༄༅། །སྐད་ཡིག་གི་ཆགས་འཇིག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-17


1
དབྱིན་ ཇི་རྒྱལ་ཁབ་ཀྱི་མན་ཁྲི་སི་ཐི་སློབ་ཆེན་གྱི་གྲོས་བསྡུར་བྱ་གཞིའི་ཚན་རིག་ཞིབ་ འཇུག་ཚོགས་པས་ཞིབ་འཇུག་བྱས་པ་ལྟར་ན། 2050ལོའི་སྔོན་དུ་སའི་གོ་ལའི་སྟེང་གི་མིའི་རིགས་ཀྱི་སྐད་རིགས་བརྒྱ་ཆ་90ལྷག་མེད་པར་འགྱུར་བའི་ཉེན་ཁ་འདུག་ཟེར། སའི་གོ་ལའི་སྟེང་དུ་སྐད་རིགས་6000 ལྷག་ཡོད་པ་ལས་དེའི་ཁྲོད་ཀྱི་སྐད་རིགས་བརྒྱ་ཆའི་4ནི་རྒྱུན་བཀོལ་ གྱི་སྐད་ཆར་གཏོགས་ལ་དེ་བཀོལ་སྤྱོད་བྱེད་མཁན་ནི་ས་གོ་ལ་ཧྲིལ་བོའི་ མི་གྲངས་ཀྱི་བརྒྱ་ཆ་96ལྷག་ཟིན་ཡོད། དབྱིན་ཇིའི་སྐད་རིགས་ཆེད་མཁས་པ་དག་གིས་མིའི་རིགས་ཀྱི་སྐད་རིགས་དག་ནི་སྲོག་ ཆགས་རྩ་ཆེན་སྲུང་སྐྱོབ་བྱེད་པ་བཞིན། སྲུང་སྐྱོབ་བྱེད་ དགོས་པའི་སྐུལ་མ་དང་རེ་འབོད་བྱས་འདུག ཁོང་ཚོའི་བཤད་པ་ལྟར་ ན་མིག་སྔར་འཇིག་པའི་ཉེན་ཁ་ཆེས་ཆེ་བ་ནི། ཐོ་ཧྥའི་སྐད་དང་། ལོ་མྰན་གྱི་སྐད་སོགས་ཁོངས་སུ་གཏོགས་པའི་སྐད་རིགས་ཁག་ཅིག་རེད་་ ཟེར། དེའི་ནང་གི་ཐོ་ཧྥའི་སྐད་ནི་ཞི་པོ་ལིས་ཡ་ས་ཁུལ་དུ་འཚོ་སྡོད་ བྱེད་བཞིན་པའི་ཤྭ་གསོ་བ་དང་། རི་དྭགས་རྔོན་པའི་མི་གྲངས་60 ལྷག་ལས་བཀོལ་སྤྱོད་བྱེད་མཁན་མེད་ལ། ལོ་མྰན་གྱི་སྐད་ནི་ད་ལྟ་ཕལ་ཆེར་ སྤྱོད་མཁན་མི་གཅིག་ཀྱང་མེད་པར་གྱུར་འདུག་ཟེར། 
2
བོད་གངས་ཅན་པའི་སྐད་དང་ཡི་གེ་ལའང་། གོང་གི་ཉེན་ཁ་དེ་དག་མི་ ཡོང་བའི་ངེས་པ་མེད་ལ། ཉེན་ཁ་དེ་དག་ད་ལྟ་ནས་སྔོན་འགོག་བྱ་བའི་ ཐབས་ལ་ལ་བརྩོན་པ་ནི་དུས་སུ་བབས་པའི་བྱ་བ་ཞིག་ཏུ་མཐོང་། བོད་
རིགས་ཀྱི་མཁས་བླུན་སུ་ཞིག་ཡིན་ཡང་སྐད་ཡིག་ནི་མི་རིགས་ཀྱི་“བླ་སྲོག་”ཡིན་ ཞེས་མགྲིན་གཅིག་ཏུ་སྒྲོག་པ་ལྟར། དོན་ལའང་གཞན་སྐད་ཀྱིས་ མ་ལྷད་པའི་རང་གི་སྐད་དང་། ཡི་གེ་བཀོལ་སྤྱོད་ཀྱི་ཐོག་ནས་ལག་ ལེན་ལག་ཏུ་ཐེབས་པ་ཞིག་གལ་ཆེ་བར་འདུག།དཔེར་ན་མི་རེ་རེ་ནས་ཀྱང་གཞན་སྐད་མ་འདྲེས་པའི་རང་སྐད་གཙང་མ་རང་གིས་སྤྱོད་པ་ཤིན་ཏུ་གལ་ཆེ་སྟེ། དུས་ རབས་གསར་བའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྲོད་ནས་བྱུང་བའི་དངོས་པོ་གསར་བ་དག་ གི་མིང་། མཁས་དབང་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་བསྒྲིགས་པའི་《རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་》ནང་གི་འགྲིམ་འགྲུལ་ཡོ་བྱད་ཀྱི་སྐོར་དང་། གློག་ཆས་ཀྱི་སྐོར་དང་། འབྲེལ་ དྲྭའི་སྐོར་དང་། འཕྲིན་ཆས་ཀྱི་སྐོར་དང་། རྩིས་འཕྲུལ་གྱི་སྐོར་དང་། ཉེར་སྤྱོད་གསར་བའི་སྐོར་སོགས་མང་པོ་ཞིག་སྤྱི་སྐད་དུ་གཏན་ལ་ཕབས་ཡོད་པ་དེ་དག་རེ་རེ་ནས་བཀོལ་སྤྱོད་བྱས་ཏེ། ལོ་མྰན་སྐད་ཀྱི་རྗེས་སུ་མ་སོང་བ་ཞིག་ཅིས་ཀྱང་བྱེད་དགོས། 
3
ད་ ལྟའི་གནས་བབས་ལ་བལྟས་ན་ང་ཚོའི་མི་རིགས་འདི་མཐུན་འབྲེལ་གྱིས་སྟོབས་ཤུགས་ གཅིག་ཏུ་བསྡོམས་ཏེ། རང་ཉིད་རང་གིས་སྲུང་སྐྱོབས་མ་བྱས་ན། མི་རིགས་གཞན་གྱི་གཉའ་གནོན་དང་། དབང་སྒྱུར་གྱི་འོག་ནས་ཇི་ལྟར་ཁྱུར་མིད་བྱེད་ཀྱི་ཡོད་པའང་ཤེས་དཀའ། ཞིབ་ཏུ་བསམ་བློ་ རེ་བཏང་ན། ང་ཚོའི་བོད་ཀྱི་མཁས་བླུན་བར་གྱི་མི་ཐམས་ཅད་ཀྱིས། འཚོ་བའི་ཁྲོད་ཀྱི་སྐད་ཆ་ཅི་ཞིག་བཤད་ཀྱང་གཞན་སྐད་མ་འདྲེས་པ་ཞིག་ཕལ་ཆེར་མེད་ལ། ད་དུང་ཐ་སྙད་འགའ་ཞིག་རང་སྐད་དང་གཞན་སྐད་གང་ཡིན་གྱི་དབྱེ་བ་འང་འབྱེད་ཐུབ་ཀྱིན་མེད། དཔེར་ན། ཉེ་ཆར་ལས་བྱེད་པ་སྐོར་ཞིག་ ཞིང་འབྲོག་གི་ས་ཆ་ཞིག་ནས་ཁྱིམ་ཐོ་བསྡུས་པར། འབྲོག་པའི་རྒན་མོ་ ཞིག་ལ། ལས་བྱེད་པས་“ཁྱིམ་ཐོ་ཁྱེར་ཤོག་”ཅེས་བོད་སྐད་ཀྱིས་སྨྲས་པ་ ན། ཁྱིམ་བདག་མས་“ཁྱིམ་ཐོ་ཟེར་བ་ཅི་ཞིག་རེད་”ཟེར། ཡང་ལས་ བྱེད་པ་གཅིག་གིས་རྒྱ་སྐད་ཀྱིས་“户口“ཞེས་སྨྲས་པར། ཁྱིམ་བདག་ མ་དེས་ད་གཟོད་ཧ་གོ་བ་ལྟར་གྱིས། “འོ། བོད་སྐད་ཀྱིས་ཤོད་མ་གཏོགས་ རྒྱ་སྐད་དེ་དག་ཧ་མི་གོ་གི་ཟེར།“ དེར་ཡོད་ལས་བྱེད་པ་ཚང་མ་གད་མོ་ ཤོར། གོང་གི་ཁྱིམ་བདག་རྒན་མོ་དེས་རྒྱ་སྐད་ལ་བོད་སྐད་དུ་འཁྲུལ་བ་ དེ་གང་གིས་ལན་པ་རེད་ཟེར་ན། དེ་ནི་གཅིག་ནས་ང་ཚོའི་བོད་སྐད་ཀྱི་ ཐོག་ནས་ཁྱིམ་ཐོ་ལ་མིང་ཞིག་མ་བཏགས་པས་ལེན་པ་དང་། གཉིས་ནས་ མི་རིགས་གཞན་གྱི་གཉའ་གནོན་འོག་ནས་གཞན་སྐད་ཀྱི་མིང་དེ་བེད་སྤྱོད་ བྱེད་ཆེ་བའི་སྟབས་ཀྱིས། དེ་ནི་བོད་སྐད་ཞིག་རེད་སྙམ་གྱིན་ཡོད་ པ་སྟེ། རང་སྐད་དང་གཞན་སྐད་གང་ཡིན་ཤེས་ཀྱིན་མེད་པའི་གནས་ ཚུལ་ཡ་ང་བ་དངོས་མཐོང་འདི་ལྟ་བུ་འབྱུང་གི་ཡོད། 
4
གཞན་ཡང་བོད་ཁུལ་གྱི་སློབ་གྲྭ་ག་གེ་མོ་ཞིག་ནས་བོད་རིགས་ཀྱི་སློབ་་མ་ཉི་ཤུ་རྩ་ལྔ་དཔེ་མཚོན་བྱས་ནས་ཞིབ་དཔྱོད་བྱས་པ་ལྟར་ན། བོད་སྐད་ཀྱི་ཐོག་ནས་གླེང་མོལ་བྱེད་ཐུབ་མཁན་མི་ལྔ་ལས་མེད་པ་ལྟ་བུ་རེད། དེ་་དག་ནི་ང་ཚོའི་མི་རིགས་འདིའི་སྐད་ཡིག་ཐོ་ཧྥའི་སྐད་དང་། ལོ་མྰན་གྱི་ སྐད་ལྟར་ཉམས་རྒུད་དུ་འགྲོ་བའི་སྔ་ལྟས་ཞིག་མ་ཡིན་ནམ། དེ་བས་ཐབས་བརྒྱ་ཇུས་སྟོང་གིས་རང་མི་རིགས་ཀྱི་སྐད་ཡིག་གཅེས་འཛིན་དང་བཀོལ་ སྤྱོད་བྱེད་དགོས། སྐད་ཡིག་ལ་བསྲེ་ལྷད་འདྲེས་པའམ་ཡང་ ན་མི་རིགས་གཞན་གྱི་སྐད་ཀྱིས་གནོན་ཤུགས་ཐེབས་པ་གང་རུང་གིས་ཉམས་རྒུད་ཐེབས་ཚེ། ཕྱི་དངོས་པོའི་སྟེང་ནས་ཡར་རྒྱས་ཅུང་སོང་ཡང་། མི་ རིགས་ཀྱི་“བླ་སྲོག”་སྐད་ཡིག་གི་གཞི་རྩ་མེད་པར་གྱུར་ན། མི་རིགས་དེ་ནི་མིང་ཙམ་དུ་གྱུར་པ་རེད། 
སྐད་དང་ཡི་གེ་གཉིས་པོ་ནི་མི་རིགས་སུ་ཞིག་ཡིན་ཡང་ཐམས་ཅད་ཀྱི་རྩ་བར་ ངེས་པ་དང་། ང་ཚོ་བོད་མི་རིགས་ལ་མཚོན་ནའང་བོད་སྐད་དང་། བོད་ཡིག་གཉིས། བོད་ཀྱི་རིག་གཞུང་། ཡུལ་སྲོལ། གོམས་གཤིས། ལོ་རྒྱུས་སོགས་ཡོད་ཚད་ཀྱི་རྟེན་གཞིར་གྱུར་པ་ཡིན་པས། གལ་སྲིད་ཁྱོད་ལ་རང་སྐད་གཙང་མ་སྨྲ་བར་བྱེད་པའི་རོ་འཛིན་དང་བྲལ་ཞིང་། གཞན་སྐད་ཉག་ཉོག་ལད་ཟློས་བྱེད་པའི་སྤྲེལ་ལད་ལ་དགའ་ཚེ། ཡུལ་སྲོལ་དང་གོམས་གཤིས་སོགས་ཀྱང་གཞན་གྱི་གནོན་ཤུགས་འོག་ཏུ་ཚུད་ན། ཕྱི་དངོས་པོའི་སྟེང་ནས་ཡར་རྒྱས་ཅུང་ཟད་ཕྱིན་པ་ལྟར་དུ་སྣང་ཡང་དོན་ལ་མི་རིགས་དེ་ཉིད་ངོ་བོ་གཞན་ཞིག་ཏུ་གནས་འགྱུར་བ་ཡིན་པ་མ་གཏོགས། རང་མི་རིགས་ཡར་རྒྱས་ཕྱིན་པ་ག་ལ་ཡིན། དེ་དག་ནི་མི་རིགས་འགའ་ཞིག་གི་སྐད་ཡིག་མཇུག་རྫོགས་པ་དང་རྫོགས་ལ་ཉེ་བ་དེ་དག་དང་འདྲ་་བར། རང་མི་རིགས་ཀྱི་སྐད་དང་ཡི་གེ་ཡང་རྫོགས་ཚིག་འབྲི་ལ་ཉེ་བའི་སྔོན་བརྡ་ཞིག་གོ། 
5
མི་རིགས་ཞིག་ལ་མཚོན་ན། སྐད་ཡིག་ནི་ཡོད་ཚད་ཀྱི་བརྟེན་གཞིར་གྱུར་ པ་ཡིན་པས་ན། གལ་སྲིད་སྐད་དང་། ཡི་གེ་ཉམས་རྒུད་དང་། འཇིག་ པར་གྱུར་ཚེ་དེ་ལ་བརྟེན་པའི་རིག་གནས་མཐའ་དག་ནུབ་པར་འགྱུར་བ་མ་ཟད། མི་རིགས་དེའང་མིང་ཙམ་དུ་འགྱུར་བ་རེད། ཨ་ མེ་རི་ཁའི་ཨ་ར་སི་ཁ་སློབ་གྲྭ་ཆེན་མོའི་སྐད་རིག་པ་བ་ཁི་རོ་སི་Michael krauss.སོགས་སྐད་རིག་པ་དུ་མས་ལོ་བརྒྱའི་རྗེས་སུ། མིའི་ རིགས་ཀྱི་སྐད་ལས་བརྒྱ་ཆ་ལྔ་བཅུ་ཙམ་ཞིག་ནུབ་ནས་མེད་པར་འགྱུར་་ཞེས་བཤད་པ་ལྟར་ ཉིན་ཞག་རེ་རེ་དང་། གཟའ་འཁོར་རེ་རེའི་འཁོར་
བསྐྱོད་ཁྲོད་ནས་ཀྱང་མིའི་རིགས་ཀྱི་སྐད་ཡིག་འཇིག་བཞིན་ཡོད། དེ་བཞིན་དུ་བོད་གངས་ཅན་གྱི་སྐད་ཡིག་དག་ཀྱང་རིམ་བཞིན་འཇིག་པར་འགྱུར་བའི་ཉེན་ཁ་ཧ་ཅང་ཆེ་ན། ང་ཚོའི་ད་ལྟ་ནས་ཐབས་ཚུལ་སྣ་ཚོགས་ ཀྱིས་ཉེན་ཁ་དེ་དག་སྔོན་འགོག་བྱེད་རྒྱུ་ནི། མ་འོངས་བར་ས་སྒང་འདིའི་ སྟེང་དུ་བོད་ཀྱི་སྐད་ཡིག་གནས་ཐུབ་མིན་ལ་འབྲེལ་བ་ཟབ་མོ་ཡོད་པ་ཞིག་རེད། རྒྱུ་མཚན། ས་སྒང་འདིར་བོད་མི་རིགས་ཀྱི་སྐད་ཡིག་མ་འོངས་བར་ གནས་ཐུབ་པ་བྱེད་དགོས་ན་ངེས་པར་དུ་“སྔོན་འགོག་“དང་། “བསྲུང་སྐྱོབ“། “འཛིན་སྐྱོང་“གི་ཐབས་ཚུལ་འདི་གསུམ་ལ་བརྟེན་དགོས་པ་ཡིན་པས་སོ། ། 
བོད་མི་རིགས་ཀྱི་སྐད་ཡིག་གཉིས་མ་འོངས་བར་ཇི་ལྟར་སྲུང་སྐྱོབ་དང་་འཛིན་སྐྱོང་བྱེད་པར་ཆོལ་ཁ་གསུམ་གྱི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྦྲེལ་ཏེ། ནུས་པ་ཡོད་དགུ་འདོན་རྒྱུ་ནི་ངས་མ་བཅོས་ སེམས་ཀྱི་འབོད་སྐུལ་ཞུ་བ་ལགས་སོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1