༄༅།། བོད་ཀྱི་གནའ་རབས་རིག་གནས་སྒྱུ་རྩལ་གྱི་ཐོག་མའི་དཔྱད་པ།
རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 12-20
རྣམ་སྲས།
དང་པོ། སྒྱུ་རྩལ་གྱི་འབྱུང་ཁུངས་དང་དབྱེ་བའི་སྐོར།
སྒྱུ་རྩལ་གྱི་འབྱུང་ཁུངས་ནི་རིག་གནས་འབྱུང་ཁུངས་ལ་གཏུག་ཡོད་པ་དང་། སྐབས་འདིའི་རིག་གནས་ནི་ cultre ཞེས་པའི་དོན་དང་མཚུངས་ལ། དེའི་ཁུངས་ལཱ་ཏིན་ཡི་གེ་ cultura ཞེས་པ་ཡིན། དེ་ཡང་དང་ཐོག་གི་གོ་དོན་ནི་རྨོ་འདེབས་དང་། གསོ་སྐྱོང་། སློབ་གསོ། འཕེལ་རྒྱས། གུས་བཀུར་བཅས་ལ་འཇུག་ཅིང་། ལཱ་ཏིན་ཡི་གེ་ cultura ནི་ལཱ་ཏིན་ཡི་གེ་ cultus ནས་འགྱུར་འོང་བ་དང་། cu1tus ལ་གོ་དོན་གཉིས་ཡོད་དེ། གཅིག་ནི་ cultusdeorum སྟེ་ལྷ་མཆོད་ནས་རྨོ་འདེབས་བྱེད་པ་དང་། གཞན་དེ་ cultusaqori སྟེ་འཚོ་ཐབས་ཀྱི་ཆེད་དུ་རྨོ་འདེབས་བྱེད་པའི་དོན་བཅས་ལ་འཇུག་པ་ཡིན། དེར་བརྟེན་ cu1tus ཡི་དངོས་པོའི་འགུལ་སྐྱོད་ཕྱོགས་ཀྱི་གོ་དོན་ནི་རྨོ་འདེབས་ལ་ཐུག་ཅིང་། བསམ་པའི་བློ་སྦྱོང་གི་ཕྱོགས་ནས་ཆོས་ལུགས་དད་མོས་ལ་རག་ལས་ཡོད་པ་ཡིན། དེ་ནི་ནུབ་ཕྱོགས་ཀྱི་རིག་གནས་དོན་སྤྱིའི་ཆེས་གདོད་མ་དང་ཆེས་རྨང་གཞིར་གྱུར་པའི་གོ་དོན་ཡིན། རིག་གནས་རིག་པ་ཆེན་པོ་ཐེ་ལེ་(泰勒)ཡིས་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་གནང་སྐབས་“རིག་གནས་སམ་ཤེས་རིག་གི་ཁྱབ་ཆེ་བའི་མི་རིགས་རིག་པའི་དོན་སྙིང་ཐོག་ནས་བཤད་ན་ཤེས་བྱ་དང་དད་མོས། སྒྱུ་རྩལ། ཀུན་སྤྱོད། བཅའ་ཁྲིམས། གོམས་སྲོལ་བཅས་ནི་སྤྱི་ཚོགས་ཀྱི་ཁོངས་མི་སུ་ཞིག་ཡིན་ནའང་ཐོབ་ངེས་པའི་ནུས་ཤུགས་དང་གོམས་སྲོལ་བཅས་འདུས་པའི་མ་ལག་ཆ་ཚང་བ་ཞིག་ཡིན་”ཞེས་གསུངས་པ་ཡིན། དེ་བས་འཆད་འགྱུར་གྱི་སྒྱུ་རྩལ་ནི་བོད་ཀྱི་གཞུང་དག་ཏུ་གླེང་བའི་སྒྱུ་རྩལ་གྱི་གོ་དོན་དང་ཡོངས་སུ་མི་མཐུན་ལ་མཐུན་པའི་དགོས་པའང་མེད། དེ་ལྟ་བུའི་རིག་གནས་སྒྱུ་རྩལ་གྱི་ཁུངས་ང་ཚོས་གདོད་མའི་མི་རིགས་ཀྱི་སྟེང་ནས་འཚོལ་དགོས་པ་ཡིན། འོ་ན། ཅི་ཞིག་ལ་གདོད་མའི་མི་རིགས་སམ་ཡང་ན་མི་རིགས་ག་འདྲ་ཞིག་ལ་ཆེས་དམའ་རིམ་དང་ཆེས་གདོད་མའི་རྣམ་པ་དང་ཁད་ཉེ་བའི་རིག་གནས་མངའ་ཞེ་ན། འདིར་ཐོག་མར། ལོ་རྒྱུས་དང་མིའི་རིགས་རྒྱུད་ཀྱི་རིག་པས་(人种学)ཀུན་ལ་མངོན་བསྒྲགས་བྱས་པའི་སྣ་ཚོགས་པའི་རིག་གནས་རྣམ་པ་ལྟར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་དམའ་གོ་རིམ་མི་འདྲ་བར་སྒྲིག་དགོས་པའི་གནད་དོན་ཞིག་ལ་ཐུག་པ་དང་། མི་རིགས་ཤིག་གི་“གནའ་བོའི་རང་བཞིན་”ཤས་ཆེ་ཆུང་གི་གནད་དོན་དེ། མི་རིགས་དེའི་རིག་གནས་ཆུ་ཚད་ཀྱི་མཐོ་དམའི་གནད་དོན་ལྟར་གལ་ཆེ་བ་ཡིན། གནའ་བོའི་མི་རིགས་ཞེས་པའང་དོན་དུ་གདོད་མའི་འཚོ་བའི་བྱེད་སྟངས་མངའ་བའི་འཚོ་བ་ཁག་ཡིན་པ་དང་། ཁོ་ཚོའི་ཐོན་སྐྱེད་ཀྱི་ཆེས་གདོད་མའི་བྱེད་སྟངས་ནི་རི་དྭགས་བརྔོན་པ་དང་སྐྱེ་དངོས་ཀྱི་ལོ་མ་དང་འབྲས་བུ། སྡོང་ཤུན་སོགས་བཏོག་རྒྱུ་ཙམ་དུ་ཟད་ཅིང་། ཅུང་སྔོན་ཐོན་གྱི་མི་རིགས་ཚང་མས་ཀྱང་དེ་སྔ་དུས་སྐབས་ཤིག་རིང་འདི་ལྟ་བུའི་ཐོན་སྐྱེད་བྱེད་སྟངས་བརྒྱུད་མ་མྱོང་བ་མེད། ད་དུང་སྤྱི་ཆོགས་ཀྱི་ཁྱབ་ཁོངས་མི་འདྲ་བ་མང་པོ་ཞིག་ད་ལྟའི་བར་དུའང་འདི་ལྟ་བུའི་གདོད་མའི་ཐོན་སྐྱེད་བྱེད་སྟངས་ལས་ཐར་ཐུབ་མེད་པ་དང་། ང་ཚོས་ངེས་པར་དུ་སྤྱི་ཚོགས་ཀྱི་ཁྱབ་ཁོངས་འདི་དག་ལ་དོ་སྣང་བྱས་ནས་ཆེས་གདོད་མའི་སྒྱུ་རྩལ་གྱི་རྣམ་པ་འདི་རིགས་ངོས་འཛིན་དང་བཙལ་རྙེད་ཐུབ་པ་བྱེད་དགོས།
དེང་སྐབས་ཚན་རིག་གི་ཉམས་འགྱུར་ལྡན་པའི་ཀློག་དེབ་《སྒྱུ་རྩལ་སྔོན་གྱི་སྒྱུ་རྩལ་》ཞེས་པ་ལས་འགྲོ་བ་མིའི་རང་བཞིན་ལ་ཞིབ་འཇུག་གིས་མིའི་འགྲོ་བ་དང་སྒྱུ་རྩལ་གཉིས་མཉམ་དུ་བྱུང་བར་བསྒྲུབས་ཏེ་སྒྱུ་རྩལ་བྱུང་བའི་ཐོག་མ་ཡང་ལོ་བྱེ་བ་གཅིག་དང་ས་ཡ་བཞིའི་ཡར་སྔོན་དུ་ཡིན་པ་བཤད་ཡོད། འདི་ལྟར་ན་རང་རེའི་བོད་ཀྱི་ཨ་མེས་ཡང་མེས་རྣམས་ཀྱི་དུས་སུ་སྒྱུ་རྩལ་དེ་བུ་རྗེས་ཀྱི་ཕྲུ་མ་བཞིན་དུ་བྱུང་ཡོད་པ་གོར་མ་ཆག་པར་སེམས། འོན་ཀྱང་དེང་སྐབས་བོད་ཀྱི་གནའ་རབས་རིག་གནས་སྒྱུ་རྩལ་དཔེར་ན། རྡོ་ཆས་རྙིང་པ་དང་། རུས་ཆས་དང་། ལྕགས་ཆས་ཀྱི་སྟེང་ལ་ཕབ་པའི་རི་མོ། བང་སོ་དང་སྒར་གཞིས་རྙིང་ཤུལ། གནའ་སྲོལ་ཡུལ་གོམས། གཞན་ཡང་བྲག་ངོས་སུ་བརྐོས་བའི་གནའ་ཡིག་དང་གཟུགས་རིས་སོགས་ར་སྤྲོད་ལྕགས་ཀྱི་ཕ་བོང་ལྟ་བུའི་འགངས་རྩ་ཆེ་བའི་གནའ་ཤུལ་དང་། གནའ་རྫས་འབོར་ཆེན་ཞིག་ཡོད་པ་དེ་དག་ལ་ལོ་རྒྱུས་ཀྱི་རིན་ཐང་རྩིས་མཐོངས་བྱེད་ཀྱིན་ཡོད་པ་མ་གཏོགས། དེ་དག་གི་རིན་ཐང་གཙོ་བོ་སྟེ་མིའི་རིགས་ཀྱི་རིག་གནས་བྱུང་བའི་ལོ་རྒྱུས་སྟེང་ཟིན་པའི་རིག་གནས་སྒྱུ་རྩལ་གྱི་གོ་གནས་དང་རིན་ཐང་ལ་གདེང་འཇོག་དང་ཁས་ལེན་བྱེད་མཁན་ཤིན་ཏུ་དཀོན་པར་གྱུར། དེ་ལ་བལྟས་ན་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་མི་རིགས་ཁག་གིས་རང་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་གྱི་འབྱུང་ཁུངས་ལོ་བྱེ་བ་ཕྲག་བརྒྱའི་སྔོན་སྒྲུབ་འདེད་བྱས་དང་བྱེད་བཞིན་ཡོད་པ་དེ་མངོན་སུམ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་ཚེ། རང་མི་རིགས་ཀྱི་རིག་གནས་མཐའ་དག་རྒྱ་དཀར་ནག་སོགས་ལ་གཏུགས་པའི་སྲོལ་ཡོད་པ་ནི་རྐང་འོག་གིས་ས་རང་གི་འདྲུ་བའི་(རྐང་འོག་གི་ས་རང་གིས་འདྲུ་བ)རྣམ་ཐར་དུ་མི་འགྱུར་རམ།
དེས་ན་ཁོ་བོ་ལྟ་བུས་གཏིང་ཟབ་ཅིང་རྒྱ་ཆེ་བའི་རིག་པའི་གནས་འདི་དག་ལ་གླེང་བརྗོད་བྱེད་པ་གནས་མ་ཡིན་ཡང་དེང་སྐབས་རིག་གཞུང་སྣ་ཚོགས་ཞིབ་འཇུག་གཏིང་ཇེ་ཟབ་རྒྱ་ཇེ་ཆེར་འགྲོ་བ་དེས་རང་ཅག་གི་ཞིབ་འཇུག་མཁན་ཚོ་མྱུར་བ་མྱུར་བར་སྲོལ་རྒྱུན་རིག་གནས་མཁྲེགས་འཛིན་གྱི་འཆིངས་རྒྱ་ལས་གྲོལ་བར་བྱས་ནས། རིག་གནས་སྒྱུ་རྩལ་དང་སྒྱུ་རྩལ་ལོ་རྒྱུས་བཅས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་དང་དཔྱད་སྡུར་གནང་རྒྱུར་ཅུང་ཟད་སྨན་པ་བྱུང་ན་སྙམ་སྟེ། མཁས་དབང་རྣམས་ཀྱིས་ལྷོད་གཡེང་དུ་མཛད་པའམ་ཡང་ན་ཐུགས་རྒྱས་མ་ཟིན་པའི་ཡུལ་དེར་ཐུགས་ཉམས་ཅུང་ཟད་མཛད་རྒྱུར་སྐུལ་བའི་ཕྱིར་དང་། ཞོར་དུ་དཔྱད་ཡུལ་འདི་ལྟ་བུར་ཞིབ་འཇུག་བྱེད་པའི་ལས་འགན་བསྒྲུབ་དགོས་ན། ངེས་པར་དུ་གནའ་རབས་ཀྱི་རྒྱུ་ཆ་འབོར་ཆེན་ཞིག་ཡུལ་ཕྱོགས་གང་མང་ཞིག་ལ་རྟོག་ཞིབ་ཏུ་ཕྱིན་ནས་ལག་སོན་ཡོང་ཐབས་བྱེད་དགོས་པར་བརྟེན། ཞིབ་འཇུག་ཚན་པའམ་ཞིབ་འཇུག་བྱེད་མཁན་མི་ཉུང་བ་ཞིག་མི་ཤུགས་དང་དངོས་ཤུགས་གང་ཐད་ནས་མི་ལྕོགས་པས་མཐོ་རིམ་ཞིབ་འཇུག་ལས་ཁུངས་ཀྱིས་འཆར་གཞི་དང་གོ་རིམ་ཡོད་པའི་སྒོ་ནས་ཕྱོགས་དེའི་ཞིབ་འཇུག་གི་ལས་ཀར་མཐོང་ཆེན་མཛད་དེ་བོད་ཀྱི་གནའ་བོའི་རིག་གནས་སྒྱུ་རྩལ་གྱི་ལོ་རྒྱུས་དང་དངོས་པོ་རྣམས་བཙན་པོའི་དུས་རབས་ཀྱི་ཡར་སྔོན་དུ་འདེད་ཐུབ་པའི་ཆེད་དུ་ཆ་རྐྱེན་ཧུར་བརྩོན་གྱིས་གདོན་གནང་མཛད་དགོས་ཞེས་སྙིང་ཐག་པ་ནས་རེ་འདོད་ཞུ་ཕྱིར་འདིར་གཤམ་གསལ་གནད་དོན་ལ་རང་གི་ལྟ་ཚུལ་ཕྲན་བུ་ཞུ་རྒྱུ་ཡིན། དེ་ཡང་བརྗོད་དོན་དངོས་ལ་ཞུགས་ན། སྤྱིར་སྒྱུ་རྩལ་ལ་བརྟན་པ་དང་གཡོ་བའི་སྒྱུ་རྩལ་རིགས་གཉིས་སུ་དབྱེ་སྲོལ་ཡོད་པ་ལས། བརྟན་པའི་སྒྱུ་རྩལ་ཏེ་སྣང་བརྙན་གྱི་སྒྱུ་རྩལ་དེ་ཆེས་ཐོག་མར་བྱུང་བ་ནི་རྒྱན་སྤྲོས་ཀྱི་དགོས་པ་འབའ་ཞིག་ཡིན་པས་ང་ཚོས་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་པར་ཐོག་མར་གོ་རིམ་འདི་འདྲ་ཞིག་དགོས་པར་སེམས་ཏེ། ཐོག་མར་གདོད་མའི་མི་ལུས་ཀྱི་རྒྱན་ཆས་ལ་ཞིབ་འཇུག་བྱེད་དགོས་པ་དང་། དེ་ནས་ཡོ་བྱད་དང་མཚོན་བྱའི་རྒྱན་ལ་ཞིབ་འཇུག་བྱེད་དགོས་པ། དེ་རྗེས་གཞི་ནས་མཛེས་རྒྱན་འབའ་ཞིག་གི་དགོས་པར་བརྟེན་པའི་སྒྱུ་རྩལ་གྱི་ཐོག་ཐོན་རྫས་མ་ཡིན་པའི་ཐུན་མོང་མ་ཡིན་པའི་དོན་སྙིང་མཚོན་པའི་རི་མོ་དང་བརྐོ་བཟོ་དེ་དག་ལ་ཞིབ་འཇུག་བྱེད་དགོས་པ་དེ་ཡིན། གཞན་ཡང་ཞབས་བྲོ་ནི་བརྟན་པའི་སྒྱུ་རྩལ་དེ་འགུལ་བའི་སྒྱུ་རྩལ་དུ་ཞུགས་པའི་བར་བརྒལ་གྱི་རྣམ་པ་ཞིག་ཡིན་ཞིང་། དེ་ལ་གདོད་མའི་མི་རིགས་ཀྱི་ཁྲོད་དུ་དམིགས་བསལ་དང་གཞི་རྩའི་དོན་སྙིང་གཏིང་ཟབ་ལྡན་ཡོད་པས་མིའི་རིགས་ཀྱི་རིག་གནས་ལོ་རྒྱུས་ནང་གཞན་གྱིས་སྐྲུན་དུ་མི་བཟོད་པའི་ཐོབ་ཐང་ཡོད་པ་དེས་ན་ཞབས་བྲོའི་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་རྒྱུ་དེ་ནི་སྒྱུ་རྩལ་གྱི་སྤྱི་ཚོགས་རིན་ཐང་ལ་ངོས་འཛིན་བྱ་རྒྱུར་ཕན་དགེ་ཆེ་བ་ཞིག་ཡིན། འོན་ཀྱང་གཤམ་དུ་དེ་སྐོར་ཞིབ་རྒྱས་གླེང་རྒྱུ་སྐབས་སུ་མ་བབས་པས་གོང་གསལ་བརྟན་པའི་སྒྱུ་རྩལ་གྱི་ཞིབ་འཇུག་གོ་རིམ་ལྟར་ཅུང་ཟད་སྤྲོ་བར་འདོད་དོ། །
གཉིས་པ། མིའི་ལུས་རྒྱན་སྐོར།
འཛམ་བུ་གླིང་གི་ཡང་རྩེར་འཚོ་ཞིང་གནས་པའི་བོད་མི་རིགས་འདི་ཡང་རྒྱ་མི་རིགས་དང་མཚུངས་པར་འབྱུང་ཁུངས་ཀྱི་གནས་ཆུང་ངུ་ཞིག་གམ་རིགས་རྒྱུད་གཅིག་ཁོ་ན་ལས་འཕེལ་ཞིང་གྲུབ་པ་ཞིག་མིན་པར། ཡུན་རིང་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་རིམ་ནང་དབུས་ཕྱོགས་ཡར་ཀླུང་གཙོ་བོར་བྱས་པའི་འ་ཞ་དང་། ཞང་ཞུང་། སུམ་པ། ལྡོང་སྤྱང་། ཤར་པ། ལྷོ་པ། མོན་པ། དྭགས་པོ། རྒྱ་རོང་། འཇང་རིགས་(纳西族)སོགས་གཅིག་ཏུ་འདུས་ཤིང་། རིགས་རྒྱུད་དང་མཆེད་ཁུངས་ཕ་མེས་གཅིག་ལ་གཏུགས་དཀའ་བའི་སྐོར་ཚོགས་ཤིག་ནས་རིམ་བཞིན་བོན་ཆོས་དང་ནང་བསྟན་ཆོས་ལུགས་དང་འབྲེལ་བའི་རིག་གནས་ཀྱི་ཤུགས་རྐྱེན་འོག་ཐུན་མོང་གི་རིག་གནས་དང་དེ་ལ་ལྟོས་པའི་སེམས་ཁམས་ཤིག་ཆགས་པར་བརྟེན། “བོད་མི་རིགས་”འདི་ཉིད་གྲུབ་པ་ནི་སྐད་དང་། ངོ་རིས། གྱོན་ཆས་བཅས་ཀྱི་ཐོག་ནས་མཚོན་པའི་གཞན་དང་ཐུན་མོང་མ་ཡིན་པའི་རྗེས་ཤུལ་རྙེད་པས་རྟོགས་དང་རྟོགས་མུས་སུ་ཡོད། དེ་དག་ལས་འདིར་ཁོ་བོས་གོན་པའམ་ལུས་རྒྱན་གྱི་ཁྱད་ཆོས་དང་འབྲེལ་ནས་ཅུང་ཙམ་དཔྱད་པར་འདོད་མོད་དེ། མི་རིགས་ཀྱི་གྲུབ་ཆ་ནི་རྒྱུ་རྐྱེན་དང་རིགས་དུ་མ་འདུས་པ་ཞིག་ཡིན་སྟབས་གདོད་མའི་བོད་མི་རིགས་ཀྱི་ཐུན་མོང་རང་བཞིན་གྱི་ལུས་རྒྱན་སྤྲས་སྲོལ་(ད་ལྟ་མདོ་དབུས་ཁམས་གསུམ་གྱིས་ཁས་ལེན་པ་ཞིག་)འདི་ཡིན་བྱ་བ་སུས་ཀྱང་གླེང་བར་དཀའ་བའི་གནས་ལ་བརྟེན་འདིར་ངེས་པར་དུ་ཚད་མར་འཛིན་འོས་ནི་བོད་རིགས་ཀྱི་གྱོན་པའི་གོམས་སྲོལ་ཇི་ལྟར་ཡིན་པ་ཚོད་གླེང་ཐུབ་པའི་དུས་སྐབས་དེ་དག་ཏུ་ཐུན་མིན་གྱི་གོན་པ་དང་རྒྱན་སྤྲས་སྲོལ་བཅས་གང་དང་གང་ཡིན་ཡང་། དེ་དག་བོད་ཀྱི་རིག་གནས་ཀྱི་ཅུང་སྔ་བའི་རྣམ་པ་ཞིག་ཡིན་ཏེ། ང་ཚོས་ལོ་རྒྱུས་དང་། དེབ་ཐེར། ཆོས་བྱུང་བཅས་ལས་བྱུང་བའི་མིའི་འབྱུང་ཁུངས་སྐོར་གྱི་ལྷ་སྒྲུང་དང་། ངག་རྒྱུན། ལོ་རྒྱུས་སྙན་ངག་བཅས་ལ་བལྟས་ན། བོད་ཀྱི་གཞི་རྩའི་རིག་གནས་(主体文化)གྲུབ་པའི་གོ་རིམ་ནང་དུ་བོད་མི་རིགས་ཀྱང་རིམ་བཞིན་གྲུབ་པ་ཡིན་པའི་བློ་སྒོ་འབྱེད་ཐུབ་ཅིང་། དོན་དེས་ང་ཚོར་དངོས་དོན་ཞིག་ཤེས་རྟོགས་བྱེད་དུ་བཅུག་པ་ནི། རིག་གནས་ཀྱིས་མི་རིགས་ཤིག་གི་འབྱུང་གྲུབ་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པར་བརྟེན། མི་རིགས་ཞེས་པ་ཐོག་མར་“རིག་གནས་”ཀྱི་དོན་སྤྱི་ཡིན་པ་ཤེས་སུ་བཅུག་པ་དེ་རེད།
དེ་ལྟར་མི་རིགས་ནི་རིག་གནས་ཀྱི་དོན་སྤྱི་ཡིན་ཞེས་བཤད་ན་མི་རིགས་ཀྱི་འབྱུང་གྲུབ་ནང་རྒྱུ་རྐྱེན་གཞན་དག་ཡོད་པར་བསྙོན་འཛུགས་དང་ཁྱད་གསོད་བྱས་པ་ཡིན་མི་སྲིད་དེ། དཔེར་ན། ཐུན་མོང་གི་སྐད་ཆ་དང་ཐུན་མོང་གི་ཡུལ་ཁམས། ཐུན་མོང་གི་དཔལ་འབྱོར་འཚོ་བ། ཐུན་མོང་གི་ཁྲག་རྒྱུད་བཅས་ཆ་རྐྱེན་འདི་དག་གིས་མི་རིགས་འབྱུང་གྲུབ་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་ཐུབ་མིན་ལ་ཐུག་ཡོད། མི་ལ་ལས་“ཁྲག་རྒྱུད་” དམ་“འཚོ་བ་” མི་རིགས་གྲུབ་བྱེད་ཀྱི་ཆ་རྐྱེན་དང་པོར་པརྩི་བཞིན ཡོད་མོད་ཀྱང་དོན་དུ་ཐུན་མོང་གི་ཁྲག་རྒྱུད་ནི་སྔ་དུས་ཀྱི་གདོད་མའི་རུས་རྒྱུད་སྤྱི་ཚོགས་ལ་དམིགས་ནས་བསྙད་པ་ཙམ་ཡིན་ལ། ཐུན་མོང་གི་ཁྲག་རྒྱུད་ཡོད་པའི་མིའི་རིགས་རྒྱུད་ནི་ཕྱིས་སུ་ཡང་མི་རིགས་དུ་མར་གྱེས་པ་མང་བས་མི་རིགས་འབྱུང་གྲུབ་ཀྱི་ལོ་རྒྱུས་ནང་“ཁྲག་རྒྱུད་” ནི་མི་རིགས་གྲུབ་པའི་རྒྱུ་རྐྱེན་གཙོ་བོ་མིན་པ་རྟོགས་སླ་བའི་རང་བཞིན་ཏེ། དེ་ལྟར་མིན་ན། ད་ལྟའང་བོད་ཅེས་པ་ཡར་ཀླུང་དུ་འཚོ་བའི་མི་ཉུང་ཉུང་དེ་ཙམ་ལ་བརྗོད་སྲིད་པས་སོ།
དེས་ན། མི་རིགས་གྲུབ་པའི་རྨང་གཞི་ནི་ཐུན་མོང་གི་ཁྲག་རྒྱུད་དང་ཡུལ་ཁམས་ཙམ་མ་ཡིན་པར་དེ་བས་གལ་ཆེ་བ་ནི་རིག་གནས་སེམས་ཁམས་(文化心理) ཐོག་ནས་མཚོན་པའི་ཐུན་མོང་གི་དགོས་མཁོས་ད་གཟོད་གཅིག་གྱུར་གྱི་ཐུན་མོང་ཚོགས་པ་སྟེ་མི་རིགས་གྲུབ་པ་ཁས་མི་ལེན་ཐབས་མེད་ཡིན། “རིག་གནས་སེམས་ཁམས་” ནི་སྣ་ཚོགས་པའི་རིག་གནས་ཀྱི་ནང་དོན་མི་རྣམས་ཀྱིས་དང་ལེན་གསོག་ཉར་བྱས་པ་ལས་གོམས་པའི་སེམས་ཀྱི་རྣམ་འགྱུར་ཞིག་ཡིན་ཞིང་། མི་རིགས་ལ་ངེས་པར་དུ་མི་རིགས་དེ་གཅིག་ཏུ་འབྲེལ་བྱེད་ཀྱི་ལྟེ་བའི་སྲོག་ཤིང་གཞི་རྩའི་རིག་གནས་དེ་ཡོད་དགོས་པ་ནི་སྨོས་མ་དགོས་པ་ཡིན།
དེ་ལྟ་བུའི་རིག་གནས་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་པའི་མི་ལུས་བརྒྱན་པའི་དོན་སྙིང་འཚོལ་ཞིབ་བྱེད་པར་ཐོག་མར་ངེས་པར་དུ་གདོད་མའི་རྒྱན་སྤྲོས་ལ་ངོས་ཟིན་བྱེད་དགོས་པ་དང་། དེ་ལ་ནང་གསེས་སུ་རྣམ་པ་གཉིས་ཡོད་པ་ལས་གཅིག་ནི་གཏན་འཇགས་ཡིན་པ་དང་། གཅིག་ཤོས་དེ་འགུལ་སྐྱོད་ལྡན་པ་ཞིག་རེད། གཏན་འཇགས་ཀྱི་ཆས་སྤྲོས་ནི། གྲི་དང་གཙག་བུས་(scori Fication)འབིགས་པ་སོགས་ཀྱི་གཙགས་རིས་དང་། (ta•ttooing)ཁ་དང་སྣ་དང་རྣ་འབིག་པ་ལ་སོགས་པ་དང་། འགུལ་སྤྱོད་ཀྱི་རྒྱན་སྤྲོས་ནི་གནས་སྐབས་སུ་ལུས་པོའི་སྟོད་སྨད་བར་གསུམ་དུ་འདོགས་པའམ་བཅིངས་ཏེ་གཡོ་འགུལ་བྱེད་པའི་རྒྱན་ཆས་ལ་ཟེར་ཏེ། དེ་ནི་གདོད་མའི་མི་རིགས་ཚོས་ཆེས་རྩ་ཆེན་དུ་སེམས་པའི་མགོ་རྒྱན་དང་འཕྱང་འཕྲུལ། ཤལ་བ། འདོགས་ཆ། སྣ་(རྣ་)ལོང་། སྐེ་རྒྱན། གའུ། གདུ་བུ་ཆེ་ཆུང་སོགས་འདུས་པ་རྣམས་ཡིན། གདོང་རིས་སམ་ལུས་རིས་འབྲི་བ་ནི་ཆེས་སྟབས་བདེའི་རྒྱན་སྤྲོས་ཀྱི་རྣམ་པའི་རིགས་ཤིག་ཡིན་ནའང་དེས་གདོད་མའི་རྣམ་པ་མཚོན་ཞིང་། དེ་དང་གཏན་འཇགས་ཀྱི་རྒྱན་སྤྲོས་ཚུལ་རིགས་ཁ་ཤས་དབར་འབྲེལ་བ་དམ་ཟབ་ཡོད་པས་ཞིབ་འཇུག་ལ་རིན་ཐང་ཆེ་ཙམ་ཡོད།
སྤྱིར་གདོང་རིས་དང་ལུས་རིས་འབྲི་བ་དམའ་རིམ་རིག་གནས་ཁྲོད་ཁྱབ་ཆེ་ནའང་། གནའ་རབས་རང་རེའི་བོད་མི་རིགས་འདི་གནས་ཤིང་འཚོ་བའི་ཁོར་ཡུག་འདིར་ས་ཁམས་དང་གནམ་གཤིས་ཀྱི་ཁྱད་པར་ལ་བརྟེན་ནས་གདོང་རིས་འབྲི་བ་ཙམ་ལས་ལུས་རིས་འབྲི་བའི་སྲོལ་ཡོད་མེད་ད་ལྟ་བར་ཐོས་འཛིན་དུ་ལྷོངས་པ་མ་བྱུང་ཡང་ས་ཁམས་རིག་པ་བས་བརྟག་པ་ལྟར་ན། མཚོ་བོད་མཐོ་སྒང་ནི་ཡར་སྐྱེ་བཞིན་པ་ཞིག་ཡིན་པས་ལོ་སྟོང་ཕྲག་དུ་མའི་སྔོན་གྱི་བོད་ཀྱི་མེས་པོས་གླིང་གཞན་དང་ཚ་བའི་ཁུལ་གྱི་གདོད་མའི་མི་ལྟར་ལུས་རིས་བྲིས་མྱོང་བའང་སྲིད།
འབྲེལ་ཡོད་དཔྱད་གཞིར་བལྟས་ན། གནའ་རབས་ཀྱི་ཨའོ་གླིང་(欧洲)གི་མིས་རྒྱུན་པར་རི་དྭགས་ཀྱི་པགས་པས་བཟོས་པའི་ཁུག་མའི་ནང་དམར་ཚོས་ལྟ་བུའི་རྡོ་ཚོན་ཞིག་རྒྱུན་འབྱར་དུ་ཁྱེར་སྤྱོད་བྱེད་ཀྱི་ཡོད་པ་དང་། རྒྱུན་ལྡན་དེས་མཁུར་ཚོས་དང་། ཕྲག་མགོ བྲང་ཁ་བཅས་ལ་རི་མོ་འབྲི་བར་བྱེད་ལ། དུས་སྟོན་དང་དགོང་ཚོགས་སོགས་ལ་གཞུག་སྐབས་ལུས་ཡོངས་སུ་རི་མོ་འབྲི་བར་བྱེད་ཅིང་། གཞོན་ནུ་རྣམས་དར་མའི་ཁྲོད་དུ་གཞུག་སྐབས་སྟོན་མོ་ཞིག་བསྒྲིག་དགོས་ཤིང་། སྐབས་དེར་གཞོན་ནུའི་ལུས་ལ་མཚོན་མདོག་དམར་པོའི་རི་མོ་འབྲི་རྒྱུར་དང་ལེན་བྱེད་པ་དང་ཆབས་ཅིག་དེ་གར་སྟོན་མོར་ཞུགས་པའི་མི་རྣམས་ཀྱིས་ཀྱང་རང་རང་གི་ལུས་སྟེང་དུ་ཚོན་དམར་པོའམ་དཀར་པོའི་རིགས་མི་གཅིག་པའི་རི་མོ་སྣ་ཚོགས་ཤིག་འབྲི་སྲོལ་ཡོད་པ་སོགས་ང་ཚོས་རྟོགས་ཐུབ་པ་དེ་དག་ནི་ལུས་རྒྱན་གྱི་གནའ་སྲོལ་ཡིན་པར་སེམས།
པུའུ་ཞུ་མན་བྱ་བའི་མིའི་རིགས་དེ་དག་གིས་ཀྱང་མདོག་དམར་ཅན་གྱི་རྡོ་ཚོན་ཞིག་ཁོ་ཚོའི་གདོང་དང་སྐྲའི་སྟེང་དུ་བསྐུ་བར་བྱེད་པ་དང་། དེ་བཞིན་དུ་ཧྥེ་ཅི་ཨན་(翡及安)གྱི་མིའི་ཁྲོད་དུའང་ལུས་རིས་འབྲི་བ་དར་ཆེ་ཞིང་། ཚོན་མདོག་དམར་པོར་དགའ་བསུ་བླ་ན་མེད་པ་ཐོབ་ཀྱི་ཡོད་པ་འབྲེལ་ཡོད་དཔྱད་ཡིག་ནས་ཤེས་ཐུབ། དེ་སྐོར་བའེ་ཏེ་རྒྱལ་སྲས་ཀྱིས་“ཁོ་ཚོས་འཁྲུ་སླ་བའི་ཚོན་དམར་པོ་ཁ་སྒོའི་ཡན་ཆད་ཀྱི་གདོང་ལ་བྱུག་སྟེ་ཁོ་ཚོའི་གདོང་མདོག་དེ་བས་འཇིགས་སུ་རུང་བར་བྱས། ཁོ་ཚོའི་ངོ་གདོང་དང་། ལག་ངར། རྐང་བ། བྱིན་པ་བཅས་ལས་གཞན་ལུས་པོ་ཡོངས་ནག་པོར་བསྒྱུར་བ་དང་། སྐབས་འགར་ལུས་ཕྱེད་དམར་པོར་བསྒྱུར་བ་དང་། ཕྱེད་གཞན་དེ་ནག་པོར་བསྒྱུར་” ཅེས་ངོ་སྤྲོད་བྱས་ཡོད། ཡ་གླིང་ལ་མཚོན་ནའང་རྒྱ་གར་དང་རི་ཡིན་བཅས་ལ་ལུས་རིས་འབྲི་བའི་སྲོལ་ཤིན་ཏུ་དར་ཆེ་ཞིང་། ཐ་ན་ད་ལྟའི་བར་དུའང་རྒྱུན་ཆད་མེད་དོ། །
འོ་ན། ཚོན་རིས་དེ་རིགས་རྒྱན་སྤྲོས་དང་འབྲེལ་བ་ཅི་མཆིས་ཞེ་ན་དཔྱད་ཡིག་ལས་མིའི་རིགས་ཀྱི་ཤེས་རིག་གི་ལོ་རྒྱུས་གོང་དུ་འཕེལ་བ་དང་བསྟུན་ནས་ཐད་ཀར་ལུས་རྗེན་གྱི་སྟེང་དུ་བྱུགས་པའི་ཚོན་མདངས་དེ་རིམ་གྱིས་གོན་པའམ་ཤིང་ལོ་ཅི་རིགས་ཀྱིས་ཚབ་མཚོན་ཐུབ་པ་བྱས་ཤིང་། ནམ་ཞིག་ལ་ས་དབྱིབས་འགྱུར་ལྡོག་(ས་འགུལ་སོགས་ལ་བརྟེན་ནས་)དང་། འཚོ་བའི་ཆ་རྐྱེན། དམག་འཁྲུག མུ་གེ་བཅས་ཀྱི་དབང་གིས་ཡུལ་གཞན་དུ་བྱོལ་བའི་ཚེ་སྔོན་ལྟར་ལུས་རྗེན་ལ་རི་མོས་བརྒྱན་ན་གང་དུ་འཕོས་པའི་ས་དེའི་གནམ་གཤིས་དྲོ་གྲང་དང་མི་འཚམས་ཤིང་། རྔམ་བརྗིད་དམ་མཛེས་ཉམས་དེ་གཞན་ལ་ངོམས་མི་ཐུབ་པས་དེ་སྔ་ལུས་པོར་ཚོན་ནག་བསྐུ་བའི་དོད་དུ་རྒྱན་ནག་པོ་སྤྲོས་པ་སྟེ་རིམ་གྱིས་མགོ་རྒྱན་(ཞྭ་མོའམ་མགོ་རས། མགོ་དཀྲི་སོགས་) ནམ་མགོ་བརྙན། གདོང་འབག་བཅས་ནག་པོ་གྱོན་སྲོལ་དུ་བསྒྱུར་བར་གསལ།
དེ་བཞིན་གདོད་མའི་ཤ་མདོག་རྒྱན་པའི་ཚོན་མདངས་ལ་སྣ་མང་པོ་མེད་དེ་སྤྱིར་བཞི་མ་གཏོགས་བཀོལ་སྤྱོད་བྱེད་ཀྱི་མེད། དེ་དག་ལས་སྤྱོད་རྒྱ་ཤིན་ཏུ་ཆེ་བ་ནི་དམར་པོ་མིན་ཞིང་། མདོག་དམར་པོ་(ལྷག་པར་དུ་དམར་སེར་)ལ་མི་རིགས་ཚང་མས་རང་བཞིན་གྱིས་དགའ་སྣང་འཛིན་པ་ནི་གདོད་མའི་སྲོལ་རྒྱུན་ཡིན། དེ་སྐོར་འཛམ་གླིང་གི་རྩོམ་རིག་མཁས་པ་ཀེ་ཏིས་(歌德)《མཚོན་མདོག་རྣམ་བཤད་》ཅེས་པར་མདོག་དམར་སེར་གྱིས་ཡིད་འགྱུར་ལ་ཚད་མེད་པའི་སྟོབས་ཤུགས་སྦྱིན་པར་བྱེད་ཅེས་གསུངས་པ་ལྟར། དུས་ཕྱིས་དང་བར་སྐབས་སུ་རྒྱན་སྤྲོས་སྤྱི་དང་ལྷག་པར་དུ་སྐྱེས་པའི་རིགས་ཀྱི་རྒྱན་སྤྲོས་ཐད། དམར་མདོག་གིས་ཆེས་གལ་ཆེ་བའི་གོ་གནས་ཟིན་ཡོད།
ང་ཚོ་བོད་རིགས་ལ་མཚོན་ནའང་། དམར་པོ་དང་ལྷག་པར་དུ་དམར་སེར་ལ་ཧ་ཅང་གི་དགའ་སྣང་འཛིན་པའི་གོམས་སྲོལ་ཞིག་ཡོད་པ་དེ་ནི་སངས་རྒྱས་ཀྱི་ཆོས་ལུགས་དར་རྗེས་རབ་བྱུང་གི་སྡེ་བྱུང་བར་བརྟེན་ནས་ཐོན་པ་ཞིག་མིན་པར་གདོད་མའི་ཚོ་བའི་དུས་སྐབས་ཀྱི་གོམས་སྲོལ་རྒྱུན་འཛིན་བྱས་པ་ཞིག་ཡིན། བོད་ཀྱི་ལོ་རྒྱུས་དང་དེབ་ཐེར་མང་པོ་ཞིག་ལས་བོད་རིགས་ལ་བོད་གདོང་དམར་ཞེས་གྲགས་པ་བྱུང་བ་དེ་ལ་རྒྱའི་དེབ་ཐེར་ཁག་ཅིག་དང་《བོད་ལྗོངས་ཞབས་བྲོའི་ལོ་རྒྱུས་》སོགས་སུ་གནའ་བོའི་བོད་མི་རྣམས་ལ་གདོང་གི་མཛེས་བྱེད་དུ་ཚོས་དམར་པོ་བགོ་བའི་གོམས་སྲོལ་ཡོད་པས་དེ་ལྟར་བཏགས་ཞེས་དང་བོད་རང་གི་ཡི་གེ་རྙིང་བ་རྒྱལ་བོའི་བཀའ་ཐང་སོགས་ལས་ཀྱང་ཤ་ཟ་གདོང་དམར་ཅན་ཞེས་ཀྱང་སྣང་ལ། གཞན་ཡང་དེ་མིན་བཤད་རྒྱུན་ལ་བོད་རྒྱལ་སྲོང་བཙན་གྱིས་རྒྱ་བཟའ་བོད་དུ་བཙུན་མོར་བསུ་སྐབས། བོད་འབངས་རྣམས་ཀྱིས་གདོང་ལ་ཚོས་མདོག་དམར་པོས་མཚོན་པའི་དཀར་པོ་དང་ནག་པོ་ཅི་རིགས་བགོས་ཏེ་བསུ་བར་ཕྱིན་པས། ཀོང་ཇོའི་ཐུགས་ལ་མ་བབས་པས་སྐྱོན་བརྗོད་ཀྱི་རྣམ་འགྱུར་བསྟན་པ་དེ་ནས་བཟུང་གདོང་མཚོན་བསྐུ་བའི་སྲོལ་བཅད་པ་ཡིན་ཡང་ཟེར་བ་སོགས་ཡོད་པ་དང་། སྲོལ་དེ་ནམ་ཆད་པ་ཐག་མི་ཆོད་ཀྱང་དེང་སང་ལྷ་སའི་ཁྲོམ་དུ་གདོང་ལ་འབྱར་རས་(胶布) སྦྱར་ཅིང་འགྲོ་བ་གདོང་རྩིའི་ཚབ་ཡིན་ཟེར་སྐད་གང་ལྟར་ཡང་གནའ་རབས་ཀྱི་བོད་མིས་གདོང་ལ་ཚོན་བསྐུ་བ་ནི་ཚད་མས་གྲུབ་ལ། མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་《དེབ་དཀར་》(ཤོག་གྲངས་69)དུ་“བོད་མི་རྣམས་པགས་པའི་གོས་གྱོན་ཞིང་། བུད་མེད་རྣམས་ཀྱི་གདོང་ལ་ཚོས་དམར་བྱུགས། ཤིང་གི་སྣོད་མཐིལ་ཀོ་བས་གཡོགས་པ་ཞིག་ཏུ་ཟས་ཟ། སྡེར་མའི་དོད་དུ་ཕྱིང་བ་ས་ལ་བཏིང་ནས་བྱེད་”ཅེས་གསལ་ཞིང་། 《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་》ལས་“ལག་པ་ས་ལ་བཙུགས་ཏེ་ཁྱི་ཡི་ལད་མོས་གུས་ཕྱག་བྱེད། ཕ་མ་ཤི་ཚེ་སྐྲ་འབྲེག་གདོང་ལ་ཚོས་ནག་པོ་བྱུག་གྱོན་པའང་ནག་པོར་བྱེད། ”ཅེས་གསལ་བས་ཀྱང་བོད་ཀྱི་གནའ་བོའི་མིས་གདོང་ཚོན་འབྱུག་པའི་སྲོལ་ཞིག་བྱུང་ཡོད་པ་གདོན་མི་ཟ་བར་སེམས། སྤྱིར་ན་གདོང་ཚོས་དང་ལུས་རིས་འབྲི་བའི་ཚོས་མདོག་གང་དང་གང་ཡིན་ཡང་དང་ཐོག་མཛེས་བྱེད་ཀྱི་ནང་དོན་ཙམ་ཡིན་པ་ནས་རིམ་བཞིན་མཚོན་དོན་རེ་ངོས་འཛིན་རྒྱུ་ཡོད་པར་གྱུར་པ་ལ། དེ་ཡང་མདོ་དབུས་ཁམས་གསུམ་གཅིག་མཐུན་ཡིན་པའི་ངེས་པ་མེད། དཔེར་ན་མདོ་སྨད་ཀྱི་ས་ཆ་ལ་ལར་སྐྱེས་པ་བྱེས་སུ་སྙེགས་རྗེས་གདོང་ཚོས་ནག་པོ་འབྱུག་པ་དང་། ཡང་ས་ཆ་ལ་ལར་བུ་མོ་བག་མར་འགྲོ་ཁར་གདོང་ཚོས་ནག་པོ་འབྱུག་པ་སོགས་མི་འདྲ་བ་ཡོད་པ་ལྟ་བུ་ཡིན། དེ་ལ་དེང་སྐབས་ཀྱི་ཞིབ་འཇུག་གནང་མཁན་འགའ་ཞིག་གིས་བོད་མིའི་གདོད་མའི་གདོང་ཚོས་དང་དེ་མཚོན་བྱེད་ཀྱི་འབག་གམ་མགོ་བརྙན་ལ་ཐོག་མ་ནས་མཚོན་དོན་འདི་དང་དེ་འདྲ་ཡོད་ལུགས་རང་གི་བསམ་ཚོད་ལྟར་གང་འདོད་དུ་གླེང་འདུག་ཀྱང་ང་ཚོས་སྒྱུ་རྩལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་བལྟས་ན་ཆེས་ཀླ་ཀློའི་མི་རིགས་ཤིག་གིས་ཀྱང་གང་དྲན་དྲན་དང་ཅི་མི་སྙམ་པར་རང་བྱུང་གི་རྒྱན་ཆ་སྣ་ཚོགས་བཀོལ་སྤྱོད་བྱེད་པ་མིན་པར། མཛེས་ཆོས་རྣམ་འགྱུར་གྱིས་སྣོན་ལས་དང་གདམ་གསེས་བྱས་པ་བརྒྱུད་རྒྱན་ཆ་དེ་དག་ལ་སྒྱུ་རྩལ་གྱི་རིན་ཐང་དེ་ལས་མཐོ་བ་ཞིག་ཡོད་པར་བྱས་ཏེ་རི་དྭགས་ཀྱི་པགས་པ་ལེབ་མོར་འཕྱང་བ་དང་། རི་དྭགས་ཀྱི་མཆེ་བ་དང་ཤིང་འབྲས་ཀྱི་ཁམ་ཚིག་དང་། མགྲོན་བུ་བཅས་གྲལ་དག་པོའི་སྒོ་ནས་སྲད་བུར་བརྒྱུ་བ་དང་། འདབ་ཆགས་ཀྱི་གཤོག་པའམ་མཇུག་སྒྲོ་ཚོམ་བུར་བཅོས་ནས་ཅོད་པན་བྱེད་པ་བཅས་གཅིག་མཚུངས་མིན་པའི་རྒྱན་སྤྲོས་ཀྱི་རྣམ་པ་འབྱུང་བའི་གསར་གཏོད་བྱས་པ་རྣམས་ནི་ཐོག་མཐའ་བར་གསུམ་དུ་མཛེས་ཆོས་ཀྱི་རྩ་དོན་གཞིར་བཟུང་བ་ཁོ་ན་ཡིན། གདོད་མའི་མི་ལུས་རྒྱན་སྤྲོས་ཀྱི་ཐོག་སྐེད་པའི་ཁོར་ཡུག་གི་རྒྱན་སྤྲོས་ནི་ཆེས་དོན་སྙིང་ལྡན་པ་ཞིག་ཡིན་ཞིང་རང་རེ་བོད་རིགས་རྣམས་ཀྱང་དེ་བཞིན་ཡིན་ཏེ་སྐེད་པའི་འདོགས་ཆས་ཀྱི་ཐད་མདུན་རྒྱབ་གཡས་གཡོན་ཀུན་ཏུ་འདོགས་པའི་རིགས་རྟ་མོག་གི་སྤུ་ལྟར་རྣམ་དབྱེ་མང་ཞིང་བློར་ཤོང་དཀའ་བ་ཞིག་ཡོད་པ་དེ་ཡན་ལག་བཞི་པོའི་སྟེང་འདོགས་པའི་རྐང་གདུབ་དང་ལག་གདུབ། སོར་གདུབ་སོགས་རྒྱན་སྤྲོས་ཀྱི་མཛེས་ཆོས་དང་སྦྲགས་ན་ཞབས་བྲོ་རྒྱག་སྐབས་རོལ་མོའི་སྒྲ་ཚིག་དང་གར་གྱི་སྟངས་སྟབས་གཅིག་མཐུན་ཡོང་བ་དང་། གདངས་ཚིག་གསལ་བོར་ངེས་པའི་དགེ་མཚན་ཡོད། ཡིན་ནའང་ཤེས་རིག་དར་རྒྱས་སོང་ཞིང་སྤྱི་ཚོགས་ཀྱི་དུས་རིམ་ངེས་ཅན་ཞིག་ལ་སོན་སྐབས་མི་ལུས་ཀྱི་རྒྱན་སྤྲོས་དེ་གདོད་མའི་མཛེས་ཆོས་ཀྱི་དགོས་པ་ཙམ་ནས་རྒྱུ་ངོམས་དང་། གོ་གནས། སྐྱེས་ཁུངས་སོགས་གྲལ་རིམ་མི་གཅིག་པ་སོ་སོའི་དབྱེ་བ་མཚོན་ཚུལ་ཞིག་ཆགས་པར་སེམས་སོ།
གསུམ་པ། རྒྱན་ཆས།
མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་བལྟས་ན། རྒྱན་ཆས་བེད་སྤྱོད་ཀྱི་སྲོལ་ལམ་དར་བ་དེ་ཤེས་རིག་ཅུང་དམའ་བའི་དུས་རིམ་ནང་མིའི་ལུས་པོ་བརྒྱན་པ་དང་བསྡུར་ན་ཅུང་མཇུག་ཏུ་བྱུང་བ་ལྟར་སྣང་ཡང་། རང་རེ་བོད་ལ་ཆེས་གདོད་མའི་དུས་ནས་མི་རྣམས་ཀྱིས་རང་ཉིད་འཚོ་གནས་ཀྱི་ཆེད་དུ་རྒྱན་ཆས་ཏེ་འཚོ་བའི་མཐུན་རྐྱེན་དུ་འགྲོ་བའི་གོན་པ་དང་ལག་ཆ་སོགས་ཀྱིས་མཚོན་པའི་ཡོ་བྱད་སྣ་ཚོགས་པ་ཞིག་རང་གི་བློ་གྲོས་ལ་བརྟེན་ནས་གསར་གཏོད་བྱས་པ་རེད།
འོ་ན། ཅི་ཞིག་ལ་རྒྱན་ཆས་ཟེར་ཞེ་ན། སྙན་ངག་སྒྱུ་རྩལ་སྐབས་ཀྱི་ཚིག་རྒྱན་དང་ཡེ་ནས་མི་འདྲ་སྟེ། དེ་ནི་རྗོད་བྱེད་ཚིག་གི་སྙན་ངག་དེ་ཉིད་མཛེས་པར་བྱེད་པའི་ཆོས་རྣམས་ལ་བརྗོད་པ་ཡིན་ཏེ། དཔེར་ན། སྐྱེ་བུ་རང་བཞིན་གྱིས་གཟུགས་བཟང་བ་དེ་ཉིད་མཛེས་རྒྱན་མེ་ཏོག་གི་ཕྲེང་བ་དང་གོས་རྒྱན་སོགས་ཕུན་སུམ་ཚོགས་པས་སྤྲས་པ་ན། སྔར་ལས་ཀྱང་ཆེས་ཆེར་མཛེས་པར་འགྱུར་བ་བཞིན་དུ་བརྗོད་བྱའི་དོན་ཤིན་ཏུ་བཟང་པོ་རྣམས་རྗོད་བྱེད་ཀྱི་སྙན་ཚིག་ཕུན་སུམ་ཚོགས་པའི་སྒོ་ནས་བརྗོད་པ་ན། རྣ་བར་སྙན་ཞིང་བསམ་གྱིན་ཡིད་དུ་འོང་བའི་ཉམས་དང་འགྱུར་བ་ཁྱད་པར་ཅན་ཐོན་པར་བྱེད་པ་དེར་བརྗོད་པ་ཡིན། དེ་ལས་ལྡོག་སྟེ་ང་ཚོས་འདིར་བརྗོད་པའི་རྒྱན་དང་ཆས་ནི་ཅུང་ཁྱབ་ཆེ་བའི་འདུ་ཤེས་ཤིག་ལ་བརྗོད་པ་སྟེ། འཇིག་རྟེན་གྱི་བྱ་དངོས་གང་དང་གང་ལའང་དངོས་པོ་གཞན་ཞིག་མཛེས་བྱེད་ཀྱི་རྒྱན་དུ་བཏགས་ཚད་རྒྱན་ཆས་ལ་ཁས་ལེན་པ་མ་ཟད། རྡོ་སོགས་བརྡར་ནས་སོ་ཁ་འབུད་པ་དང་ཟོར་ཇེ་ཡང་དང་ཇེ་བདེར་བཟོས་པའི་ཡོ་བྱད་དང་ལག་ཆ་ཐམས་ཅད་རྒྱན་ཆས་སུ་འདོད་པ་ཡིན། སྤྱིར་ཡིན་ན་སྤྱོད་ཆས་ཤིག་གཙུབ་བརྡར་གྱིས་ལེགས་བཟོ་བྱེད་པའི་དང་ཐོག་གི་ནང་དོན་ནི་བཀོལ་སྤྱོད་བྱེད་བདེ་བའི་ཆེད་དུ་ཡིན་མོད། འོན་ཀྱང་གདོད་མའི་མི་རིགས་ཁག་གི་ཁྲོད་དུ་བཟོ་སྐྲུན་ཞིབ་ཚགས་བྱས་པའི་ཡོ་བྱད་དམ་ལག་ཆ་ཞིག་ཡིན་ཕྱིན་དེར་དམིགས་ཡུལ་གཞན་ཞིག་ཡོད་པ་ནི་མཛེས་ཆོས་ཀྱི་དགོས་པ་དེ་ཡིན། དེ་ཡང་དཔེར་ན་བོད་ཀྱི་གནའ་བོའི་མཚོན་ཆ་མདའ་གྲི་མདུང་གསུམ་ནི་ཕ་རོལ་འཇོམས་པ་དང་བརླག་པ་དང་གསོད་པའི་ཆེད་ཁོ་ན་ཡིན་པས་དེ་ལ་རྣོ་དབལ་དང་སྲ་བ་དང་མཁྲེགས་པ་སོགས་ཀྱི་ཡོན་ཏན་དང་ཁྱད་ཆོས་ལྡན་པ་ཙམ་གྱིས་ཆོག་ཀྱང་གཞུ་དང་མདུང་སྐེ་གྲི་ངོས་སོགས་ལ་རི་མོ་དང་དར་ཚོན་སྣ་ཚོགས་འདོགས་འབྲི་བྱ་སྲོལ་ཡོད་པ་ནི་ཕྱི་ཚུལ་ལ་བལྟས་ན་དེས་ཕ་རོལ་གྱི་དགྲ་བོ་གསོད་ཐུབ་པ་ལ་ཕན་ནུས་གང་ཡང་ཡོད་པ་མ་ཡིན། འོན་ཀྱང་དེ་ལ་མཛེས་ཆོས་དང་བེད་སྤྱོད་ཀྱི་འབྲེལ་བའི་དགོས་མཁོ་ངེས་ཅན་ཞིག་ལ་བསམ་གཞིགས་བྱས་ཡོད་པ་སྟེ། དངོས་པོ་ནི་བེད་སྤྱོད་བྱ་དགོས་ཤིང་། བེད་སྤྱོད་བྱེད་སྐབས་མཛེས་སྣང་དང་སྤྲོ་སྣང་ལྡན་ན་མི་ལ་སྟོབས་ཤུགས་དང་སེམས་ཤུགས་སྦྱིན་ངེས་ཡིན་པས་དེས་བེད་སྤྱོད་ཀྱི་དམིགས་ཡུལ་འགྲུབ་རྒྱུར་རོགས་འདེགས་ཀྱི་ནུས་པ་འདོན་ངེས་ཡིན་པ་དེ་རེད། དེས་ན་གནའ་བོའི་མི་རིགས་ཁག་སོ་སོས་སྟབས་བདེའི་ལག་ཆའམ་ཡོ་བྱད། མཚོན་ཆ་སོགས་ཀྱི་ཐོག་ཏུ་མཛེས་ཆོས་ཀྱི་རྒྱན་ཆོས་སྣ་ཚོགས་བཀོད་ཡོད་པ་དེ་ནི་མཛེས་ཆོས་དང་བེད་སྤྱོད་ཀྱི་མི་མངོན་པའི་འབྲེལ་བའི་གསང་བ་དེ་རྟོགས་པ་ཡིན་སྙམ་མོ། །དེ་འདྲའི་མཛེས་ཆོས་ཀྱི་དགོས་པ་དང་ལྡན་པའི་རྒྱན་ཆས་ཏེ་ཡོ་བྱད་དང་ལག་ཆ་ནི་རང་རེ་བོད་ལ་མཚོན་ན་རི་མོའི་རྣམ་པ་རིགས་གཉིས་སུ་དབྱེ་ཆོག་སྟེ། གཅིག་རང་ཉིད་ཀྱི་རྟོག་པ་ལ་བརྟེན་ནས་རིས་དབྱིབས་བཀོད་སྒྲིག་བྱེད་པ་དང་། གཞན་དེ་རང་བྱུང་ཁམས་ལ་དཔེ་བལྟས་ནས་ཚུར་བླངས་པའོ། །དེ་དག་ལས་རང་ཉིད་ཀྱི་རྟོག་པ་འབའ་ཞིག་གིས་གྲུབ་པའི་རིས་དབྱིབས་ཀྱི་རྒྱན་ཆས་སྒྱུ་རྩལ་ནི་ཤེས་རིག་དར་རྒྱས་ཀྱི་སྤྱི་ཚོགས་ནང་དུ་ཡང་དཀོན་པས་ན་གདོད་མའི་མི་རིགས་ཀྱི་ཁྲོད་དུ་དེ་བས་ཀྱང་རྙེད་དཀའ་ཞིང་། རྒྱན་ཆས་སྒྱུ་རྩལ་དེ་རིགས་ཀྱི་གཞི་རྩའི་རིག་པ་ཡང་རྟོག་འཕྲུལ་གྱི་བསམ་བློ་ཁོ་ནས་གྲུབ་པ་མ་ཡིན་པར་རང་བྱུང་བྱ་དངོས་དང་བཟོ་རྩལ་ལ་རག་ལས་ཡོད། རང་བྱུང་ཁམས་ནས་བླངས་པའི་རི་མོའི་མཛེས་རིག་ནི་ང་ཚོས་རང་གི་ཁོར་ཡུག་ལ་བལྟས་པ་ཙམ་གྱིས་རྟོགས་ཐུབ་པ་སྟེ། ས་གདན་དང་། སྣམ་བུ། གྱང་ངོས། བུམ་པ། ས་རྫ་སོགས་རྒྱན་ཆས་དེ་དག་གི་ཐོག་རི་ཆུ་དང་སྐྱེ་དངོས་མེད་པ་ཧ་ལམ་གཅིག་ཀྱང་མེད། འོན་ཀྱང་དེ་དང་མི་འདྲ་བར་གདོད་མའི་རྒྱན་ཆས་སྒྱུ་རྩལ་ནི་གཙོ་བོ་མི་དང་སྲོག་ཆགས་ཀྱི་གཟུགས་བྱད་ལ་དཔེ་བལྟས་པ་མང་བ་དཔེར་ན། 1984 ལོའི་ཟླ་11པར་ལྷ་སའི་ཆོས་ཀོང་(ཆུ་མིག་གོང་མ་སྟེ་ཆུ་གོང་—རྩོམ་སྒྲིག་པས)(曲贡村)གྲོང་གི་ཉེ་སར་རྡོ་ཆས་གསར་བའི་དུས་སྐབས་ཀྱི་རིག་གནས་རྗེས་ཤུལ་ཁག་གཅིག་རྙེད་པ་དེར་རྡོ་ཆས་དང་རྫ་ཆས་ཀྱི་སྟེང་རིས་དབྱིབས་སྣ་ཚོགས་ཡོད་པ་དེར་གཟིགས་ན་མཁྱེན་ངེས་དང་། དེ་བཞིན་དུ་བོད་ལྗོངས་ལྷོ་ཁའི་སྣང་རྫོང་(朗县) གི་དུང་དཀར་ས་ཁུལ་གྱི་བང་སོ་དང་བྲག་ངོས་སོགས་སུ་རི་དྭགས་ཤ་བ་དང་རྒོ་བ། མིའི་གཟུགས་བརྙན་སོགས་བྲིས་ཡོད་པའི་དངོས་དཔང་འདི་དག་གི་ཐོག་ནས་གདོད་མའི་མཛེས་རིས་ཀྱི་དཔེ་གང་ལ་བལྟས་པ་གསལ་རྟོགས་ཡོང་ངེས་ཡིན་པ་ལྟ་བུ་རེད། དེ་ཙམ་དུ་མ་ཟད་གོང་གསལ་རྒྱན་ཆས་མཛེས་རིས་དེ་དག་གནའ་བོའི་སྒྱུ་རྩལ་ལ་ཞིབ་འཇུག་བྱ་རྒྱུར་རིན་ཐང་ཆེན་པོ་ཡོད་པ་སྨོས་མ་དགོས་པ་ཡིན། གཞན་ཡང་རིག་དངོས་དེ་དག་གི་ཁྲོད་དུ་གདོད་མའི་གྲངས་ཀ་མཚོན་བྱེད་ཀྱི་ནར་ཤད་རི་མོ་དང་། ནོར་རྫས་ཀྱི་རྟགས་མ་སོགས་མི་ཉུང་བ་ཞིག་ཡོད་པར་འདུག
བཞི་པ། དབྱིབས་བཟོའི་སྒྱུ་རྩལ།
གོང་དུ་བསྟན་པ་ལྟར་སྒྱུ་རྩལ་ལ་སྤྱིར་བཏང་རིགས་གཉིས་ཏེ་བརྟན་པའི་སྒྱུ་རྩལ་དང་གཡོ་བའི་སྒྱུ་རྩལ་རིགས་གཉིས་ཡོད་ཅིང་། དེ་ལ་ཞིབ་ཕྲའི་ཐོག་ནས་ངོ་བོར་བརྟག་སྟེ་མཚན་ཉིད་བཞག་ཚེ་སྒྱུ་རྩལ་རིག་པ་མཁས་ཅན་ཕེ་ཁྲེ་ནེས་Fecher“སྒྱུ་རྩལ་རིགས་གཉིས་ལས་རིགས་སྔ་མའི་སྒྱུ་རྩལ་ནི་བརྟན་པའི་རྣམ་པ་བརྒྱུད་ནས་སྤྲོ་སྣང་འཚོལ་བ་དང་། ཕྱི་མ་དེ་ནི་གཡོ་བའི་ཉམས་དང་ཡང་ན་འགྱུར་ལྡོག་གི་རྣམ་པ་བརྒྱུད་ནས་སྤྲོ་སྣང་འཚོལ་བར་བྱེད་པས་སྔ་མ་དེས་བརྟན་དངོས་ཀྱི་གཟུགས་འགྱུར་རམ་ཟུང་དུ་འབྲེལ་བའི་སྒོ་ནས་སྒྱུ་རྩལ་མཁན་གྱི་དམིགས་ཡུལ་འགྲུབ་པར་བྱེད་པ་དང་། ཕྱི་མ་དེས་དེ་ལས་ལྡོག་སྟེ་ལུས་གཟུགས་ཀྱི་འགུལ་སྐྱོད་དང་དུས་ཚོད་ཀྱི་འཕོ་འགྱུར་ལ་བརྟེན་ནས་སྒྱུ་རྩལ་མཁན་གྱི་དམིགས་ཡུལ་འགྲུབ་པ་བྱེད་”ཅེས་གསུངས་པ་ལྟར་ན་འདིར་སྐབས་སུ་བབས་པ་དབྱིབས་བཟོའི་སྒྱུ་རྩལ་ཏེ་སྣང་བརྙན་སྒྱུ་རྩལ་ནི་བརྟན་པའི་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པ་དང་དབྱིབས་བཟོའམ་སྣང་བརྙན་སྒྱུ་རྩལ་གྱི་ཆེས་གདོད་མའི་ལག་རྩལ་གྱི་རྨང་གཞི་ནི་བརྐོ་བཟོ་དང་རྒྱན་སྤྲོས་ཡིན། དེ་ལྟ་བུའི་དབྱིབས་བཟོའི་སྒྱུ་རྩལ་ལམ་སྣང་བརྙན་སྒྱུ་རྩལ་གྱི་ཐོག་མ་ནི་བོད་ལྗོངས་ལ་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་སྔོན་ནས་ཡོད་པ་གནའ་རྫས་བཙལ་རྙེད་བྱུང་བའི་ཐོག་ནས་ར་སྤྲོད་བྱུང་ཡོད།
དེ་ཡང་ཉེ་བའི་ལོ་ཤས་ནང་རྡོ་ཆས་རྙིང་པ་དང་། གསར་མ། བཙན་པོའི་དུས་རབས་ཀྱི་བང་སོའི་རྗེས་ཤུལ་བཅས་ཁག་མང་རྙེད་པའི་ཐོག་ནས་བོད་ལྗོངས་ས་མཐོ་འདིར་ལོ་ངོ་ཁྲི་ལྔའི་གོང་རོལ་ནས་མིའི་འགྲོ་བ་འཚོ་གནས་བྱེད་ཀྱི་ཡོད་པ་རྩོད་མེད་ངང་ཤེས་རྟོགས་ཐུབ་པས་ལོ་ངོ་སྟོང་ཕྲག་དུ་མའི་གོང་ནས་སྒྱུ་རྩལ་གྱི་སྲོལ་གཏོད་པར་སྨྲ་བ་ལ་འགལ་བ་གང་ཡང་མེད་སྙམ་པ་དེས་ན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་དེ་སྔ་“སྤྱི་ལོའི་གོང་གི་ལོ་བརྒྱ་ཕྲག་ཁ་ཤས་ནང་ཤིང་ལ་སྲོག་ཆགས་དང་མེ་ཏོག་སོགས་ཀྱི་མཛེས་རིས་དང་། མུ་འབྲེལ་སྒྲུང་གཏམ་རི་མོ་སྣ་ཚོགས་ཐོག་མར་བརྐོ་དཀྲོལ་བྱེད་པའི་ལག་རྩལ་བྱུང་”བར་གསུངས་པ་ནི་བསྲེག་བཅད་བརྡར་བའི་གསེར་གྱི་མེ་ལོང་ལྟ་བུའི་ལེགས་བཤད་དུ་འཁུམས་ཤིང་། ས་འོག་ནས་ཐོན་པའི་བརྐོས་དཀྲོལ་གྱི་རི་མོའི་སྒྱུ་རྩལ་འདི་དག་ཚང་མ་དབྱིབས་བཟོའི་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པ་ཡིན། གཞན་ཡང་། 1984ལོའི་ཟླ་6པར་བོད་ལྗོངས་ལྷོ་ཁ་སྣེ་གདོང་རྫོང་ཁྲ་འབྲུག་ཁུལ་གྱི་བསམ་གྲུབ་བདེ་ཆེན་ཉེ་འདབས་ནས་གནའ་བོའི་བང་སོ་སྐོར་གཅིག་རྙེད་པའི་རིག་དངོས་ནང་བཀོད་པ་དག་པའི་རྡོའི་རོ་སྒམ་སོགས་མང་དག་ཅིག་ཡོད་ལ། ལྷག་པར་དུ་གཙིགས་ཆེར་འཛིན་འོས་པ་ཞིག་ནི་རིག་དངོས་དེ་དག་ནང་ལྕགས་ཆས་འབུར་རིས་ཀྱིས་བརྒྱན་པ་རི་མོ་འགྲེལ་དཀའ་བ་འགའ་ཞིག་ཀྱང་ཡོད་པ་དེ་དག་ལ་བལྟས་ན་སྐབས་དེར་སྤྱིར་བཏང་གི་ཤིང་རྒྱུའི་བརྐོ་དཀྲོལ་ལག་རྩལ་དར་ཁྱབ་ཆེ་བ་མ་ཟད། ལྕགས་དཀྲོལ་ལག་རྩལ་ཡང་དར་ཡོད་པ་གསལ་བཤད་ཐུབ་པས་བོད་རིགས་འབྱུང་ཁུངས་ཀྱི་ལོ་རྒྱུས་དང་བོད་ཀྱི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱི་དུས་རིམ་ལ་ཡང་བསྐྱར་བསམ་གཞིགས་མི་བྱེད་ཀ་མེད་ཡིན། དེ་ལྟར་བརྐོས་དཀྲོལ་ལམ་དབྱིབས་བཟོའི་སྒྱུ་རྩལ་གྱི་མའི་ལག་རྩལ་རྨང་གཞི་དང་། དར་རྒྱས་བྱུང་ནས་ཤིང་དཀྲོལ་མཛེས་རིས་སྣ་ཚོགས་སྦྱང་གོམས་མཐོན་པོའི་ཚད་དུ་སླེབས་ཤིང་ཐ་ན་ལྕགས་དཀྲོལ་དབྱིབས་བཟོའི་ལག་རྩལ་ཡང་ཚད་མཐོར་སོན་པའི་རིག་དངོས་ཀྱི་དཔང་པོ་འདི་དག་ལ་གཞིགས་ན་བོད་རིགས་འབྱུང་ཁུངས་ཀྱི་གནད་དོན་ལ་ཕྱིན་ཆད་གཞི་འཛིན་གྱི་དཔྱད་གཞིར་བྱུང་བས་རྩོད་རྙོག་གི་དྲ་བར་ཚུད་དོན་མེད་པར་དཔག
དེ་མིན་ལོ་རྒྱུས་ཡིག་ལམ་ཁག་ནང་གསལ་ལྷ་ཁང་དང་གཙུག་ལག་ཁང་ཇི་སྙེད་བཞེངས་པའི་འཇིམ་བརྙན་དང་བྲག་བརྐོས་ལྷ་སྐུ་བཞེངས་ཚུལ་འཁོད་པ་ལས་ད་ལྟ་བྲག་ཡེར་པའི་ཚལ་ཕུ་བྲག་ཕུག་ནང་ལྡེར་བཟོ་དང་བྲག་བརྐོས་སྣང་བརྙན་ཇི་སྙེད་ཡོད་པ་རྣམས་ཡིད་དུ་འོང་ཞིང་བཟོ་བཀོད་ཁྱད་དུ་འཕགས་པ་ཞིག་ཡོད་པ་ད་ལྟ་ཡང་རང་རེའི་མིག་གི་སྤྱོད་ཡུལ་དུ་མཆིས་པ་དེ་དག་ནི་རང་རེ་བོད་ཀྱི་དབྱིབས་བཟོའི་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་དཔེ་མཚོན་ཡིན།
གོང་གསལ་གནའ་བོའི་དབྱིབས་བཟོའི་སྒྱུ་རྩལ་གྱི་བརྩམས་བྱ་དེ་དག་གི་རྒྱུ་ཆ་དང་རྣམ་པ་གཉིས་ཐད་ནས་བལྟས་ན་དེང་གི་ལྡེར་བཟོའམ་བརྐོས་བཟོ་དང་མི་འདྲ་བར་དེ་དག་རང་བྱུང་ཁམས་ཀྱི་འགྲོ་བ་མིར་དཔེ་བལྟས་ཏེ་བསྐྲུན་པ་ཞིག་ཡིན་པ་མངོན་གསལ་ཆེ་བར་སྙམ་ལ། ལོ་རྒྱུས་ཡིག་ལམ་ནས་ཀྱང་དེ་འདྲའི་གཞི་འཛིན་གྱི་དཔྱད་གཞི་རྙེད་ཐུབ་པ་སྟེ།《རྦ་བཞེད་》ལས་བསམ་ཡས་གཙུག་ལག་ཁང་བཞེངས་ཚུལ་གྱི་ལོ་རྒྱུས་སྐབས་སུ“ལྷ་བཟོ་ན་རེ། ལྷ་རྒྱ་གར་དང་རྒྱའི་གཟུགས་གང་བགྱི་གསུངས། མཁན་པོའི་ཞལ་ནས། སངས་རྒྱས་རྒྱ་གར་དུ་བྱོན་པ་ཡིན་པས་རྒྱ་གར་ལུགས་སུ་བགྱི་གསུངས། བཙན་པོའི་ཞལ་ནས། ལྷ་བོད་ཀྱི་ལུགས་སུ་བྱ་བར་ཅིས་ཀྱང་གནང་དགོས་ཞེས་སློབ་དཔོན་ལ་ཞུས་པས། འོ་ན་བོད་འབངས་ཀུན་བསྡུས་ཤིག བོད་ཀྱི་ལུགས་སུ་བྱའོ་གསུངས་”ཞེས་བོད་མི་སྐྱེས་གཟུགས་ལེགས་པ་ལ་དཔེ་བལྟས་ནས་ལྷ་བཞེངས་པའི་ལོ་རྒྱུས་གསལ་བ་ལས་ཀྱང་སྐབས་དེ་ཤེད་དུ་བོད་ཀྱི་ལྡེར་བཟོའམ་བརྐོས་བཟོའི་དཔེ་མི་ལ་བྱ་སྲོལ་ཡོད་པར་མངོན་པས་བརྐོ་བཟོའམ་ལྡེར་བཟོའི་ལག་རྩལ་ཐོག་མར་དར་བའི་ཚེ་དཔེ་གང་ལ་བྱས་པ་དེ་དབྱིབས་བཟོའི་སྒྱུ་རྩལ་གྱི་ཐོག་མའི་དར་ཁུངས་ཀྱང་ཡིན་པ་གསལ་པོར་རྟོགས་ནུས་ཀྱི་རང་བཞིན་ཡིན། ཡིན་ནའང་འདིར་གླེང་དགོས་པ་ནི་དབྱིབས་བཟོའི་སྒྱུ་རྩལ་གསར་དར་གྱི་དུས་སྐབས་སུ་ཆོས་ལུགས་དང་འབྲེལ་བ་གང་ཡང་མེད་པར་འདོད་དོ། །
མཇུག་སྡོམ།
དེ་ལྟར་བོད་ཀྱི་གནའ་རབས་སྒྱུ་རྩལ་ནི་དར་སྔ་ཞིང་། དར་ཡུན་རིང་བ། འཕེལ་རྒྱས་ཀྱི་གོ་རིམ་ཡང་ལོ་རྒྱུས་ཀྱི་ཆོས་ཉིད་དང་མཐུན་པ་བཅས་ཀྱི་ཐོག་ནས་ང་ཚོ་བོད་མི་རིགས་འདི་ནི་མཚོ་བོད་ས་མཐོར་གདོད་མ་ཉིད་ནས་འཚོ་ཞིང་གནས་པའི་གནའ་བོའི་མི་རིགས་ཤིག་ཡིན་པ་དང་། ས་ཁམས་ཆགས་ཚུལ་དང་མཁའ་རླུང་གི་རྒྱུ་བའི་རང་བཞིན་ཆ་རྐྱེན་གྱིས་རྐྱེན་པས་རུ་བ་སྤོ་ཞིང་། རྩྭ་ཐང་ཐོག་བསྐོར་བསྐྱོད་ཀྱིས་འཚོ་བའི་གདོད་མའི་འཚོ་ཐབས་ལྟ་བུའི་མངོན་ཚུལ་འདི་དག་ནི་མིའི་རིགས་རྒྱུད་རིག་པ་མཁས་པ་ཅན་ཚོས་ཆོད་སྡོམ་བཞག་པ་ལྟར་རང་བྱུང་ཆ་རྐྱེན་གྱིས་རྐྱེན་པས་ཅུང་མཐོ་བའི་ཐོན་སྐྱེད་ཆུ་ཚད་ལ་འཕེལ་རྒྱས་འགྲོ་རྒྱུར་ཚད་བཀག་འཁེལ་བ་ལས་མི་རིགས་འདི་ཐོག་མ་ཉིད་ནས་བླུན་ཞིང་རྗེས་ལུས་ཀྱི་གནས་སུ་མི་རབས་རྒྱུད་འཛིན་བྱས་པ་ཞིག་མིན་པ་གསལ་བཤད་བྱུང་ངོ་། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1