བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་ནས་གཟབ་རྒྱས་ངང་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 12-19


བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་ནས་གཟབ་རྒྱས་ངང་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུངས་བཤད་གལ་ཆེན་གནང་།

ཟླ་12ཚེས་18ཉིན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ།

ཟླ་12ཚེས་18ཉིན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཚོགས་ཆེན་ལ་ཞུགས།

        བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ངོ་བཞི་བཅུའི་ལག་ལེན་ལས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ་ང་ཚོའི་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བཏོད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དང་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ནི་ཧ་ཅང་ཡང་དག་པ་ཡིན་ལ། གྲུབ་པར་བྱས་པའི་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ནི་ཧ་ཅང་ཡང་དག་པ་ཡིན་པ་ར་སྤྲོད་གསལ་པོ་བྱུང་ཡོད།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ངོ་བཞི་བཅུའི་ལག་ལེན་ལས། ཀྲུང་གོའི་འཕེལ་རྒྱས་ཀྱིས་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་ཉམས་མྱོང་བཟང་པོ་འདོན་སྤྲོད་དང་འོད་སྟོང་གི་མདུན་ལྗོངས་མངོན་པར་བྱས་ལ། དེ་ནི་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་མིའི་རིགས་ཀྱི་ཤེས་རིག་གོང་འཕེལ་ཐད་བཞག་པའི་བྱས་རྗེས་ཆེན་པོ་ཡིན་པ་ར་སྤྲོད་གསལ་པོ་བྱུང་ཡོད།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ངོ་བཞི་བཅུའི་ལག་ལེན་ལས། བཅོས་སྒྱུར་སྒོ་འབྱེད་ནི་ཏང་དང་མི་དམངས་ཀྱིས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སྙེག་པའི་ཐབས་མཆོག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ལྡོག་མེད་བགྲོད་ལམ་ཡིན་ལ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གནད་འགག་གི་ཐབས་ཤིག་ཀྱང་ཡིན་པ་ར་སྤྲོད་གསལ་པོ་བྱུང་ཡོད།
        ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཚོགས་ཆེན་ལ་ཞུགས།
        མི་དམངས་ཚོགས་ཁང་ཆེན་མོ་རྔམ་བརྗིད་ལྡན་ཞིང་། ཁྲི་ཤོང་ཚོམས་ཆེན་དུ་གློག་འོད་རྣམ་པར་བཀྲ་ལ་དགའ་སྤྲོའི་དཔལ་གྱིས་ཁེངས་ཡོད། ཀྲུའུ་ཞི་སྟེགས་བུའི་ཀླད་དུ“བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ”ཞེས་པའི་ཚོགས་འདུའི་མིང་བཀལ་ཡོད་ལ། རྒྱབ་རས་ཀྱི་དཀྱིལ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་དང“1978ནས2018”ཅེས་པའི་ཨང་ཀི་བཀལ་ཡོད་པའི་ལོགས་གཉིས་སུ་དར་དམར་བཅུ་བསྒྲིགས་ཡོད།
        ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཚོགས་རར་ཐོན་པ་ན། ཚང་མ་ཡར་ལངས་ནས་དགའ་བསུའི་ཐལ་མོ་བརྡེབས།
        ཆུ་ཚོད་བཅུའི་སྟེང་། ལིས་ཁི་ཆང་གིས་ཚོགས་ཆེན་འགོ་བརྩམས་པ་ཁྱབ་བསྒྲགས་མཛད་པ་དང་། ཚང་མ་ཡར་ལངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས།

        ཝང་ཧུའུ་ཉིང་གིས《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཅོས་སྒྱུར་སྒོ་འབྱེད་ཐད་བྱས་རྗེས་ཁྱད་འཕགས་བཞག་མཁན་ལ་གཟེངས་བསྟོད་གནང་བའི་ཆོད་དོན》སྒྲོག་འདོན་བྱས། ཆོད་དོན་ལས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐག་བཅད་པ་ལྟར། ཡུས་མེན་སོགས་བློ་མཐུན་བརྒྱ་ཐམ་པར་བཅོས་སྒྱུར་གདོང་མཆོང་པའི་མཚན་སྙན་གནང་ནས་བཅོས་སྒྱུར་གདོང་མཆོང་པའི་རྟགས་མ་གནང་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་བྱ་གཞག་ཐད་རྒྱབ་སྐྱོར་དང་རོགས་རམ་གནང་བར་བཀའ་དྲིན་ཞུ་ཆེད། ཨ་ལན་མཱེ་ལེ་ཨེ་སོགས་རྒྱལ་སྤྱིའི་གྲོགས་པོ་བཅུ་ཐམ་པར་ཀྲུང་གོའི་བཅོས་སྒྱུར་མཛའ་བརྩེའི་རྟགས་མ་གནང་རྒྱུའི་ཐག་བཅད་པ་ཡིན་ཞེས་བསྟན་ཡོད། ཚོགས་ཆེན་སྟེང་བཅོས་སྒྱུར་གདོང་མཆོང་པའི་མཚན་སྙན་དང་ཀྲུང་གོའི་བཅོས་སྒྱུར་མཛའ་བརྩེའི་རྟགས་མ་གནང་ཡུལ་གྱི་མི་སྣའི་མིང་ཐོ་སྒྲོག་འདོན་བྱས།

        《དཔྱིད་ཀའི་གཏམ་རྒྱུད》ཅེས་པའི་རོལ་དབྱངས་ཁྲོད་དུ། ཞི་ཅིན་ཕིང་གིས་བཅོས་སྒྱུར་གདོང་མཆོང་པའི་མཚན་སྙན་དང་ཀྲུང་གོའི་བཅོས་སྒྱུར་མཛའ་བརྩེའི་རྟགས་མ་ཐོབ་པའི་འཐུས་ཚབ་པར་རྟགས་མ་གནང་།
        ཚང་མ་ཡར་ལངས་པ་དང་དགའ་བསུའི་ཐལ་མོ་བརྡེབས་ནས། རྟགས་མ་ཐོབ་མཁན་རྣམས་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་དང་བླ་ན་མེད་པའི་གུས་འདུད་ཞུས། ན་ཆུང་གདོང་ལེན་རུ་མིས་ཁོ་ཚོར་མེ་ཏོག་ཕུལ།
        སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞི་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན།ང་ཚོའི་ཏང་གིས་བཅོས་སྒྱུར་སྒོ་འབྱེད་ལག་བསྟར་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་ཇུས་ཐག་བཅད་པ་ནི།ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དམ་འཛིན་ཟབ་མོ་བྱེད་པར་གཞིགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་ལག་ལེན་ལ་སྤྱི་སྡོམ་ཟབ་མོ་བྱེད་པར་གཞིགས་ཤིང་། དུས་རབས་ཀྱི་འཕེལ་ཕྱོགས་མཐིལ་རྟོགས་ཟབ་མོ་བྱེད་པར་གཞིགས་པ་དང་། མི་དམངས་མང་ཚོགས་ཀྱི་རེ་འདོད་དང་དགོས་མཁོར་བསམ་བློ་ཟབ་མོ་གཏོང་བར་གཞིགས་པ་ཡིན། བཅོས་སྒྱུར་སྒོ་འབྱེད་ནི་ང་ཚོའི་ཏང་གི་རླབས་ཆེ་བའི་སད་རྟོགས་ཤིག་ཡིན་ཏེ། རླབས་ཆེ་བའི་སད་རྟོགས་འདིས་ད་གཟོད་ང་ཚོའི་ཏང་གི་གཞུང་ལུགས་ནས་ལག་ལེན་བར་གྱི་རླབས་ཆེ་བའི་གསར་གཏོད་བསྐྱེད་པ་རེད། བཅོས་སྒྱུར་སྒོ་འབྱེད་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་སྟེང་གི་རླབས་ཆེ་བའི་གསར་བརྗེ་ཞིག་ཡིན་ཏེ། རླབས་ཆེ་བའི་གསར་བརྗེ་འདིས་ད་གཟོད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རླབས་ཆེ་བའི་མཆོང་སྐྱོད་ལ་སྐུལ་འདེད་བྱས་པ་རེད།
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ། བཅོས་སྒྱུར་སྒོ་འབྱེད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་སྤེལ་བ་བཅས་ནི་ལྔ་བཞིའི་ལས་འགུལ་གྱི་ཚུན་ལ་རང་རྒྱལ་དུ་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་གསུམ་ཡིན་ལ། ཉེ་རབས་ཀྱི་ཚུན་ལ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རྡོ་རིང་ཆེན་པོ་གསུམ་ཡིན། བློ་མཐུན་མའོ་ཙེ་ཏུང་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་འགྲུབ་པར་བྱས་པ་དང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས། དེང་རབས་ཀྲུང་གོའི་ཡར་རྒྱས་གོང་འཕེལ་ཡོད་ཚད་ཀྱི་ཐད་ལ་གཞི་རྩའི་ཆབ་སྲིད་ཀྱི་མཐུན་རྐྱེན་དང་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིངས། བློ་མཐུན་ཏིན་ཞའོ་ཕིང་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་དཀྱིལ་སྙིང་དཔལ་འབྱོར་འཛུགས་སྐྲུན་སྟེང་དུ་བཞག་པ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་རང་བཞིན་གྱི་ཇུས་ཆོད་མངོན་འགྱུར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲོལ་ལེགས་པར་བཏོད། བློ་མཐུན་ཅང་ཙེ་མེན་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་བཅོས་སྒྱུར་དམིགས་འབེན་དང་གཞི་རྩའི་སྒྲོམ་གཞི་གཏན་ཁེལ་བྱས་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་བྱེད་པའི་རྣམ་པ་གསར་པ་བཏོད་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་ཉེར་གཅིག་པའི་ཕྱོགས་སུ་གོང་འཕེལ་ལེགས་པོ་བཏང་། བློ་མཐུན་ཧུའུ་ཅིན་ཐའོ་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་མི་གཙོ་བོར་འཛིན་པ་དང་ཕྱོགས་ཡོངས་མཐུན་སྦྱོར་དང་རྒྱུན་སྲིང་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ལ། ཏང་གི་སྲིད་འཛིན་ནུས་པའི་འཛུགས་སྐྲུན་དང་སྔོན་ཐོན་རང་བཞིན་གྱི་འཛུགས་སྐྲུན་སྤེལ་ནས། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་ལེགས་པོ་བཏང་།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་གསར་པར་ཡོངས་སུ་ཞིབ་ལྟ་བྱས་ལ། ལག་ལེན་ལ་སྤྱི་སྡོམ་དང་མ་འོངས་པར་རྒྱང་ལྟ་བྱས་པ་བརྒྱུད་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅི་ལྟ་བུ་ཞིག་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཇི་ལྟར་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་དུས་རབས་ཀྱི་དཔྱད་གཞི་ཆེན་པོ་འདི་ལ་ལན་ཟབ་མོ་བཏབ་ཅིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གྲུབ་པར་བྱས་ལ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་བྱེད་པ་དང་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་དང་། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་བྱ་བར་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་བྱས་པ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་ཡོད།
        ཞི་ཅིན་ཕིང་གིས་བསྟན་དོན། དཀའ་བ་མྱངས་ན་གྲུབ་འབྲས་ཐོབ་པ་ནི་དཔེ་ཡིན་ཏེ། ལོ་ངོ་བཞི་བཅུའི་རིང་ལ། ང་ཚོས་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བྱས་ཤིང་། སྤོབས་པ་ཆེན་པོས་ཚོད་ལྟ་དང་སྙིང་སྟོབས་ཆེན་པོས་བཅོས་སྒྱུར་བྱས་ཏེ་མདུན་ལམ་གསར་པ་ཞིག་བཏོད་ཡོད། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ་བཞི་བཅུའི་རིང་སྟེ། དུས་སྐབས་གསར་པའི་སྒོ་འཕར་ཕྱེས་པ་ནས་དུས་རབས་གསར་པར་སྐྱོད་པ་དང་། འགོ་རྩོམ་ས་གསར་པའི་སྟེང་ལངས་པ་ནས་དུས་རབས་གསར་པར་སྐྱོད་པའི་ལོ་ངོ་བཞི་བཅུའི་རིང་ནི་སྐྱིད་སྡུག་མཉམ་མྱངས་ཀྱི་ལོ་ངོ་བཞི་བཅུ་དང་དཀའ་ངལ་གཙང་སེལ་གྱི་ལོ་ངོ་བཞི་བཅུ། མདུན་སྐྱོད་ལྷོད་མེད་ཀྱི་ལོ་ངོ་བཞི་བཅུ་ཡིན་ལ། ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་བརྗིད་ཆགས་ཉམས་ཀྱིས་ཕྱུག་པའི་ལོ་རྒྱུས་ཀྱི་རི་མོ་བྲིས་ཏེ། གནམ་ས་གཡོ་བར་བྱེད་ཅིང་རི་ཆུ་སྒུལ་བར་བྱེད་པའི་འབད་འཐབ་ཀྱི་བསྟོད་གླུ་ཞིག་ཀྱང་བརྩམས་ཡོད།
        ཞི་ཅིན་ཕིང་གིས་གཞུང་ལུགས་གསར་གཏོད་དང་དཔལ་འབྱོར་འཛུགས་སྐྲུན། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན། མེས་རྒྱལ་གཅིག་གྱུར། ཕྱི་འབྲེལ་བྱ་གཞག ཏང་གི་འཛུགས་སྐྲུན་སོགས་ཕྱོགས་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་རླབས་ཆེན་ལ་སྤྱི་སྡོམ་མཛད། ཁོང་གིས་ནན་གྱིས་བསྟན་དོན། ལོ་ངོ་བཞི་བཅུའི་རིང་ལ་བླངས་པའི་གྲུབ་འབྲས་ནི་གནམ་ལས་བབས་པ་མིན་ལ། གཞན་གྱིས་གནང་སྦྱིན་བཏང་བ་དེ་ལས་ཀྱང་མིན་པར། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བརྩོན་པ་དང་བློ་གྲོས། སྤོབས་པ་བཅས་ལ་བརྟེན་ནས་བླངས་པ་ཞིག་ཡིན། ང་ཚོས་ལོ་བཅུ་ཕྲག་འགའི་དུས་ཚོད་བཀོལ་ནས་དར་རྒྱས་ཆེ་བའི་རྒྱལ་ཁབ་ལོ་བརྒྱ་ཕྲག་འགར་བརྒྱུད་པའི་བཟོ་ལས་ཅན་གྱི་འཕེལ་རིམ་བརྒྱུད་པ་དང་། ཀྲུང་གོ་མི་དམངས་ཀྱི་ལག་ནས་དཔེ་མི་སྲིད་པའི་དོན་དག་ཀྱང་དཔེ་སྲིད་པར་གྱུར། ཀྲུང་གོ་མི་དམངས་ཀྱིས་འཇིག་རྟེན་དུ་ཁྱད་མཚར་བའི་མཛད་རྗེས་བསྐྲུན་པས་ང་ཚོ་སྤོབས་པ་དང་གཟི་བརྗིད་ཚད་མེད་ཀྱིས་ཁེངས་ཡོད།
        ཞི་ཅིན་ཕིང་གིས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ་བཞི་བཅུའི་རིང་བསགས་པའི་ཉམས་མྱོང་རྩ་ཆེན་ནི་ཏང་དང་མི་དམངས་ཀྱི་ཧ་ཅང་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ཡིན་ལ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བར་མཛུབ་སྟོན་གྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པས། ངེས་པར་དུ་ལྡབ་འགྱུར་གྱིས་གཅེས་སྤྲས་དང་ཡུན་རིང་པོར་རྒྱུན་འཁྱོངས་བྱས་ནས། ལག་ལེན་ཁྲོད་དུ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་དུ་གཏོང་དགོས། གཅིག་ནི་ངེས་པར་དུ་ཏང་གིས་བྱ་བ་ཡོད་ཚད་ལ་འགོ་ཁྲིད་པ་རྒྱུན་འཁྱོངས་ཀྱིས་ཏང་གི་འགོ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་བཏང་སྟེ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་ཀྱིས་བཅོས་སྒྱུར་སྒོ་འབྱེད་ཀྱི་གྲུ་གཟིངས་འདི་ཡང་དག་པའི་ཕྱོགས་སུ་རྦ་རླབས་གཤགས་ནས་མདུན་དུ་སྐྱོད་པར་ཁག་ཐེག་བྱེད་དགོས། གཉིས་ནི་ངེས་པར་དུ་མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་ཀྱིས་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་པ་དང་། དམངས་སེམས་ལ་བསྟུན་པ་དང་དམངས་བློར་བཀུར་བ། དམངས་ཚུལ་ལ་དོ་སྣང་བྱེད་པ། དམངས་ཚིས་ཐད་འབད་པ་བྱས་ཏེ། མི་དམངས་ལ་བཅོས་སྒྱུར་སྒོ་འབྱེད་ཀྱི་ཕན་འབྲས་མཉམ་སྤྱོད་བྱེད་དུ་བཅུག་ནས། མི་དམངས་སྔར་ལས་རང་རྟོགས་སྒོས་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལས་དོན་ཁྲོད་ཞུགས་པར་སྐུལ་མ་གཏོང་དགོས། གསུམ་ནི་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་ཀྱིས་ལག་ལེན་གྱི་རྨང་གཞིའི་སྟེང་གི་གཞུང་ལུགས་གསར་གཏོད་རྒྱུན་མ་ཆད་པར་བྱས་ཏེ། དུས་རབས་ཀྱི་དྲི་བ་དང་མི་དམངས་ཀྱི་དྲི་བར་དུས་ལྟར་ལན་བཏབ་ནས། མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་གནས་བབ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། བཞི་ནི་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་རྒྱུན་འཁྱོངས་དང་གོང་འཕེལ་དུ་བཏང་ནས། བཅོས་སྒྱུར་སྒོ་འབྱེད་ཀྱི་མདུན་སྐྱོད་ཁ་ཕྱོགས་དམ་འཛིན་ལྷོད་མེད་བྱེད་དགོས། ལྔ་ནི་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་གོང་འཕེལ་དུ་གཏོང་བ་རྒྱུན་འཁྱོངས་ཀྱིས་རང་རྒྱལ་གྱི་ལམ་ལུགས་ཁྱད་སྟོབས་རྒྱུན་ཆད་མེད་པར་འདོན་སྤེལ་བྱེད་པ་དང་ཇེ་དྲག་ཏུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྔར་ལས་འཐུས་ཚང་ཅན་དང་ངེས་གཏན་ཅན་དུ་གཏོང་དགོས། དྲུག་ནི་ངེས་པར་དུ་འཕེལ་རྒྱས་ལས་འགན་དང་པོར་འཛིན་པ་རྒྱུན་འཁྱོངས་ཀྱིས་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་བདེ་ཐང་ངང་གོང་འཕེལ་དུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་དངོས་པོའི་རྨང་གཞི་མཐུག་པོ་འདིང་དགོས། བདུན་ནི་ངེས་པར་དུ་སྒོ་འབྱེད་རྒྱ་བསྐྱེད་པ་རྒྱུན་འཁྱོངས་ཀྱིས་མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་རྒྱུན་ཆད་མེད་པར་མཉམ་སྐྲུན་བྱེད་པ་དང་། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་ཞིང་། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་དང་། རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོ་ཅན་དར་སྤེལ་གྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་བཅོས་སྒྱུར་དང་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ནས། ཉོ་འཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་ལ་ཡར་སྐུལ་བྱེད་དགོས། བརྒྱད་ནི་ངེས་པར་དུ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་ཀྱིས་ཏང་གི་གསར་གཏོད་ནུས་པ་དང་ཆིག་སྒྲིལ་ནུས་པ། འཐབ་འཛིང་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་དྲག་དང་། ཏང་གི་ཆབ་སྲིད་འགོ་ཁྲིད་ཀྱི་ནུས་པ་དང་བསམ་བློ་ཁྲིད་སྟོན་གྱི་ནུས་པ། མང་ཚོགས་རྩ་འཛུགས་ཀྱི་ནུས་པ། སྤྱི་ཚོགས་འབོད་སྐུལ་གྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཏུ་བཏང་ནས། རུལ་སུངས་པ་ཡོད་ཚད་རྩ་བ་ནས་གཙང་སེལ་བྱས་ཏེ། ཏང་གིས་དུས་ནམ་ཡང་མི་དམངས་མང་ཚོགས་བར་དུ་ཤ་ཁྲག་གི་འབྲེལ་བ་འཛིན་པར་ཁག་ཐེག་བྱེད་དགོས། དགུ་ནི་ངེས་པར་དུ་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་རྒྱུན་འཁྱོངས་ཀྱིས་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་འབྲེལ་བ་ཡང་དག་པར་ཐག་བཅད་ནས། སྤོབས་པ་ཆེན་པོས་ཚོད་ལྟ་དང་སྤོབས་པ་ཆེན་པོས་གདོང་མཆོང་བྱེད་པར་སྐུལ་མ་གཏོང་དགོས་པར་མ་ཟད། དངོས་ཐོག་བདེན་འཚོལ་དང་ལས་དོན་སྒྲུབ་མཁས་ཀྱིས་བཅོས་སྒྱུར་སྒོ་འབྱེད་བརྟན་བརླིང་ངང་ཡུན་རིང་གནས་པར་ཁག་ཐེག་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་དུས་རབས་གསར་པའི་ཏང་གི་དམག་སྐྱེད་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་སྐྱེད་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་ཀྱིས་རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་ཏེ། ཏང་གི་བཀོད་འདོམས་ལ་ཉན་པ་དང་། གཡུལ་ལས་རྣམ་པར་རྒྱལ་ཐུབ་པ། ཀུན་སྤྱོད་ལེགས་པ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་པ་དང་། འཛམ་གླིང་གི་དམག་དཔུང་རྩེ་གྲས་ཧུར་ཐག་གིས་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ལ་སྲུང་སྐྱོབ་དང་། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་རྒྱབ་རྟེན་སྟོབས་ཅན་འདོན་སྤྲོད་བྱེད་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཞང་ཀང་པས་ཞང་ཀང་སྐྱོང་བ། ཨོ་མིན་པས་ཨོ་མིན་སྐྱོང་བ། ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཆ་ཚང་ཞིང་ཡང་དག་པར་ལག་བསྟར་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་བྱ་བ་ནན་མོར་སྒྲུབ་པ། ཞང་ཀང་དང་ཨོ་མིན་སྔར་ལས་བཟང་པོར་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འདྲེས་པར་རྒྱབ་སྐྱོར་དང་སྐུལ་འདེད་བྱས་ཏེ། ཞང་ཀང་དང་ཨོ་མིན་སྤུན་ཟླར་མེས་རྒྱལ་མི་དམངས་དང་མཉམ་དུ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་འགན་འཁྲི་ཁུར་དུ་འཇུག་དགོས་པ་དང་མེས་རྒྱལ་དར་རྒྱས་འབྱོར་ཕྱུག་གི་རླབས་ཆེ་བའི་གཟི་བརྗིད་མྱང་དུ་འཇུག་དགོས། མེས་རྒྱལ་ཡོངས་སུ་གཅིག་གྱུར་བྱེད་པ་ནི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་ཡང་ཡིན་པས། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང་དགུ་གཉིས་ཐུན་མོང་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བའི་རྨང་གཞི་སྲ་བརྟན་གོང་འཕེལ་དུ་བཏང་ཞིང་། མཚོ་འགག་འགྲམ་གཉིས་ཀྱི་རིག་གནས་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རླབས་ཆེ་བའི་ཕུགས་འདུན་ནི་སྒུག་ནས་སྡོད་པ་དང་ཁ་གཡང་ཙམ་བོས་ནས་མངོན་འགྱུར་བྱས་པ་མིན་པར། འབད་བརྩོན་དང་གདོང་མཆོང་བྱས་ནས་མངོན་འགྱུར་བྱས་པ་ཡིན། ད་ལྟ་ང་ཚོ་ནི་གྲུ་མཚོ་དཀྱིལ་དུ་ཐོན་ན་རླབས་ཆེ་བ་དང་མི་རི་སྐེད་དུ་ཐོན་ན་ལ་གཟར་བའི་སྐབས་སུ་འཁེལ་ཡོད་ལ། འདི་ནི་དཀའ་ངལ་དང་ཉེན་ཁ་ཇེ་ཆེ་ཡིན་རུང་ཕྱིར་སྣུར་བྱེད་ཐབས་བྲལ་བའི་སྐབས་ཤིག་ཡིན། བཅོས་སྒྱུར་སྒོ་འབྱེད་དཀའ་ཁག་དང་ཉེན་ཁ་ཁྲི་སྟོང་བརྒྱུད་ཟིན་ནའང་ད་དུང་མུ་མཐུད་དུ་དཀའ་ཁག་དང་ཉེན་ཁ་མང་པོ་བརྒྱུད་དགོས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མདུན་དུ་བཤམས་པའི་འགན་འཁྲི་སྔར་ལས་གཟི་བརྗིད་ལྡན་པ་དང་། ལས་འགན་སྔར་ལས་དཀའ་ཚེགས་ཆེ་ཞིང་། འགྲན་རྩོད་སྔར་ལས་ཚབས་ཆེ་བ་དང་བྱ་བ་སྔར་ལས་རླབས་ཆེ། རྟ་བརྒྱ་མཉམ་རྒྱུག་དང་གྲུ་བརྒྱ་མཉམ་གཤར་གྱི་དུས་རབས་འདི་ལ། ང་ཚོ་ང་རྒྱལ་སྤུ་ཙམ་ཡང་སྐྱེས་མི་རུང་བ་དང་རང་ལམ་རང་གིས་འགོག་མི་རུང་ལ། སོམ་ཉི་དང་ཐེ་ཚོམ་སྤུ་ཙམ་ཡང་སྐྱེས་མི་རུང་བར། ངེས་པར་དུ་རླབས་ཆེ་བའི་འཐབ་རྩོད་དང་རླབས་ཆེ་བའི་བཟོ་སྐྲུན། རླབས་ཆེ་བའི་ལས་དོན། རླབས་ཆེ་བའི་ཕུགས་བསམ་བཅས་ལ་གཅིག་འདོམས་བྱས་ཏེ་སྤོབས་པ་ཆེན་པོས་རྦ་རླབས་དྲག་པོའི་སྔུན་ནས་ལངས་ཏེ་སྙིང་སྟོབས་ཆེན་པས་འབད་འཐབ་བྱེད་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། ཉེ་རབས་ཚུན་གྱི་དུས་ཡུན་རིང་པོའི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ། ཀྲུང་གོ་མི་དམངས་དཀའ་ངལ་མང་པོ་མང་པོ་བརྒྱུད་པ་དང་། བློས་གཏོང་མང་པོ་མང་པོ་བྱས་ཡོད་ལ། འབད་འཐབ་མང་པོ་མང་པོ་བྱས་ཡོད། ད་ལྟ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་འཕེལ་རིམ་ཁྲོད་བསགས་པའི་ནུས་ཚད་ཆེན་པོ་དེ་ལེགས་པར་ཕྱིར་བཏོན་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འགོག་ཐབས་མེད་པའི་སྟོབས་ཤུགས་ཆེན་པོ་བསྩལ་ཡོད། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐོར་ནས་མཐུན་སྒྲིལ་སྔར་ལས་དམ་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཐོག་མའི་སེམས་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། བཅོས་སྒྱུར་སྒོ་འབྱེད་མཐའ་འཁྱོལ་བར་སྤེལ་ཏེ། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་པ་དང་། དུས་རབས་གསར་པར་ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་སྔར་ལས་ཁྱད་མཚར་བའི་མཛད་རྗེས་གསར་པ་བསྐྲུན་དགོས་ལ། འཛམ་གླིང་གི་མིག་གི་དང་བ་འདྲེན་པའི་སྔར་ལས་ཆེ་བའི་མཛད་རྗེས་གསར་པ་བསྐྲུན་དགོས།
        ལི་ཁེ་ཆང་གིས་ཚོགས་ཆེན་ལ་འགོ་འཛིན་མཛད་སྐབས་གསུང་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུའི་རིང་ལ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་བླངས་པའི་རླབས་ཆེ་བའི་གྲུབ་འབྲས་དང་ཉམས་མྱོང་རྩ་ཆེན་ལ་སྤྱི་སྡོམ་ཟབ་མོ་མཛད་ཡོད་པ་དང་། ཀྲུང་གོ་མི་དམངས་ཀྱིས་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱ་གཞག་ཆེད་དུ་བྱས་རྗེས་ཁྱད་འཕགས་བཞག་པར་གཟེངས་བསྟོད་མཐོན་པོ་མཛད་ཡོད་ལ། བཅོས་སྒྱུར་སྒོ་འབྱེད་ལ་ནམ་ཡང་རྫོགས་མཐའ་མེད་པ་དང་བཅོས་སྒྱུར་སྒོ་འབྱེད་མཐའ་འཁྱོལ་བར་སྤེལ་བའི་ཡིད་ཆེས་དང་ཆོད་སེམས་ནན་ཏན་གྱིས་མངོན་པར་བཤད་ཡོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ། དུས་རབས་གསར་པར་བཅོས་སྒྱུར་སྒོ་འབྱེད་མུ་མཐུད་གོང་དུ་སྤེལ་བའི་དམིགས་འབེན་དང་བླང་བྱ་གསལ་པོར་བཏོན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དང་། བཅོས་སྒྱུར་སྒོ་འབྱེད་མུ་མཐུད་དུ་ཟབ་སྤེལ་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཅན་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ། ཐུན་མོང་གི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་འཛུགས་པ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1