ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག་ལ་གྲོས་ཞིབ་གནང་།
རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-29
ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཟླ་12པའི་ཚེས་27ཉིན་གྲོས་ཚོགས་སྐོང་འཚོགས་གནང་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག་ལ་གྲོས་ཞིབ་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད།
གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག་གིས་ཏང་ནང་ཁུལ་གྱི་གཞི་རྩའི་ཁྲིམས་སྲོལ་གྱི་རྣམ་པའི་ཐོག་ནས། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུའི་ཐད་གཏན་འབེབས་བཟོས་པ་དང་། ཏང་གིས་དུས་ཡུན་རིང་པོའི་ནང་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱས་པའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་དེ་ལམ་ལུགས་ཀྱི་གྲུབ་འབྲས་ལ་སྒྱུར་ཡོད། དེ་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པ་དང་། ཁྲིམས་ལྟར་རྒྱལ་ཁབ་བདག་སྐྱོང་དང་སྒྲིག་སྲོལ་ལྟར་ཏང་བདག་སྐྱོང་གཅིག་གྱུར་དམ་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་གནང་ཡོད།
གྲོས་ཚོགས་ཐོག ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་ཀའི་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱེད་པར། ཆ་འགྲིག་གི་གཏན་འབེབས་བཟོ་དགོས་པ་དང་། ལམ་ལུགས་སྒྲིག་སྲོལ་གྲུབ་ཚུལ་འཐུས་ཚང་གཏོང་དགོས་ཤིང་། འགག་རྩ་ནི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དང་། མཐའ་གཅིག་ཏུ་ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་ཉན་པ། མཐའ་གཅིག་ཏུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས། སྲིད་ཁྲིམས་ལས་དོན་ཁ་ཕྱོགས་ཡང་དག་པའི་ཕྱོགས་སུ་མདུན་དུ་བསྐྱོད་རྒྱུར་འགན་ལེན་བྱེད་རྒྱུ་དེ་ཡིན། རིག་ཁག་ཏང་ཨུད་ཀྱིས་ས་ཁུལ་དེ་གའི་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། སྲིད་ཁྲིམས་ལས་དོན་ཁྲོད་ཀྱི་གལ་ཆེའི་གནད་དོན་ཞིབ་འཇུག་ཐག་གཅོད་ཡག་པོ་བྱེད་དགོས། ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་བྱེད་པ་དང་། གཅིག་གྱུར་འཆར་འགོད་མཐུན་སྦྱོར་བྱེད་པ། དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་སྤྱི་འདོམས་བྱ་རྒྱུ་སོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་ཙུའུ་དང་ཏང་ཨུད་ནས་ལས་ཁུངས་དེ་གའི་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། འགན་འཁྲི་ལག་བསྟར་ཡག་པོ་བྱ་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ནི་གཅིག་གྱུར་ཡིན་པ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཚེ། མི་དམངས་ཀྱི་རང་ཁྱིམ་རང་བདག་གཞི་ནས་མངོན་འགྱུར་གང་ལེགས་ཡོང་ཐུབ་པ་དང་། རྒྱལ་ཁབ་དང་སྤྱི་ཚོགས་འཚོ་བ་ལམ་ལུགས་ཅན་དང་། ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་གཞི་ནས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཐུབ། ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་ཚུགས་གཞུང་དྲང་ངང་འགན་དབང་སྤྱོད་རྒྱུར་འགན་ལེན་བྱ་རྒྱུ་ནི། ཏང་གི་འདོད་ཚུལ་ངེས་གསལ་ཡིན། རིམ་པ་ཁག་གི་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་ཚུགས་་གཞུང་དྲང་ངང་འགན་དབང་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། སྲིད་ཁྲིམས་ཚན་པ་ཁག་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་རང་ཚུགས་འགན་འཁུར་དང་། མཐུན་སྦྱོར་གཅིག་གྱུར་ཐོག་ནས་ལས་དོན་སྒྲུབ་རྒྱུར་རྒྱབ་སྐྱོར་བྱ་དགོས་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་གནང་ཡོད་པ་རེད།