༄༅།། དུས་རབས་གསར་པའི་དྲ་རྒྱའི་རྩོམ་རིག་དང་རྩོམ་རིག་ལོ་ཙཱའི་སྐོར་ཅུང་ཙམ་གླེང་བ།

ཆོས་སྐྱོང་། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-25


ཆོས་སྐྱོང་།
          དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་སྟེགས་བུར་མཚོན་ན། རྒྱལ་ནང་གི་ཁོར་ཡུག་ཆེན་པོའི་དབང་དུ་སོང་སྟེ། “དྲ་རྒྱའི་རྩོམ་རིག”གི་མྱུ་གུ་འབུས་ཤིང་རྩ་བ་ཚུགས་པའི་རྣམ་པ་ཡོངས་སུ་ཤར་བ་དང་། བོད་འགྱུར་རྒྱ་འགྱུར་བཅས་པའི་རྩོམ་རིག་ལོ་ཙཱའི་འཕྲིན་ལས་ཀྱང་རྒྱ་ཆེར་དར་བར་མངོན་པས་ན། འདིར་དེ་དག་ཀྱང་དུས་རབས་གསར་པའི་ཚུན་ཆད་དུ་བྱུང་བའི་གནས་ཚུལ་གྱི་གྲས་སུ་བསྡུས་འདོད་དེ། རང་གི་ཤེས་ཚོད་ཀྱིས་ས་བཅད་མ་སྟོངས་པ་ཙམ་དུ་གླེང་བར་བྱའོ། །
གཅིག དྲ་རྒྱའི་རྩོམ་རིག་དང་རྩོམ་རིག་གི་དྲ་རྒྱ།
          《བོད་ཀྱི་དྲ་རྒྱའི་རྩོམ་རིག》ཅེས་པར།[1] དྲ་རྒྱའི་རྩོམ་རིག་གི་དབྱེ་བ་འབྱེད་སྐབས་པོད་ཁུག་རྩོམ་རིག་དང་གླེང་སྟེགས་རྩོམ་རིག དྲ་ཚིགས་རྩོམ་རིག་བཅས་སུ་ཕྱེ་བ་ལྟར། དང་པོའི་པོད་ཁུག་ནས་ད་ལྟའི་འཕྲིན་ཕྲན་གྱི་བར་དུ། དྲ་རྩོམ་གྱི་རྣམ་པ་འདི་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་སུ་འདོང་བའི་ལམ་བུ་ཞིག་བཏོད་པ་ནི་སྨོས་ཅི་དགོས་སོ། །
          དེང་གི་གནས་བབ་ལ་མཚོན་ན། བོད་མི་གཅམ་བུ་པ་ནས་བོད་མི་འཕྲིན་ཕྲན་པའི་དུས་སྐབས་སུ་སླེབས་ཤིང་། ཉིན་བཞིན་འཕྲིན་ཕྲན་གྱི་ཞོགས་ཟས་དང་དྲོས་ཇ། ནུབ་འཚལ་བཅས་དུས་གཟུར་མེད་པར་ང་ཚོའི་གསོལ་སྟོན་དུ་གཤོམ་པ་རེད་ལ། སྔ་དྲོ་བདེ་ལེགས་ནས་ཕྱི་དྲོ་བདེ་ལེགས་ཀྱི་བར་དང་། ཕྱི་དྲོ་བདེ་ལེགས་ནས་མཚན་བདེ་ལེགས་ཀྱི་བར་དུ། འཕྲིན་ཕྲན་ཞེས་པའི་སྣང་སྟོང་དབྱེར་མེད་ཀྱི་འཇིག་རྟེན་ཞིག་ཏུ་བྱིང་ཞིང་འབྱིང་བའི་སྐབས་འདིར། སྐྱེས་སྐྱེས་ཐམས་ཅད་རྩོམ་ཡིག་འབྲི་མཁན་དང་ཡོད་ཡོད་ཐམས་ཅད་དཔྱད་བརྗོད་འབྲི་མཁན་དུ་གྱུར་པ་ནི། སྔ་དུས་གང་རུང་ལ་བྱུང་མ་མྱོང་ཞིང་། དུས་རབས་གསར་པའི་ཚུན་གྱི་རྩོམ་རིག་གི་སྣང་ཚུལ་གསར་པ་ཞིག་རེད། འོན་ཀྱང་། ད་སྔ་དེའི་སྐོར་ལ་ཐུགས་གཞིག་གནང་མཁན་ཉུང་ཙམ་དུ་ཟད། འདིར་དུས་རབས་གསར་པའི་གནས་སྐབས་སུ་བྱུང་བའི་དྲ་རྩོམ་གྱི་སྐོར་ནས། རྡོ་རྗེ་ཚེ་རིང་གིས་བྲིས་པའི《བོད་ཀྱི་དྲ་རྒྱའི་རྩོམ་རིག》ཅེས་པ་ནི་བོད་ཀྱི་ཆེད་དེབ་ཐོག་མ་ཡིན་པར་གཞིར་བཞག་ཅིང་། གཞན་ཡང་ཁྲོ་གོ་ཚེ་རིང་གིས་དངོས་གཞིའིི་མཐར་ཕྱིན་དཔྱད་རྩོམ་དུ་བྲིས་པའི《བོད་ཀྱི་དྲ་རྩོམ་གྱི་བྱུང་རྐྱེན་དང་ཁྱད་ཆོས་མདོ་ཙམ་གླེང་བ》ལྟ་བུའང་མཆིས་པས་མཚོན།[2] རིམ་བཞིན་ང་ཚོས་ཀྱང་དྲ་རྩོམ་གྱི་གནས་བབ་ལ་དང་དོད་བྱེད་པའི་རྣམ་པ་ཞིག་ངང་གིས་ཤར་འདུག་སྙམ།
          དུས་རབས་གསར་པའི་བོད་ཀྱི་རྩོམ་སྟེགས་ལ་མཚོན་ན། དྲ་རྩོམ་གྱི་བྱུང་བ་ནི་སྔར་མེད་ཀྱི་གནས་ཚུལ་གསར་པ་ཞིག་རེད་དེ། 《བོད་ཀྱི་དྲ་རྒྱའི་རྩོམ་རིག》ཅེས་པར། དེ་ཡང་སྤྱི་ལོ1999ལོའི་ཟླ12པའི་ཚེས20ཉིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཧུང་ཀྲེ་ཡི་མགོ་ཁྲིད་འོག་འཛམ་གླིང་ཐོག་གི་བོད་ཡིག་དྲ་ཚིགས་དང་པོ“གངས་ལྗོངས་དྲ་བ”ཞེས་པ་ལན་གྲུ་རུ་ལེགས་གྲུབ་བྱུང་བ་དང་། 2000ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་དངོས་སུ་སྒོ་ཕྱེ་བས། འཛམ་བུའི་ཁྱོན་ལ་བོད་ཡིག་གི་དྲ་ཚིགས་མེད་པའི་ལོ་རྒྱུས་ཡོངས་སུ་མཇུག་བསྒྲིལ་པ་རེད་ཅེས་བྲིས་པ་བཞིན།[3] དྲ་རྩོམ་ཞེས་པ་ནི་སྟབས་ཁེལ་གྱིས་དུས་རབས་གསར་པའི་ཚུན་ནས་བྱུང་བར་མངོན་ཞིང་། བགྲང་བྱ་བཅུ་ཕྲག་ལྷག་གི་ལམ་བུ་བརྒྱུད། ད་ནི་བྱུང་རྐྱེན་དང་གོ་དོན། རིགས་དབྱེ། ཁྱད་ཆོས་བཅས་དཔྱད་གཞིར་རུང་བའི་ཐོག་མའི་རྣམ་པ་ཞིག་ཆགས་པ་བསྙོན་དུ་མ་མཆིས་ཏེ། ཤེས་འདོད་རྣམས་ཀྱིས་གོང་གསལ་གྱི་རྩོམ་ཡིག་དེ་གཉི་གར་གཟིགས་པའི་མཚུངས་སུ་རིགས་བསྒྲེས་ཀྱིས་ཤེས་པར་འཚལ། 《སྦྲང་ཆར》རང་སྟེང་ལ་མཚོན་ནའང་། སྤྱི་ལོ2006ལོའི་ཡས་མས་ནས་དྲ་རྩོམ་གྱི་རིགས་ལ་དོ་སྣང་བྱས་པ་ཡིན་མོད། འོན་ཀྱང་བྱེ་བྲག་གི་ལེ་ཚན་ཞིག་བསྒྲུབ་པའི་མཐུན་རྐྱེན་ཡོངས་སུ་འཛོམས་མ་བྱུང་།
          གཙོ་བོའི་གཙོ་བོ་ནི་དྲ་རྩོམ་དེ་དག་ཕྱི་རྫིག་ནང་སྟོང་གི་དཔེ་རུ་སོང་སྟེ། བརྡ་དག་ཡན་ཆད་ཀྱི་ཚིག་གི་སྦྱོར་བ་བཅོས་ཀྱང་མི་ཕན་པའི་ཚད་དུ་ལུས་པས་སོ། །
          དུས་ཕྱིས་སུ་འཕྲིན་ཕྲན་དར་བའི་འཕྲོར། 《སྦྲང་ཆར》རྩོམ་སྒྲིག་ཁང་གིས་ཀྱང་འཕྲིན་ཕྲན་ལས་རྩོམ་ཡིག་ལེགས་ཤོས་བདམས་ཏེ་སྣག་ཤོག་གི་ཚུལ་དུ་དཔར་བའི་མགོ་བརྩམས་པ་ཡིན།
          གོང་སྨོས་ཀྱི་རྩོམ་ཡིག་དེ་གཉིས་དང་ད་སྔའི་བར་དུ་བྱུང་བའི་གནས་ཚུལ་ཅི་རིགས་ལ་གཞིགས་ནས་བསམ་བློ་ཅུང་ཙམ་བཏང་ན། དེར་ཡང་དགེ་སྐྱོན་བར་མ་བཅས་སུ་སྣང་བ་ནི་གོར་མ་ཆག་པ་རེད། རྡོ་རྗེ་ཚེ་རིང་གི་རྩོམ་དེར།[4] དགེ་མཚན་གྱི་ཆ་ནས་སྨྱན་རྫས་ཀྱི་ཐོད་རྒལ་དང་རྩོམ་པ་པོའི་དཔུང་ཁག་གི་ཐོད་རྒལ། གསར་རྩོམ་དང་དཔྱད་མྱོང་བྱ་ཐབས་ཀྱི་ཐོད་རྒལ་བཅས་ཐོད་རྒལ་གསུམ་དང་། གསར་རྩོམ་གྱི་དམིགས་ཡུལ་དང་གསར་རྩོམ་གྱི་བྱ་ཐབས། རྩོམ་རིག་གི་སྐད་བརྡ་བཅས་དུས་སྐབས་བཟང་པོ་གསུམ་དུ་བརྗོད་པ་དང་། ཞན་ཆའི་ཆ་ནས་གསར་རྩོམ་གྱི་ཆུ་ཚད་མཐོན་པོ་མིན་པ་དང་རྩོམ་པ་པོའི་འགན་འཁྲིའི་འདུ་ཤེས་ཉམས་ཞན་དུ་ལུས་པ། རང་དབང་གི་བྱ་སྤྱོད་ཚད་ལས་འདས་པ་བཅས་སྐྱོན་གསུམ་དུ་བགྲང་བ་ནི་ཕྱོགས་སུ་མ་ལྷུང་བའི་གཟུར་གཏམ་ལོས་ཡིན་བསམས་ཏེ་མ་ཡིག་ཇི་བཞིན་དུ་དྲངས་པ་ཡིན། ཁོ་བོ་རང་ཉིད་ལ་མཚོན་ན་ད་དུང་དེའི་ཕྱོགས་ཀྱི་མཐོང་ཐོས་དང་ཉམས་མྱོང་ཤིན་ཏུ་དབུལ་བས་ལེགས་ཉེས་བདེན་རྫུན་གྱི་སྤུ་རིས་སོ་སོར་དབྱེ་བའི་སྐལ་བ་མ་ལྡན་མོད། འོན་ཏང་། དེ་ཉིད་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱུང་འཕེལ་གྱི་གྲུབ་ཆ་ཞིག་ཡིན་པའི་རྩ་དོན་དེར་དོ་སྣང་བྱེད་གལ་དང་དུས་ནམ་ཞར་ཡང་ཡིད་ལ་ངེས་དགོས་པའི་བློ་སྐྱེད་སྔར་ནས་ཡོད་དོ། །
གཉིས། རྩོམ་རིག་གི་ལོ་ཙཱ་དང་ལོ་ཙཱའི་རྩོམ་རིག
          ལོ་ཙཱ་ཞེས་པ་ནི་བོད་རང་ལ་མཚོན་ན་འདང་རྩིས་གཞན་ལས་ཆེ་བའི་ཐ་སྙད་ཅིག་ཡིན་པར་མ་ཟད། བོད་ཀྱི་རིག་གནས་ལོ་རྒྱུས་ཕལ་མོ་ཆེ་ཡང་ལོ་ཙཱའི་བྱ་བྱེད་དང་མཐའ་གཅིག་ཏུ་འབྲེལ་ནས་ཡོད་པ་ཅན་ཞིག་རེད་ཅེས་བརྗོད་ཆོག་ཆོག་ཏུ་སྣང་། བོད་ཀྱི་དེང་རབས་རྩོམ་རིག་ལ་མཚོན་ནའང་། ལོ་ཙཱའི་ནུས་པ་དང་ཕན་ཡོན་བསམ་གྱིས་མི་ཁྱབ་པར་འདུག་པ་གོར་མ་ཆག དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པའི་རྗེས་ནས་བཟུང་། 《མའོ་ཙེ་ཏུང་གི་གསུང་འབུམ》དང《མ་རྩའི་རྣམ་བཤད》སོགས་གཙོས་པའི་ཆབ་སྲིད་ལོ་རྒྱུས་སྐོར་གྱི་ལོ་ཙཱ་དང་།དེའི་འཕྲོས་སུ《ཆུ་ངོགས་གཏམ་རྒྱུད》དང《ཐོག་ཁང་དམར་པོའི་རྨི་ལམ》སོགས་རྩོམ་རིག་བརྩམས་ཆོས་ཀྱི་ལོ་ཙཱ་དང་།[5] 《སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ་མུན་སེལ་སྒྲོན་མེ》དང《ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་དྲི་གཞི་ལྔ་བརྒྱ》ལྟ་བུའི་རྩོམ་རིག་གཞུང་ལུགས་ཀྱི་ལོ་ཙཱ་བཅས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཤིང་།[6]དུས་མཚུངས་སུ། 《འོད་འཚེར་བའི་སྐར་མ་དམར་པོ》དང《སྙན་ངག་གི་རྦ་རླབས》 《གནམ་བདེ་སྒོ་མོ་ཆེའི་སྙན་ཚིག་འདྲ་བཤུས》 《ཙག་སྒྲ་འཚོང་མཁན་གྱི་བུ་མོ》 《འདྲེ་འབོད་རྐང་གླིང》 《འཛམ་གླིང་བྱིས་པའི་སྒྲུང་གཏམ་ལེགས་དེབ》 《ཕྱི་གླིང་བའི་སྒྲུང་ཐུང་ཕྱོགས་བསྒྲིགས》 《ཐང་སིན་བླ་མའི་རྟོགས་བརྗོད》 《ཕྱི་རྒྱལ་གྱི་བྱིས་སྒྲུང་བདམས་བཏུས》 《ཕྱི་གླིང་རྩོམ་རིག་གཅེས་བསྡུས》 《བསྒྱུར་རྩོམ་མུ་ཏིག་ཕྲེང་མཛེས》 《འགྱུར་རྩོམ་དབྱངས་ཅན་དགྱེས་པའི་གླུ་དབྱངས》 《ཁྱིམ་གཞིས》《2011ལོའི་བསྒྱུར་རྩོམ》བཅས་རྩོམ་རིག་བརྩམས་ཆོས་ཀྱི་འགྱུར་བགྲང་ལས་འདས་པ་བྱུང་སྟེ།[7] བོད་ཀྱི་རྩོམ་རིག་གསར་རྩོམ་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་བཏོན་པ་རེད། ཐ་ན་ལོ་ཙཱ་གཅིག་པུའི་ངོས་ཐད་ནས་བོད་ཀྱི་དེང་རབས་རྩོམ་རིག་གི་བྱུང་འཕེལ་བསྡུས་པ་ཞིག་བྲིས་ཀྱང་འགྲིག་གོ་སྙམ།
          《སྦྲང་ཆར》རྩོམ་སྒྲིག་ཁང་ལ་མཚོན་ན། སྤྱི་ལོ1981ལོའི་འདོན་ཐེངས་དང་པོ་ནས་བཟུང་སྟེ་ཚན་རིག་ཤེས་བྱ་དང་བཅས་པའི་འགྱུར་རྩོམ་རེ་གཉིས་སྤེལ་མགོ་ཚུགས་ཤིང་། སྤྱི་ལོ1982ལོའི་དེབ་གཉིས་པར《ཨ་ཧྥན་ཐིས་ཀྱི་གཏམ་རྒྱུད》དང《མཇུག་མཐའི་སློབ་ཐུན་གཅིག》ཅེས་པ་གཉིས་སྤེལ་པ་ནས་བཟུང་།[8] རྒྱལ་ཁབ་ཕྱི་ནང་གི་བརྩམས་ཆོས་གྲགས་ཅན་མང་པོ་བོད་ཡིག་ཏུ་བསྒྱུར་པར་མ་ཟད། རྩོམ་རིག་བརྡ་ཆད་དང་རྒྱལ་ཁབ་ཕྱི་ནང་གི་རྩོམ་པ་པོ། ལོ་རེའི་ནོར་པེལ་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས། ལོ་རེའི་ཀྲུང་གོའི་རྩོམ་རིག་བརྩམས་ཆོས་ཕུལ་བྱུང་ཅན་མང་པོ་མཚམས་མ་ཆད་པར་བོད་ཡིག་ཏུ་འགྱུར་བའི་ལས་ཀར་གཡེལ་མེད་དུ་འབད་བརྩོན་བྱེད་པ་ཡིན་ལ། དེར་མཐུན་གྱི་འབྲས་བུའང་མངོན་གསལ་དོད་པོར་བླངས་ཡོད་པ་ནི་གོང་འོག་གི་ཞབས་མཆན་དག་ལས་རྟོགས་པར་འགྱུར། གཞན་ཡང་། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》 《ཟླ་ཟེར》 《གངས་རྒྱན་མེ་ཏོག》 《མཚོ་སྔོན་བོད་ཡིག་གསར་འགྱུར》བཅས་བོད་ཁམས་ཀྱི་དུས་དེབ་དང་ཚགས་པར་གང་མང་གིས་ཀྱང་རྩོམ་རིག་ལོ་ཙཱའི་བྱ་བཞག་ཐད་བྱས་རྗེས་མི་དམན་པ་བཞག་དང་འཇོག་བཞིན་པ་ནི་སྨོས་ཅི་དགོས་མོད། འོན་ཀྱང་འདིར་དེ་དག་གི་གནས་ཚུལ་རེ་རེ་བཞིན་ཡི་གེར་འགོད་ཐབས་མ་བྱུང་ངོ་། །
          དུས་རབས་གསར་པའི་ཚུན་ཆད་དུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་བཅས་དཔེ་སྐྲུན་ཁང་སོ་སོ་ནས་བོད་འགྱུར་གྱི་དཔེ་ཚོགས་མང་པོ་པར་དུ་བསྐྲུན་ཏེ།[9] ཐོག་ཐག་ཀུན་ཏུ་བོད་ཀྱི་རྩོམ་རིག་ལོ་ཙཱའི་འཕེལ་རྒྱས་ཐད་མཐུན་རྐྱེན་ཅི་རིགས་སྦྱར་བ་རེད། དེ་ནས་བརྩིས་པའི2009ལོར《མི་རིགས་ཀྱི་རྩོམ་རིག》ཅེས་པའི་བོད་ཡིག་པར་མ་གསར་སྤེལ་བྱས་པ་ནས་བཟུང་རྩོམ་རིག་བརྩམས་ཆོས་བོད་དུ་འགྱུར་བའི་ཚ་རླབས་ཐེངས་ཤིག་འཕྱུར་བ་དང་།[10] 2012ལོ་ནས་དང་ལྷག་དོན2013ལོ་ནས་བཟུང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་མཚོ་སྔོན་རྩོམ་པ་པོ་མཐུན་ཚོགས་ལ་མངག་བཅོལ་བྱས་པ་བཞིན། ལོ་རེར་སྙན་ངག་དང་སྒྲུང་གཏམ། ལྷུག་རྩོམ། སྙན་ཞུ་རྩོམ་རིག་བཅས་བོད་འགྱུར་གྱི་དེབ་ལྔ་རེ་པར་དུ་བསྐྲུན་དང་སྐྲུན་བཞིན་པ་དང་།[11] མི་སྒེར་གྱི་ངོས་ཐད་ནས་ཀྱང་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་མང་པོ་བོད་ཡིག་ཏུ་བསྒྱུར་དང་སྒྱུར་བཞིན་པ་བཅས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་གཙོས་པའི་བརྩམས་ཆོས་བོད་དུ་འགྱུར་བའི་ཟང་ཟིང་ལང་ལོང་གི་རྣམ་པ་ཞིག་ཀུན་ནས་ཤར་འདུག[12]
          བར་སྐབས་འདིར། བོད་ཀྱི་རྩོམ་རིག་བརྩམས་ཆོས་རྒྱ་ཡིག་དང་ཕྱི་ཡིག་ཏུ་འགྱུར་བའི་དེབ་གཟུགས་སྣ་ཚོགས་ཀྱང་པར་དུ་བསྐྲུན་པ་རེད། དཔེར་ན། ལུང་རིན་ཆེན་གྱིས་བསྒྱུར་པའི《དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་གཅེས་བཏུས》ཞེས་པ་དང་། པད་མ་ལྷུན་གྲུབ་དང་རྟ་ལོ་གཉིས་ཀྱིས་བསྒྱུར་པའི《སྒྲུང་གཏམ་བདམས་བསྒྱུར་ཕྱོགས་བསྒྲིགས》ཞེས་པ། པད་མ་ཚེ་བརྟན་གྱིས་བསྒྱུར་པའི་སྟག་འབུམ་རྒྱལ་གྱིི《མི་ཚེའི་གླུ་དབྱངས》ཞེས་པ། ལུང་རིན་ཆེན་གྱིས་བསྒྱུར་པའི《ནས》ཞེས་པ། བཀྲ་བྷས་བསྒྱུར་པའི《སྒྲོལ་མ་ཉེར་གཅིག་བོད་རྒྱ་ཤན་སྦྱར་མ》ཞེས་པ། དེ་མིན་མཚོ་སྔོན་རྩོམ་པ་པོ་མཐུན་ཚོགས་ཀྱིས2012ལོ་ནས་བསྒྱུར་མགོ་ཚུགས་པའི“འབྲོང་དཔེ་ཚོགས”ཁག་ལྔ་སོགས་ཀྱིས་མཚོན། སྤྱི་སྒེར་གཉིས་དང་རྒྱལ་ཁབ་ཕྱི་ནང་དུ་རྒྱ་འགྱུར་དང་བོད་འགྱུར། ཕྱི་འགྱུར་བཅས་ཀྱི་བརྩམས་ཆོས་དང་དཔེ་ཚོགས་མང་པོ་ཞིག་མཐོང་ཐོས་སུ་གྱུར་དང་མ་གྱུར་པ་ཐམས་ཅད་ཀྱང་སྐལ་ལྡན་རྣམས་ཀྱིས་དོ་སྣང་བྱེད་གལ་ཏུ་མཆིས་ཤིང་། འདིར་དཔྱད་གཞི་ཙམ་དུ་ཕུལ་ཏེ་རེ་ཞིག་བཏང་སྙོམས་སུ་བསྐྱུར་པ་ཡིན།
          དེས་ན། ལག་ཐོགས་ཀྱི་འགྱུར་རྩོམ་འདི་དག་དང་ལོ་ཙཱའི་གནས་ཚུལ་ལ་རགས་ཙམ་བལྟས་པ་དང་། གུས་པ་རང་ཉིད་དེའི་ཁྲོད་ཀྱི་ལས་ཀ་གང་མང་ཞིག་ལ་ཞུགས་པའི་ཉམས་མྱོང་དཔང་དུ་བཞག་ཚེ། དེར་ཡང་དགེ་སྐྱོན་གཉིས་ལས་སྐྱོན་གྱི་ཤས་ཆེ་བའི་སྣང་ཚུལ་མེད་དམ་སྙམ་པའི་དོགས་བློ་སྐྱེས་བྱུང་། ད་ལྟའི་ཆར། ལོ་ཙཱ་བྱེད་མཁན་དང་ལོ་ཙཱའི་གྲས་སུ་ཞུགས་པ་པོ་ཐམས་ཅད་ཀྱང་སྔོན་དུས་གསེར་བྱེ་ཁུག་མ་བསྣམས་ཤིང་དཀའ་ལས་སྐུ་ཚེགས་ལ་མ་འཛེམས་པར་རྒྱལ་ཁབ་ཕྱི་ནང་འགྲིམས་པའི་ལོ་པཎ་བཀའ་དྲིན་ཅན་དག་དང་ཡེ་ནས་མི་འདྲ་ཞིང་། ལོ་ཙཱ་ཞེས་པ་ནི་ལས་སླ་བོའི་ཡང་སླ་བོ་ཞིག་ཏུ་མཐོང་འདུག དེར་དགེ་རྒན་སངས་རྒྱས་ཀྱིས། ཕྲན་གྱི་བསམ་ཚུལ་དུ། ཡིག་སྒྱུར་ནི་ཆེས་སླ་ཞིང་ཆེས་དཀའ་བའི་རིག་གནས་ལས་ཀ་ཞིག་རེད། ཆེས་སླ་བ་ཡིན་ཟེར་དོན་ནི། རིག་གནས་མི་འདྲ་བ་གཉིས་ཏོག་ཙམ་ཤེས་ཚེ་ཁྱོད་ཀྱིས་ཡིག་སྒྱུར་གྱི་ལས་ཀ་ཕྲན་ཙམ་བྱེད་ནུས་པ་རེད། ཆེས་དཀའ་མོ་རེད་ཟེར་དོན་ནི། ཡིག་སྒྱུར་བྱེད་ཚེ་སྒྱུར་པ་པོ་ལ་ཤེས་བྱ་རྣམ་པ་སྣ་ཚོགས་ཀྱི་དཀའ་གནད་ལ་འཕྲད་ངེས་རེད་ལ། དཀའ་གནད་དེ་དག་དགྲོལ་དགོས་ན་ཐོག་མར་ཁྱོད་ལ་རིག་གནས་གང་དང་གང་ལའང་ཐོས་པ་ཏོག་ཙམ་ཡོད་དགོས་པ་དང་། ཐོས་པའི་སྟོབས་དེ་ལ་བརྟེན་ནས་དཀའ་གནད་དེ་དག་འགྲོལ་བྱེད་ཀྱི་ཐབས་དང་ནུས་པའང་ཡོད་དགོས་པས་ལས་སླ་མོ་ཞིག་ག་ལ་ཡིན་ཏེ་མ་ཡིན་ནོ། །[13]ཞེས་གསུངས་པ་ལྟར། ཡིག་སྒྱུར་གྱི་དཀའ་སླ་གཉིས་ཀྱི་གནད་དོན་ཡིད་ལ་མ་ངེས་ཤིང་། དཀའ་སླ་གཉིས་ལས་སླ་ཆོས་ཀྱི་རིགས་ལ་མངོན་པར་ཕྱོགས་ཏེ། ལོ་ཙཱའི་བཀའ་རྒྱ་དང་ཕྱག་སྲོལ་སོགས་ཀྱང་རིམ་གྱིས་ཉམས་པའི་མུར། གང་འདོད་ཅི་འདོད་དུ་བྱེད་པ་དང་། ལས་ཁུངས་རེ་ལ་འགྱུར་སྲོལ་རེ་སྣང་བའི་དུས་ངན་གྱི་ལྟས་མང་དུ་བདོག་པར་མངོན། དེ་མིན། ལོ་ཙཱའི་དམིགས་གཞི་མི་གསལ་བ་དང་འགྱུར་ཁུངས་མི་དག་པ་དང་འགྱུར་ཡིག་ནོར་བ་དང་དུས་འགྱངས་བྱེད་པ་སོགས་ཀྱི་གནད་དོན་ཅི་རིགས་མཆིས་པ་ཡང་། ལོ་ཙཱ་ཁང་སོགས་ཆེད་ལས་སྡེ་ཁག་དང་ལོ་ཙཱ་མཐུན་ཚོགས་སོགས་གོང་རིམ་ལས་ཁུངས་ཀྱིས་མ་འཇོན་པ་དང་། བྱེ་བྲག་གི་ལས་ཞུགས་པ་རྣམས་ཀྱིས་ལོ་ཙཱའི་སྒྲིག་སྲོལ་དང་བཅས་པ་སྣང་མེད་དུ་བསྐྱུར་པ་ཨེ་ཡིན་ནམ་སྙམ་པའི་དོགས་པ་ཆེ་ཞིང་། འདིར་སྐལ་མེད་སར་སྐེ་སྲིང་བ་དང་མགོ་མི་ཆུད་སར་ལུས་འཚང་བའི་དཔེ་བཞིན་དུ། ས་བཅད་མ་སྟོངས་པ་ཙམ་དུ་གླེང་བསླངས་ཏེ། སྐལ་ལྡན་དོན་གཉེར་ཅན་དག་ལ་གསལ་འདེབས་ཞུས་པའི་ཚུལ་ལོ། །[14]
          དེ་ལྟ་དེ་ལྟར། དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་གི་སྐོར་ལ། རང་ཉིད《སྦྲང་ཆར》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པར་ཡུན་རིང་པོར་བསྡད་པའི་མཐོང་ཐོས་མྱོང་གསུམ་གཙོ་ཆེར་བཏོན་ཐོག དཔྱད་རྩོམ་མཚན་ཉིད་ཅན་ཞིག་འབྲི་བའི་འཇོན་ནུས་མེད་པ་དང་གཅིག དེའི་ཆོ་ག་ཕྱག་ལེན་སྤོང་ཅི་ཐུབ་བྱེད་པའི་རྣམ་པ་དང་གཉིས། ཁ་བརྡའི་ལམ་གྱིས་གོ་བདེ་ཞིང་བོད་རང་གི་སྐད་ཡིག་ཏུ་སྦྱོར་ཅི་ཐུབ་བྱས་པ་དང་གསུམ་བཅས་རེ་ཞིག་རྫོགས་པར་བྱས་སོ། །
          [1] 《བོད་ཀྱི་དྲ་རྒྱའི་རྩོམ་རིག》 རྡོ་རྗེ་ཚེ་རིང་གིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ་བརྒྱད་པར། དེའི་དུས་འཕྲིན་ཕྲན་ད་དུང་དར་མེད། འཕྲིན་ཕྲན་ནི2011ལོའི་ཟླ་དང་པོའི་ཚེས21ཉིན་གསར་དུ་སྤེལ་བ་དང་། བོད་དུ་ཡོངས་ཁྱབ་ཏུ་དར་བའི་དུས་ནི2013ལོའི་རྗེས་སུ་ཡིན་པ་འདྲ།
          [2] 《བོད་ཀྱི་དྲ་རྩོམ་གྱི་བྱུང་རྐྱེན་དང་ཁྱད་ཆོས་མདོ་ཙམ་གླེང་བ》 ཁྲོ་གོ་ཚེ་རིང་གིས་བརྩམས། 2017ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》 དེབ་གཉིས་པར།
          [3] 《བོད་ཀྱི་དྲ་རྒྱའི་རྩོམ་རིག》ཅེས་པར། རྡོ་རྗེ་ཚེ་རིང་གིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ་བརྒྱད་པར།
          [4] 《བོད་ཀྱི་དྲ་རྒྱའི་རྩོམ་རིག》ཅེས་པར། རྡོ་རྗེ་ཚེ་རིང་གིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ་བརྒྱད་པར།
          [5] 《ཆུ་ངོགས་གཏམ་རྒྱུད་རྒྱས་པ》(ཁྱོན་དེབ་བཞི) ཆུ་ངོགས་གཏམ་རྒྱུད་ཡིག་སྒྱུར་ཚོ་ཆུང་།
          བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1978ལོའི་ཟླ་དྲུག་པར་པར་གཞི་དང་པོ་བསྒྲིགས། 1980ལོའི་ཟླ་གསུམ་པར་པར་ཐེངས་དང་པོ་དཔར། 《ཁང་ཆེན་དམར་པོའི་རྨི་ལམ》(ལེའུ་སུམ་ཅུ) བསོད་ནམས་དཔལ་འབྱོར་གྱིས་བསྒྱུར། མི་རིགས་དཔེ་སྐྲུན་ཁང་། 1983ལོར་པར་དུ་བསྐྲུན། 《ཐོག་ཁང་དམར་པོའི་རྨི་ལམ》(ལེའུ་ཉི་ཤུ) ངག་དབང་ཆོས་དར་གྱིས་བསྒྱུར། 1984ལོའི་ཟླ་དྲུག་པ་དང1993ལོའི་ཟླ་བརྒྱད་པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྔ་ཕྱི་ལེའུ་བཅུ་རེ་བྱས་ཏེ་པར་དུ་བསྐྲུན།
          [6] 《ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་དྲི་གཞི་ལྔ་བརྒྱ》(སྟོད་སྨད་ཆ) ཀུན་དགས་བསྒྱུར། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 2000ལོའི་ཟླ་གཉིས་པར།
          [7] 《འོད་འཚེར་བའི་སྐར་མ་དམར་པོ》 ལིས་ཞིན་ཐེན་གྱིས་བརྩམས། དོན་གྲུབ་རྒྱལ་སོགས་ཀྱིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1977ལོའི་ཟླ་དང་པོར། 《སྙན་ངག་གི་རྦ་རླབས》 མ་ལ་ཆིན་ཧྥུའུ་ཡིས་བརྩམས། དོན་གྲུབ་རྒྱལ་གྱིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1979ལོའི་ཟླ་གསུམ་པར། 《གནམ་བདེ་སྒོ་མོ་ཆེའི་སྙན་ཚིག་འདྲ་བཤུས》 ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱིས་བསྒྱུར། མཁར་སྣ་མཁའ་ཁྱབ་བདེ་ཆེན་སོགས་ཀྱིས་ཞུས། མི་རིགས་དཔེ་སྐྲུན་ཁང་། 1979ལོའི་ཟླ་བཞི་པར། 《ཙག་སྒྲ་འཚོང་མཁན་གྱི་བུ་མོ་ཆུང་ཆུང》 སུང་ཀོང་ཀྲིན་གྱིས་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1979ལོའི་ཟླ་དགུ་པར། 《འདྲེ་འབོད་རྐང་གླིང》 ཐུང་ཀྲིན་ཨིན་གྱིས་བརྩམས། དོན་གྲུབ་རྒྱལ་གྱིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ་དྲུག་པར། 《འཛམ་གླིང་བྱིས་པའི་སྒྲུང་གཏམ་ལེགས་བཏུས》 ལུའུ་དབྱི་སི་མར་ཤུར་གྱིས་བརྩམས། བཀྲ་ཤིས་སྒྲོལ་མས་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1981ལོའི་ཟླ་ལྔ་པར། 《ཕྱི་གླིང་བའི་སྒྲུང་ཐུང་ཕྱོགས་བསྒྲིགས》 སངས་རྒྱས་ཀྱིས་བདམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ་བཅུ་པར། 《ཐང་སིན་བླ་མའི་རྟོགས་བརྗོད》 ཨུ་ཆིན་ཞན་གྱིས་བསྒྲིགས། དོན་ཡོད་རྣམ་རྒྱལ་གྱིས་བསྒྱུར། 1987ལོའི་ཟླ་ལྔ་པར། 《ཕྱི་རྒྱལ་གྱི་བྱིས་སྒྲུང་བདམས་བསྒྲིགས》 པེ་ཅིན་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་བྱས། བློ་བསྟན་གྱིས་བསྒྱུར། རྡོ་རྗེ་རྒྱལ་པོས་ཞུས། 1987ལོའི་ཟླ་དགུ་པར། 《ཕྱི་གླིང་རྩོམ་རིག་གཅེས་བསྡུས》 འབྲུག་མོ་སྐྱིད་ཀྱིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2001ལོའི་ཟླ་དང་པོར། 《བསྒྱུར་རྩོམ་མུ་ཏིག་ཕྲེང་མཛེས》 《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2001ལོའི་ཟླ་དྲུག་པར། 《འགྱུར་རྩོམ་དབྱངས་ཅན་དགྱེས་པའི་གླུ་དབྱངས—སངས་རྒྱས་སྙན་ངག་འགྱུར་རྩོམ་ཕྱོགས་བསྒྲིགས》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་ཟླ་བཅུ་གཉིས་པར། 《ཁྱིམ་གཞིས》པཱ་ཅིན་གྱིས་བརྩམས། སྐལ་བཟང་དགྲ་འདུལ་གྱིས་བསྒྱུར། མི་རིགས་དཔེ་སྐྲུན་ཁང་། 2009ལོའི་ཟླ་བཅུ་གཉིས་པར། 《2011ལོའི་བསྒྱུར་རྩོམ》 བསོད་ལོས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ་བཅུ་པར། ཞེས་པ་ནི་དཔེར་མཚོན་ཙམ་དུ་དྲངས་པའོ། །
          [8] 《ཨ་ཧྥན་ཐིས་ཀྱི་གཏམ་རྒྱུད》 འཇིགས་རྡོར་དང་བན་ཁོས་བསྒྱུར། 《མཇུག་མཐའི་སློབ་ཐུན་གཅིག》 མཁའ་འགྲོ་རྒྱལ་གྱིས་བསྒྱུར།
          [9] 《2011ལོའི་བསྒྱུར་རྩོམ》 བསོད་ལོས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
          2012ལོའི་ཟླ་བཅུ་པར། 《ཕ་རི་སིའི་འཕགས་མའི་ཆོས་གྲྭ》 ཡུ་གོས་བརྩམས། སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར། 《རྡུལ་འཚུབ་ལང་ལོང》 ཨ་ལེགས་ཀྱིས་བརྩམས། ཆོས་སྐྱོང་གིས་བསྒྱུར། 《གསང་མྱུལ》 ལིའུ་ཆིང་པང་གིས་བརྩམས། ཚེ་གྲུབ་ཀྱིས་བསྒྱུར། 《གསང་མྱུལ》 ལའོ་ཝེ་ཀྲང་གིས་བརྩམས། རྒྱལ་མཚན་གྱིས་བསྒྱུར། 《འགྲུལ་བཞུད་ལམ་གྱི་ཤུགས་གླུ》 བསོད་བྷོས་བསྒྲིགས། ཕུན་ཚོགས་རྒྱལ་གྱིས་བསྒྱུར། 《ཐོག་ཁང་དམར་པོའི་རྨི་ལམ》 ཚའོ་ཞའེ་ཆིན་གྱིས་བརྩམས། རིག་འཛིན་ཚེ་རིང་གིས་བསྒྱུར། 《ཆུ་ངོགས་གཏམ་རྒྱུད》 ཝུའུ་ཀོན་ཀྲོན་གྱིས་བརྩམས། ནག་པོ་སྐལ་བཟང་གིས་བསྒྱུར། 《ཉིན་རེར་སེམས་ལ་ལྷོད་གཡེང་ཞིག་སྟེར》 ཐང་ཡོན་གྱིས་བརྩམས། དཔལ་ལྡན་གྱིས་བསྒྱུར། 《རྟ་འཚེར་རི་བོའི་ཁྲག་དམར་གྱི་དོན་རྐྱེན》 ལས་རབ་ཀྱིས་བསྒྱུར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
          2011ལོའི་ཟླ་དྲུག་པར། 《འཛམ་གླིང་གསུང་རྩོམ་གྲགས་ཆེན་བོད་འགྱུར་དཔེ་ཚོགས》 《ཁ་བའི་རྒྱལ་ཁམས》 ཁྲོན་ཏོན་ཁང་ཁྲིན་གྱིས་བརྩམས། ཀླུ་ཚང་བླ་མ་རྒྱལ་གྱིས་བསྒྱུར། 《བྱོལ་སོང་གཞིས་ཀ》 འཇོར་ཇི་ཨོར་ཝེལ་གྱིས་བརྩམས། རྡོ་རྗེ་ཚེ་བརྟན་གྱིས་བསྒྱུར། 《ནུབ་པར་གྱུར་པའི་ཞིང་ཁམས》 འཇེམ་སི་ཞུས་ཨར་ཏུན་གྱིས་བརྩམས། གཉལ་བུ་བཟང་དགྲ་འདུལ་གྱིས་བསྒྱུར།《ནད་ཁང་ཨང་དྲུག་པ》 ཆི་ཁི་ཧྥུ་ཡིས་བརྩམས། རྭ་ཅོ་ནག་པོས་བསྒྱུར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ་བཅུ་པར། 《 ཕུའུ་ཞི་ཀིན་གྱི་སྙན་ངག་གཅེས་བསྡུས》 རེ་རྐང་གླིང་གིས་བསྒྱུར། 《པེ་རོན་གྱི་སྙན་ངག་གཅེས་བསྡུས》 དཔའ་རྩེ་སོགས་ཀྱིས་བསྒྱུར། 《ཀིར་ཐི་ཡི་སྙན་ངག་གཅེས་བསྡུས》 ཁྱུང་ཐར་རྒྱལ་གྱིས་བསྒྱུར། 《ཐེ་ཀོར་གྱི་སྙན་ངག་གཅེས་བསྡུས》 སྒྲེན་པོས་བསྒྱུར། 《ཤེལ་ལེ་ཡི་སྙན་ངག་གཅེས་བསྡུས》 ན་རོས་བསྒྱུར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017ལོའི་ཟླ་བཞི་པར། ཞེས་པ་ནི་དཔྱད་གཞིར་མཁོ་བ་རྣམས་ལ་དམིགས་ཏེ་དཔེ་མཚོན་ཙམ་དུ་དྲངས་པ་ཡིན།
          [10] 《རྒྱལ་བ་གཉིས་པ》 རྒྱ་བོད་ཤན་སྦྱར་གྱི་རྩོམ་རིག་ཀློག་དེབ། 《མི་རིགས་རྩོམ་རིག》དུས་དེབ་ཁང་གིས་བསྒྲིགས། ཀྲུང་གོའི་དཔེ་སྐྲུན་ཚོགས་པ། 2017ལོའི་ཟླ་དང་པོར།
          [11] 《ཀྲུང་གོའི་དེང་རབས་རྩོམ་རིག་བརྩམས་ཆོས་གཅེས་བཏུས》 སྒྲུང་གཏམ་དེབ་སྟོད་སྨད་ཆ་དང་། སྙན་ངག་དེབ། ལྷུག་རྩོམ་དེབ། སྙན་ཞུ་རྩོམ་རིག་དེབ་བཅས་བསྡོམས་པས་ལྔ་སྟེ། སྤྱི་ལོ2012ལོ་ནས2016ལོའི་བར་ཁྱོན་དེབ་སུམ་ཅུ་པར་སྐྲུན་བྱས། རྩོམ་པ་པོ་དཔེ་སྐྲུན་ཁང་། ཞེས་པ་ནི་དཔྱད་གཞིར་མཁོ་བ་རྣམས་ལ་དམིགས་ཏེ་དཔེ་མཚོན་ཙམ་དུ་དྲངས་པ་ཡིན།
          [12] མི་སྒེར་གྱི་སྐོར་ལ《བོད་འགྱུར་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་དཔེ་ཚོགས》 པོད་ཉི་ཤུ་བཞུགས་པ་ལྟ་བུའོ། །མགོ་ལོག་རྣམ་རྒྱལ་གྱིས་བསྒྱུར། མི་རིགས་དཔེ་སྐྲུན་ཁང་། 2011ལོ་ནས2013ལོའི་བར་པར་དུ་བསྐྲུན། ཞེས་པའང་དཔྱད་གཞིར་མཁོ་བ་རྣམས་ལ་དམིགས་ཏེ་དཔེ་མཚོན་ཙམ་དུ་དྲངས་པའོ། །
          [13] 《འགྱུར་རྩོམ་དབྱངས་ཅན་དགྱེས་པའི་གླུ་དབྱངས—སངས་རྒྱས་སྙན་ངག་འགྱུར་རྩོམ་ཕྱོགས་བསྒྲིགས》ཞེས་པའི་སྔོན་འགྲོའི་གཏམ་དུ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་ཟླ་བཅུ་གཉིས་པར།
          [14]ཤེས་འདོད་རྣམས་ཀྱིས《བོད་ཀྱི་ཡིག་སྒྱུར་ལོ་རྒྱུས》ལས་ལེའུ་དྲུག་པའི《བཅིངས་འགྲོལ་ཚུན་གྱི་བོད་ཀྱི་ཡིག་སྒྱུར》ཞེས་པར་གཟིགས་པར་འཚལ། ཞལ་ལྕེ་ལྷག་པ་ཚེ་རིང་གིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ་བཅུ་གཅིག་པར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1