདུག"

 

      སྡེ་དཔོན་སྐྱབས་ལོས།  "དེ་ལྟར་བཤད་ན།   དེའང་བདེན་པར་འདུག  ད་བར་ཕྱུགས་ལས་ས་ཆར་མཚོན་ན།   སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པའི་དབང་གིས།  ལོ་རེ་རེ་བཞིན་རྩྭ་ཆུའི་ཐོན་ཁུངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་།   རྩྭ་ཆུའི་ཐོན་ཁུངས་ཇི་ལྟར་སྡུག་ན་ཕྱུགས་ཟོག་གི་འཕེལ་ཁ་དེ་ལྟར་སྡུག   དེས་ནི་མང་ཚོགས་ཀྱི་ཡོང་སྒོའང་ཇེ་སྡུག་ཏུ་སོང་བ་རེད།   གནད་དོན་འདི་གནད་དོན་གཙོ་བོ་ཞིག་རེད།  ན་ནིང་ང་ཚོ་སྡེ་དཔོན་དག་ནང་སོག་རྩྭ་ཐང་དུ་བྱ་བའི་རྟོག་ཞིབ་ལ་འགྲོ་དུས་ནས།  ངའི་སེམས་ལ་ངེས་པར་དུ་ཚན་རིག་ལ་བརྟེན་ནས་ཕྱུགས་འཚོ་བ་དང་ལག་རྩལ་ལ་བརྟེན་ནས་ཐོན་ལས་གཉེར་རྒྱུ་དེ་གལ་ཆེ་བོ་རེད་བསམ་ཡོད"

 

           དཔལ་ཆེན་གསང་བདག་གིས། "དེ་བདེན་གི  ན་ནིང་ཡུལ་གཙོ་དགྲ་འདུལ་གྱིས་ཁྱོད་ཚོ་སྡེ་དཔོན་རྣམས་ནང་སོགས་རྩྭ་ཐང་ལ་འཁྲིད་དོན་ཀྱང་།  ཁྱོད་ཚོའི་བསམ་པའི་འདུ་ཤེས་རྙིང་པ་དེ་བསྒྱུར་ཆེད་ཡིན་པ་རེད།  འདི་ལྟར་བལྟས་ཡོང་ན།   ད་ལྟ་ཁྱོད་ནི་ཡུལ་ཚོ་འདིའི་སྡེ་དཔོན་གཞན་དག་ལས་ཐོས་རྒྱ་དང་མཐོང་རྒྱ།  ཤེས་རྒྱ་ཆེ་ཆེར་བསྐྱེད་ཡོད་པའི་སྐོར་རེད"

  

   སྡེ་དཔོན་སྐྱབས་ལོས།  "ད་ངས་ཀྱང་འདང་དཔོག་ཐལ།   ད་ལོ་འུ་ཚོས་དབུལ་སྐྱོར་གྱི་སྒོར་མོ་འདི་དག་མི་སྒེར་ལ་མི་བགོ་བར་སྡེ་བ་སྤྱིའམ་རུ་ཆེན་སྤྱི།  ཡང་ན་རུ་ཆུང་སྤྱི།  ཡང་ན་དབུལ་ཕོངས་ཁྱིམ་ཚང་འགའ་ལ་མཉམ་ལས་རྣམ་པའི་ཐོན་ལས་གཉེར་དུ་འཇུག"

 

        སྡེ་དཔོན་སྐྱབས་ལོ་དང་དཔལ་ཆེན་གསང་བདག་གཉིས་ཀྱིས་འཆར་གཞིའི་ནང་ལ་འཆར་གཞི་བཞག་ནས།  བདའ་ཚང་སྡེ་བའི་གནད་འཁེལ་རོགས་སྐྱོར་གྱི་བྱ་བའི་མགོ་རྐང་སྒྲིག་ནས་མཚམས་འདིར་སླེབས་པ་ན།  ཨ་ཁུ་དཔའ་སྐྱབས་ཀྱིས་སྒོ་སྲུབས་ནས་ནང་ལ་བལྟས་བལྟས་པ་དང་ཉན་ཉན་རྗེས།  གློ་བུར་ཁང་པའི་ནང་ལ་ལྡིང་ཡོང་། ཨ་ཁུ་དཔའ་སྐྱབས་ཐད་ཀར་ཁོ་གཉིས་ཀྱི་གམ་ལ་ཡོང་པ་དང་།  དཔལ་ཆེན་གསང་བདག་གི་གདོང་ལ་མཛུབ་མོ་བཙུགས་ཏེ།  "ཨ་རོགས་རོང་ཕྲུག  ཁྱོད་ཀྱིས་ངའི་དབུལ་སྐྱོར་སྒོར་མོ་དེ་དག་བགོ་བཤའ་རྒྱག་རྩིས་ཡོད་པ་དེ་སྟོང་བསམ་ཡིན"ཟེར།

 

        སྡེ་དཔོན་སྐྱབས་ལོ་མྱུར་མོར་ཁོ་གཉིས་ཀྱི་བར་ལ་ལྡིང་ཞིང་། ཨ་ཁུ་དཔའ་སྐྱབས་བཀག་སྟེ།  "དཔའ་སྐྱབས་ལོ་ལོ།  ཁྱོད་ཀྱི་དབུལ་སྐྱོར་གྱི་སྒོར་མོ་དེ་ངེད་གཉིས་ཀྱིས་སུ་ལའང་བགོ་བཤའ་རྒྱག་ས་འགྲོ་བ་མ་རེད།   ངེད་གཉིས་ཀྱིས་ཁྱོད་ཚོ་མྱུར་དུ་དབུལ་ཕོངས་ལས་ཐར་ཐབས་ཞིག་ལ་འདང་རྒྱག་གིན་ཡོད"ཅེས་བཤད།

 

        ཨ་ཁུ་དཔའ་སྐྱབས་དེ་ཙམ་གྱིས་སེམས་ལྷོད་ལ་བབས་མ་བྱུང་བར་དབུགས་ཧལ་ཧལ་བྱེད་ཞོར།  "མི་ཁོག་ལ་མ་དྲན་པ་ཁྱི་ཁོག་ལ་དྲན་སྲིད་པ་མིན་ནམ"ཟེར།

 

        དཔལ་ཆེན་གསང་བདག་གིས་ཨ་ཁུ་དཔའ་སྐྱབས་ཀྱིས་ཁོ་གཉིས་ལ་གོ་བ་ལོག་ཡོད་པ་ཤེས་རྗེས།  ཚུར་ཨ་ཁུ་དཔའ་སྐྱབས་ཀྱི་གམ་དུ་བཏུད་དེ།  "ཨ་ཁུ་དཔའ་སྐྱབས།  ཡོད་ཚད་ཁྱོད་ཀྱིས་བསམ་པ་དེ་འདྲ་ཞིག་མ་རེད།  ཁྱོད་ཚོ་དབུལ་བོ་ཡིན་པ་བདེན་ལ།  རྒྱལ་ཁབ་ལ་དབུལ་ཕོངས་མང་ཚོགས་ཀྱི་བདེ་སྡུག་ལ་དོ་ཁུར་བྱེད་པའི་འགན་འཁྲི་ཡོད་པའང་བདེན་པ་རེད།   ཡིན་ནའང་།   ང་ཚོ་ནམ་ཡང་དབུལ་བོ་བྱས་ནས་བསྡད་ན་མི་འགྲིག"ཅེས་བཤད།

 

        "ཨ་ཡོ།  ཞི་ལུ་འདིས་དགོད་སྤྱད་བཤད་པ་ལ།   ང་ཚོ་དབུལ་བོ་ཡིན་ན་ཅི་རེད།  ང་ཚོ་དབུལ་བོ་བྱས་ནས་བསྡད་ན་ཅི་རེད།   ང་ཚོར་དབུལ་སྐྱོར་སྒོར་མོ་རྒྱལ་ཁབ་ཀྱིས་སྟེར་གྱི་ཡོད་པ་ལས་ཁྱོད་ཚོས་སྟེར་བཞིན་ཡོད་པ་མ་རེད།  འདིའི་མིང་ལ་རྒྱལ་བོའི་མཛོད་ལ་ཡི་དྭགས་ཀྱིས་སེར་སྣ་ཟེར་བ་རེད"

 

        སྡེ་དཔོན་སྐྱབས་ལོས་དཔལ་ཆེན་གསང་བདག་གི་སྐད་ཆ་དེས་ཨ་ཁུ་དཔའ་སྐྱབས་ལ་གོ་བ་སྐྱེད་མ་ཐུབ་པ་མཐོང་རྗེས།  "དཔའ་སྐྱབས་འདི་བསམ་ཤེས་ཞིག་ལ་མ་རིག་པར།  ད་དུང་བསམ་གཅིག་མི་ཤེས་པ་ཅི་རེད།   ང་ཚོ་དབུལ་བོ་ཡིན་པ་བདེན་མོད།   དབུལ་བོ་ཡིན་པ་དེ་ང་ཚོའི་ང་རྒྱལ་ཡིན་པ་མ་རེད།  དེ་ནི་ང་ཚོའི་ངོ་ཚ་ཞིག་རེད"ཅེས་བཤད་དགོས་བྱུང་།   

སྐད་ཆ་དེས་ཨ་ཁུ་དཔའ་སྐྱབས་ཀྱི་ཁོང་ཁྲོའི་མེ་སྟེང་ལ་སྣུམ་བསྣན་པ་ཇི་བཞིན།  "ང་མི་དེ་འདྲ་ངོ་ཚ་མེད་པ་ཞིག་ཡིན།    ངའི་དབུལ་སྐྱོར་སྒོར་མོ་སྒེར་ལ་བགོ་རྒྱུ་ཟེར་ན།  ངས་ད་རུང་ངོ་ཚ་མེད་པའི་བྱ་བ་ལས་ངེས་ཡིན"ཟེར་ནས་དེ་རིང་རང་གིས་སྲོག་ཀྱང་འཇོག་ཕོད་པའི་ཉམས་བསྟན།  

 

        དཔལ་ཆེན་གསང་བདག་གིས་རྒད་པོ་འདིར་ཨུ་ཚུགས་ཆེ་བ་མཐོང་རྗེས།  ཕར་སོང་ནས་ཇ་དེམ་ལས་ཆུ་ཁོལ་དཀར་ཡོལ་གང་བླུགས་ཡོང་ནས་ཨ་ཁུ་དཔའ་སྐྱབས་ཀྱི་ལག་ལ་འཇོག་ཞོར། "ཨ་ཁུ་དཔའ་སྐྱབས།  ཁྱོད་ཁོང་ཁྲོ་མ་ལངས་པར་ཇ་ཞིག་འཐུང་དང་།   ང་ཚོས་དལ་མོར་ཁ་བརྡ་བྱེད"ཅེས་བཤད།

 

        "ད་ནི་ཁ་བརྡ་ཅི་ཞིག་བྱེད་ཨང"ཨ་ཁུ་དཔའ་སྐྱབས་ཀྱིས་དཀར་ཡོལ་བླངས།

 

        "ཁ་བརྡ་མང་བ་རེད།   ད་ལོ་ང་ཚོས་དབུལ་ཐར་ཕྱོགས་ཀྱི་བྱ་བ་ཞིག་སྒྲུབ་འདོད་པ་ཡིན།  དེ་མ་གཏོགས་དབུལ་སྐྱོར་གྱི་སྒོར་མོ་སུ་ཞིག་ལ་བགོ་བསམ་པ་མིན།   ང་ཚོར་དེ་འདྲའི་དབང་ཆའང་ཡོད་པ་མ་རེད།   ཡིན་ནའང་།   ང་ཚོས་ང་ཚོ་དབུལ་བོ་ཡིན་ཞེས་ཚེ་གང་བོར་རྒྱལ་ཁབ་ལ་ཁ་གདངས་ནས་བསྡད་ན་མི་འགྲིག་པར་སེམས།   དེ་བས།   ང་ཚོས་གནད་འཁེལ་དབུལ་སྐྱོར་གྱི་གོ་སྐབས་འདི་བརྒྱུད་ནས།   དབུལ་ཐར་མཁྲེགས་གཏོར་གྱི་ཕྱོགས་ལ་འདང་ཞིག་རྒྱག་དགོས་པ་རེད"

   

        སྡེ་དཔོན་སྐྱབས་ལོས་ཀྱང་དཔལ་ཆེན་གསང་བདག་གི་ཚིག་རྔར་མཐུད་དེ།  "ཨོ་ལོས་ཨོ་ལོས།  དཔའ་སྐྱབས།  ཁྱོད་ལ་མཚོན་ནའང་།   ང་སྡེ་དཔོན་མིན་དུས་ནས་བཟུང་དབུལ་སྐྱོར་ཁྱིམ་ཚང་གི་གྲས་སུ་གཏོགས་པ་རེད།   ཡིན་ནའང་།  ཁྱོད་ཀྱིས་ད་ལྟ་འདང་ཞིག་རྒྱོབས་དང་།   དེ་དུས་ནས་ཁྱོད་དང་མཉམ་དུ་དབུལ་སྐྱོར་བྱ་ཡུལ་དུ་ཡོད་པའི་ཁྱིམ་ཚང་དུ་ལྷག་འདུག"ཅེས་བཤད།    

 

        "དབུལ་བོ་ཡིན་པ་དེ་ངའི་ལས་དབང་རེད།   ང་ལ་བཀོད་པ་ཅི་ཡོད"

 

        "དེ་ལས་དབང་དང་འབྲེལ་བ་ཅི་འདུག   དེ་ཁྱོད་ཀླད་རྙིང་ཡིན་པས་རེད།  ཁྱོད་སྒྱིད་ལུག་ཡིན་པས་རེད།  ཁྱོད་ཀྱི་མི་ཚེ་འདི་ལྟར་ཚར་སོང་ན་ཆོག་མོད།  ཤུལ་གྱི་བྱིས་པ་ཚོ་ཅི་བྱེད།  ཁོ་ཚོའི་ལས་དབང་ལ་འདང་ཞིག་རྒྱག་མི་དགོས་སམ"

 

        "ང་ལ་མ་འོངས་པའི་སྐོར་གྱི་འདང་རྒྱག་ཁོམ་ཞིག་གང་ན་ཡོད"

   

        "ཨ་ཁུ་དཔའ་སྐྱབས།   ད་འདི་ལྟར་བྱེད།  ད་ལོའི་དབུལ་སྐྱོར་ཁྱིམ་ཚང་གི་གྲས་སུ་ཁྱོད་ཚང་ཡང་ཡོད་ངེས་རེད།  དེས་ན་འུ་ཚོས་དབུལ་སྐྱོར་སྒོར་མོས་སྒོར་མོ་དེ་ལས་མང་པོ་ཞིག་བཙལ།  ཁྱོད་ཀྱིས་འགན་ཁུར་ནི་ཁྱེད་ཚང་གི་ལས་ཀ་ལས་ནུས་པའི་ཁྱིམ་མི་དག་རྩ་འཛུགས་བྱོས་ལ་ལས་ཀར་ཤོག   དེ་བྱོས་དང་།  དབུལ་སྐྱོར་སྒོར་མོ་ལས་མང་པའི་སྒོར་མོ་ཞིག་བཙལ་ཐུབ་པར་མ་ཟད།   ཅུང་མ་འགོར་བར་དབུལ་ཕོངས་ཀྱི་ཞྭ་མོའང་མགོ་ལས་ཕུད་ཆོག་པ་རེད"

 

         དཔལ་ཆེན་གསང་བདག་གི་སྐད་ཆ་དེར་གནས་ལུགས་ཆེན་པོ་ཞིག་ལྡན་པས།  ཨ་ཁུ་དཔའ་སྐྱབས་ཀྱི་སེམས་འགུལ་བྱུང་མོད།   དེ་མུར་བདེན་ཁ་སྟེར་མ་འདོད་པར།  "ད་ཁྱོད་གཉིས་ཀྱིས་ངའི་མགོ་གཡོག་དགོས་པ་མ་རེད།   གལ་ཏེ།   དབུལ་སྐྱོར་སྒོར་མོ་གཏའ་མར་བཞག་ནས་དེའི་ཡན་གྱི་སྒོར་མོ་ཞིག་བཙལ་མ་ཐུབ་ན།   སྐྱིན་པ་ཁྱོད་གཉིས་ཀྱིས་སུས་སྟེར་རྒྱུ་ཡིན།    དེ་ཁས་ལེན་ཐུབ་ན་ངས་ཀྱང་ཁས་བླངས་ཆོག"ཅེས་ཚིག་རྔ་མནན་ནས་བཤད།

 

        སྐད་ཆ་དེ་ཐོས་རྗེས།  དཔལ་ཆེན་གསང་བདག་དགའ་དྲགས་ཏེ། "ཨོ་ལོས།   ཨ་ཁུར་གོ་རྟོགས་ལོས་ཡོད།  ཁས་ལེན་དམ་བཅའ་དེ་སྡེ་དཔོན་ངེད་གཉིས་ཀྱིས་ཁག་ལ་བླངས་ཆོག"ཅེས་ཁ་ནས་ཤོར།

 

        "དེ་ཨ་ཁུར་གོ་རྟོགས་ཡོད་སོང་བས་མིན།  སྒོར་མོ་ཉུང་ཉུང་གིས་སྒོར་མོ་མང་པོ་བཙལ་ཐུབ་ན་མི་འཐད་རྒྱུ་ཅི་ཡོད།  ཡང་ཅིག་བཤད་ན།   བར་འདུག་ཁྱོད་གཉིས་ཀ་ཡོད་པ་མིན་ནམ"

 

        "ཡ་ཡ།   ཁས་ལེན་བྱས་པ་ཡིན།  འོན་ཀྱང་།  ཁྱོད་ཀྱིས་ཀྱང་ཁྱོད་ཚང་གི་ལས་ཀ་ལས་ཐུབ་མཁན་ཚང་མ་ལས་ཀར་ཞུགས་སུ་འཇུག་དགོས།    མང་ལས་མང་ཐོབ་དང་ཉུང་ལས་ཉུང་ཐོབ་ཡིན།   དེ་ངས་མ་བཤད་ཀྱང་ཁྱོད་ཀྱིས་ཀྱང་ཤེས་ངེས་རེད"

 

བརྒྱད།

 

        དེ་རིང་ཡང་། ཚེ་རིང་བསམ་འགྲུབ་དང་ལྷ་མོ་བདེ་སྐྱིད་གཉིས་རི་ཆུང་ཉག་ཁ་ནས་ཕྲད་ཅིང་། ཡུན་རིང་ལ་མ་ཕྲད་པའི་དྲན་གདུང་གིས་རེ་ཞིག་ཕན་ཚུན་ལ་སྐད་ཆ་ཅི་ཞིག་བཤད་དགོས་ཀྱང་མི་ཤེས་པར་གྱུར།

 

        ཡུན་རིང་གི་རྗེས་སུ། ཚེ་རིང་བསམ་འགྲུབ་ཀྱིས་ཁོའི་བྲང་ཁར་མགོ་བོ་སྔས་ནས་མིག་ཆུ་འདོན་བཞིན་པའི་ལྷ་མོ་བདེ་སྐྱིད་ལ།  "བདེ་སྐྱིད།  ད་ཁྱོད་ཀྱིས་སེམས་སྡུག་མ་བྱེད།  ཅི་བཤད་ཀྱང་ཁྱོའི་ཕ་མ་གཉིས་ཀྱིས་ཁྱོད་རང་བསམ་པ་རེད" ཅེས་བཤད།  

 

        "ང་རང་བསམ་པ་ཡིན་ན།  ངའི་འདོད་ཐོག་ལ་མི་འཇོག་དོན་ཅི"

 

        "ཁྱོད་ཀྱི་འདོད་ཐོག་ལ་བཞག་ཡོད་པ་མིན་ནམ"

 

        "འོ་ན།  ཁོ་ཚོས་ཁྱོད་དེ་ལྟར་དཀའ་ལས་སུ་གཏད་ནས་ཅི་བྱེད་དགོས་སམ"

 

        མ་གཞི་ལྷ་མོ་བདེ་སྐྱིད་ཀྱིས་བཤད་པ་ན།  ཨ་ཕ་ཚེ་རིང་གིས་ཁོ་མོར་ཨ་མའི་ནུ་རིན་བླངས་པ་དེ་ཡིན་པ་སྟེ།  དེ་ནི་ཚེ་རིང་བསམ་འགྲུབ་ཕྱི་ལོགས་སུ་ཞོར་ལས་ལ་འགྲོ་དགོས་པར་ཐུག་པ་དང་།  ཁོ་གཉིས་ཀྱང་དུས་ཡུན་རིང་བོ་ཞིག་ལ་ཐུག་ཕྲད་བྱེད་མི་ཐུབ་པས་ཡིན་པ་རེད། 

 

        དེ་བས།  ཚེ་རིང་བསམ་འགྲུབ་ཀྱིས་ལྷ་མོ་བདེ་སྐྱིད་ལ་སེམས་གསོ་བྱེད་དོན། "བདེ་སྐྱིད།  ཁྱོད་ཀྱིས་དེ་ལྟར་བཤད་མི་རུང་།  བུ་མོའི་རྒྱུ་རིན་དང་ཨ་མའི་ནུ་རིན་ཞེས་པ་དེ་སྐུ་རྒྱལ་བོད་ལ་དར་བ་ཞིག་རེད།  ཁྱོད་ཀྱི་ཕ་མ་གཉིས་ཀས་ཀྱང་ཁྱོད་ད་རག་བར་དུ་འབུ་གསོས་ནས་མྱི་ཡི་བཏང་བ་རེད། སྤྱིར་ན་ཨ་མའི་ནུ་རིན་ཞིག་ཅིས་ཀྱང་ལེན་དགོས་བ་རེད། ཁྱོད་ཚང་ལའང་ནང་ན་ལྟ་མཁན་དང་ཕྱི་ན་ཉན་མཁན་ཡོད།  ཡིན་ནའང་།  ཁོ་གཉིས་ཀྱིས་རྒྱུ་རིན་སྐར་གང་ཡང་མི་ལེན་པ་དེའང་འུ་གཉིས་ཀ་བསམ་པ་རེད"

 

        ལྷ་མོ་བདེ་སྐྱིད་ཀྱིས་སྐད་ཆ་དེ་གོ་རྗེས།  སྔར་ལས་ལྷག་པའི་སྒོ་ནས་ཞེ་སྡུག་པར་གྱུར་ཞིང་།    "རྒྱུ་རིན་མི་ལེན་པ་དང་རྒྱུ་ལ་མི་དགའ་མཁན་ཞིག་ཡིན་ན།  ཁྱོད་ལ་ཁང་པ་ཕུབས་དང་རླངས་འཁོར་ཉོས་ཞེས་སྡུག་ལ་ཕབ་དོན་མི་འདུག"ཅེས་བཤད་བྱུང་། 

 

        "དེ་ནི་ཁོ་ཚོ་ལན་པ་མ་རེད།  ང་རང་ལན་པ་རེད།  ང་ལ་ནུས་པ་མེད་པས་རྒྱུ་ར་མ་རེའུ་ཞིག་ཀྱང་གསོག་མ་ཐུབ་པ་རེད།  ང་འདི་ངོ་མ་མི་ནུས་མེད་ཅིག་རེད།  དེ་མ་གཏོགས།  ཁྱོད་ལ་འདུག་སའི་ཁང་པ་ཞིག་དང་ཡར་སྐྱེལ་མར་ལེན་གྱི་རླངས་འཁོར་ཞིག་ཡོད་ན་ལོས་ཆོག  དེ་ཁྱོད་ཀྱི་ཕ་མ་གཉིས་ཀྱིས་ཀྱང་ཁྱོད་བསམ་པ་རེད།  ཡང་ཅིག་བཤད་ན།  འུ་གཉིས་ཀྱིས་མ་འོངས་པ་བསམ་པ་རེད།  ཁྱོད་ཀྱིས་དེ་ཤེས་དགོས"

 

        མ་གཞི།  ཨ་ཕ་ཚེ་རིང་གིས་སྡེ་དཔོན་སྐྱབས་ལོ་ལ་རང་གི་བུ་མོ་གནས་ལ་བྱིན་ཆོག་མོད།  གནས་ཚང་གིས་ངེས་པར་དུ་གྱོ་མོ་དམར་པོའི་སྒུར་ཁང་ཞིག་དབུབ་དགོས་པ་དང་མག་པ་ལ་ངེས་པར་དུ་རླངས་འཁོར་ཡོད་དགོས་ཞེས་བཤད་པ་ཡིན་འདུག

 

        "ཚེ་རིང་།  ཁྱོད་ཀྱིས་དེ་ལྟར་མ་བཤད།  ང་རང་ཁྱོད་ཀྱི་གཞུང་དྲང་དང་ལྷད་མེད་ཀྱི་སེམས་པ་དཀར་བོ་དུང་འདྲ་དེར་དགའ་བ་མ་གཏོགས།   ངས་ནམ་ཡང་ཁྱོད་ལ་རྒྱུ་དང་འབྱོར་བ།  ཐོབ་དང་གོ་ས་ཡོད་མེད་ལ་ལྟ་གི་མེད"

 

        ལྷ་མོ་བདེ་སྐྱིད་ཀྱིས་བཤད་པ་ནི་ཁོ་མོའི་སེམས་ཁོང་གི་སྐད་ཆ་ཡིན་པ་སུས་མི་ཤེས།   ཡིན་ནའང་།  ཚེ་རིང་བསམ་འགྲུབ་ཀྱང་མི་ཁོག་དཔུང་ཅན་ཞིག་ཡིན་པས།  ཁོས་བཤད་རྒྱུར། "གནས་ལུགས་ཀྱིས་དེད་ན་དེ་འདྲ་ཞིག་ཡིན་ཡང་སྲིད་མོད།  ཡིན་ནའང་།  འུ་གཉིས་ཀྱིས་རྗེས་མར་འཚོ་བ་རོལ་དགོས་པ་རེད།  ངས་མ་མཐའ་ཡང་ངའི་ཆུང་མར་ཟས་ཞིམ་པོ་དང་གོས་ཡག་པོ་གོན་དུ་འཇུག་ལོས་དགོས"

 

 

        "མི་དགོས།  ང་ཁྱོད་དང་མཉམ་དུ་འདུག་ཐུབ་སོང་ན།   ཆུ་འཁྱག་དང་རྩམ་སྐྱ་འགམ་ནས་འདུག་དགོས་ཀྱང་མི་འགྱོད་ཁོ་ཐག་ཡིན" སྐད་ཆ་དེ་ཐོས་རྗེས། ལྷ་མོ་བདེ་སྐྱིད་ཀྱི་མིག་ཆུ་སླར་ཡང་བཞུར་སོང་།  

 

        "བདེ་སྐྱིད།  ཁྱོད་ཀྱིས་ང་ལ་འདི་འདྲའི་འདང་བརྩེ་ཞིག་བཅངས་པར་བཀའ་དྲིན་ཆེ།  ངས་ངེས་པར་དུ་དུས་ཚོད་ཐུང་ཐུང་ངང་རྒྱུ་བཙལ་ནས་ཁྱོད་ཆུང་མར་ལེན་ཁོ་ཐག་ཡིན" སྐད་ཆ་དེས་ཚེ་རིང་བསམ་འགྲུབ་ལ་སྤོབས་པ་དང་ཡིད་ཆེས་སྦྱིན། 

        "ཡ་ཡ།   ངས་ཁྱོད་ལ་སྒུག་ནས་འདུག"

 

རྩོམ་སྒྲིག་འགན་འཁུར་བ།  རྒྱལ་ལོ།

 

མཆན།

 

 

ཞི་ལི།-ཨ་མདོའི་ཁ་སྐད་དེ། སྐྱེས་པ་ཕོ་ཡི་དོན།

 

ཞི་མོ།-ཨ་མདོའི་ཁ་སྐད་དེ། བུ་མོའི་དོན།

 

བར་བ།-ཨ་མདོའི་ཁ་སྐད་དེ།  ཕོ་མོ་གཉེན་སྒྲིག་གི་མཚམས་སྦྱོར་བྱེད་མཁན་གྱི་མི་ལ་གོ། 


རྩོམ་ཡིག་སྔོན་མ།
བུ་མོ་རྟ་གོའི་ཉིན་གཅིག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1