ཇུས་བཟང་གསེར་གྱི་གླིང་བུ་ཡིས། བདེ་སྐྱིད་འཚོ་བའི་དབྱངས་རྟ་སྒྲོག

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-17



        བོད་ཁུལ་གྲོང་གསར་འཛུགས་སྐྲུན་ནི་རང་རེའི་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱི་དམངས་འཚོའི་ལས་གྲྭ་དྲུག་གི་འཆར་གཞིའི་ཡ་གྱལ་ཞིག་ཡིན། 2013ལོ་ནས་རང་རེའི་ཞིང་ཆེན་གྱིས་དབུལ་སྐྱོར་དཀའ་སེལ་ལས་འགུལ་དང་ལས་ཞུགས་འགན་བཅོལ་སྐུལ་འདེད། སློབ་གསོ་འཕེལ་རྒྱས་དར་སྤེལ། སྨན་བཅོས་འཕྲོད་བསྟེན་མཐོར་འདེགས། རིག་གནས་དར་རྒྱས་གོང་འཕེལ། བོད་ཁུལ་གྲོང་གསར་འཛུགས་སྐྲུན་བཅས་འདུས་པའི་བོད་རིགས་ས་ཁུལ་གྱི་དམངས་འཚོའི་ལས་གྲྭ་དྲུག་གི་འཆར་གཞི་ལག་བསྟར་བྱས་ཤིང་། 2017ལོའི་ལོ་མཇུག་བར་དུ་རགས་རྩིས་བྱས་ན་འགྲོ་གྲོན་དམངས་སྒོར་དུང་ཕྱུང་240ལས་བརྒལ་བ་བཏང་ཡོད།  

བདེ་སྐྱིད་ལྡན་པའི་ཁྱིམ་གསར།

    དམངས་འཚོའི་ལས་གཞི་ནི་སྲིད་གཞུང་གིས་མི་གཙོ་བོར་འཛིན་པ་དང་། ངེས་པ་དོན་གྱིས་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་སྲུང་སྐྱོང་། འཚོ་བའི་ཆུ་ཚད་མཐོར་འདེགས། ཉམས་ཞན་ཅན་གྱི་མང་ཚོགས་ལ་ཐུགས་ཁུར་གནང་བའི་སྲིད་ཇུས་ཀྱི་བྱེད་ཐབས་ཤིག་ཡིན། མདོར་དྲིལ་ན་སྲིད་གཞུང་གིས་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་དང་། དོན་བཟང་སྒྲུབ་པའི་དམངས་སེམས་ལས་གཞི་ཞིག་ཡིན་ལ་དམངས་ཀྱི་ཆེད་དུ་སྲིད་སྐྱོང་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་བྱེ་བྲག་གི་མཚོན་སྟངས་ཤིག་ཀྱང་ཡིན།  


རྩྭ་ཐང་བུ་མོས་འཚོ་བ་གསར་པ་ལ་བསྟོད་གླུ་འབུལ།

        2014ལོའི་ལོ་སྟོད་དུ། སི་ཁྲོན་ཞིང་ཆེན་གྱིས་དམངས་འཚོའི་ལས་གཞི་རྣམ་གྲངས་10དང་དམངས་འཚོའི་དངོས་དོན་19ལག་བསྟར་བྱས་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བཟང་པོ་ཐོབ། དམངས་འཚོའི་ལས་གཞི་10དང་འབྲེལ་བ་ཡོད་པའི་རྣམ་གྲངས་ཆུང་གྲས་122ལས་རྣམ་གྲངས་33གྱི་ལོ་ཧྲིལ་པོའི་དམིགས་འབེན་འོས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད་ལ། རྣམ་གྲངས་76གི་ལས་ཡུན་དུས་ཚོད་ཕྱེད་ཀ་འདས་དུས། འོས་འགན་ཡང་ཕྱེད་ཀ་མངོན་འགྱུར་གང་ལེགས་བྱུང་ཡོད། དེའི་རིམ་པ་སོ་སོའི་སྔོན་རྩིས་ལག་བསྟར་སྒོར་དུང་ཕྱུར་1076.4ཡིན་ལ་སྒྲུབ་ཚད་91.53%ཟིན་ཡོད། སི་ཁྲོན་ཞིང་ཆེན་གྱིས་ད་ལོར་ཐོག་མར་བཏོན་པའི་དམངས་འཚོའི་དངོས་དོན་19ལས། རྣམ་གྲངས་8ཀྱི་ལོ་ཧྲིལ་པོའི་དམིགས་འབེན་འོས་འགན་ཚད་བརྒལ་ལེགས་གྲུབ་བྱུང་བ་དང་། རྣམ་གྲངས་6གི་ལས་ཡུན་དུས་ཚོད་དང་འོས་འགན་ཕྱེད་ཀ་ལས་མང་བ་མངོན་འགྱུར་བྱུང་། དེའི་རིམ་པ་སོ་སོའི་སྔོན་རྩིས་ལག་བསྟར་སྒོར་དུང་ཕྱུར་532.2ཡིན་ལ་སྒྲུབ་ཚད་89.24%ཟིན་ཡོད།

        དམངས་འཚོའི་དོན་དངོས་19ཡི་ཁྲོད་དུ། ལས་གཞི་42.1%ད་ལོའི་ལོ་ཧྲིལ་པོའི་དམིགས་འབེན་འོས་འགན་ལེགས་གྲུབ་བྱུང་བའམ་ཚད་བརྒལ་ལེགས་གྲུབ་བྱུང་བ་དང་། 214ཞིང་གྲོང་གཞུང་སྒྲུབ་བྱིས་སློབ་ཁང་གི་ལས་གཞི་ལས་འགོ་བརྩམས་ལ། དམིགས་འབེན་འོས་འགན་གྱི་53.5%བཟུང་། ཆ་རྐྱེན་འཚམ་པའི་རྫོང་རིམ་པའི་སྤྱི་ཕན་སྨན་ཁང་གིས་སྨན་རྫས་ཁ་སྣོན་བྱ་རྒྱུ་མེད་པར་བཟོས་ལ་ཁྱབ་ཚད་ནི་100%རེད། ད་ལོའི་འཆར་གཞི་ནི་སྤྱི་ཡིས་གླས་པའི་ཁང་པ་30%ཞིང་པར་ཁ་གཏད་ནས་གླ་རྒྱུ་དང་། དམིགས་འབེན་འོས་འགན་གྱི་བཀོད་སྒྲིག་གི་31.74%ཟིན་ལ། ཞིང་པ་མི་གྲངས་ཁྲི་214.07དང་སློབ་གྲྭའི་དགེ་སློབ་ཁྲི་22.49ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱ་རྒྱུ་རེད། །  



དབྱར་གཞུང་རྩྭ་ཐང་དུ་འཐུལ་བའི་འོ་དྲི་ཞིམ་པོ།

        དབྱར་ཟླ་དྲུག་པའི་རྩྭ་ཐང་དུ་འོ་མའི་དྲི་ཞིམ་ཡོངས་སུ་ཁྱབ། ཧུང་ཡོན་རྫོང་ཧུང་ཡོན་གྲོང་རྡལ་གཟིག་མདོ་གྲོང་ཚོའི་རྒྱང་རིང་འབྲོག་ལས་ས་ཚིགས་ཀྱི་སྤོར་བདེའི་འོ་སྡུད་ལས་སྟེགས་ལ་ཚོང་ཧ་ཅང་བཟང་སྟེ། འོ་མ་འཚོང་སར་ཡོང་བའི་འབྲོག་པ་ཚོ་རྒྱུན་ཆད་མེད་པར་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག
        རྒྱུས་ལོན་བྱས་པ་ལྟར་ན་2012ལོའི་ཟླ་5པ་ནས་བཟུང། ཧུང་ཡོན་ནོར་གནག་འོ་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་རིམ་བཞིན་དུ་འོ་མ་གྲང་འགྱུར་དང་སྡུད་ལེན། ཞིབ་བཤེར་རྩིས་ལེན་བཅས་གཞི་གཅིག་ཏུ་ཡོད་པའི་སྤོར་བདེའི་འོ་སྡུད་ལས་སྟེགས་54བཙུགས། སྤོར་བདེའི་ལས་སྟེགས་འདི་དག་ནམ་རྒྱུན་རྒྱང་རིང་འབྲོག་ལས་ས་ཚིགས་དག་ཏུ་སོང་ནས། དུས་ཚོད་ཐུང་ངུའི་ནང་འབྲོག་དམངས་ཀྱི་ལག་ནས་འོ་མ་ཉོས་ཏེ་ལས་སྣོན་བྱེད་ཐུབ་པར་ཁག་ཐེག་བྱས་ཤིང་། འོ་མ་རྒྱ་མ་གང་རེ་ལ་སྒོར་3རེ་བྱས་ནས་ཚུར་ཉོས་པ་དང་ཉིན་རེའི་ནང་ལས་སྟེགས་རེ་རེས་ཆ་སྙོམས་འོ་མ་རྒྱ་མ་500ཡས་མས་སྡུད་ལེན་བྱ་ཐུབ། ཟླ་7པ་ནི་འོ་མ་ཉོ་བའི་ཐོད་བརྒལ་དུས་ཚིགས་ཡིན་ལ་ཆ་སྙོམས་ཉིན་རེ་ལ་སྤོར་བདེའི་འོ་སྡུད་ལས་སྟེགས་གཅིག་ནས་འོ་མ་རྒྱ་མ་1000ལྷག་ཉོ་ཐུབ།
        རྫོང་འདིའི་ས་ཁོངས་ཀྱི་སྐྱེལ་འདྲེན་ལམ་ཐག་རིང་དྲགས་རྐྱེན་འོ་མ་རུལ་འགྲོ་བའི་གནད་དོན་དེ་སྤོར་བདེའི་འོ་སྡུད་ལས་སྟེགས་བཙུགས་རྗེས་རྩ་བ་ནས་ཐག་བཅད་བྱུང་ཡོད་པར་མ་ཟད། འོ་མའི་སྤུས་ཀ་ལའང་ཁག་ཐེག་བྱུང་བ་དང་། འབྲོག་པ་མང་ཚོགས་ཚོའི་སྔོན་ཆད་འོ་མ་བཙོང་རྒྱུ་སྟབས་མི་བདེ་བའི་གནད་དོན་དེའང་ཐག་བཅད་བྱུང་ཞིང་། ཁོང་ཚོའི་འོ་མ་ཕྱིར་འཚོང་བྱེད་པའི་འདོད་པའང་ཇེ་མཐོར་བྱུང་ཡོད། འབྲོག་པ་བློ་གྲོས་སྤྲོ་བའི་ངང་ནས། སྔོན་ཆད་འབྲོག་སྡེའི་ཉེ་འགྲམ་དུ་སྤོར་བདེའི་འོ་སྡུད་ལས་སྟེགས་མེད་པས་ཉིན་རྒྱུན་འོ་མ་འཚོང་བར་དཀའ་ལས་ཤིན་ཏུ་ཆེ། སྤོར་བདེའི་འོ་སྡུད་ལས་སྟེགས་བཙུགས་པ་ནས་བཟུང་ང་ཚོས་འོ་མ་འཚོང་བར་སྟབས་བདེ་བསྐྲུན་སོང་ཞེས་བཤད། །  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1