གཡག་རྔ་ནས་དར་མདོའི་བར་གྱི་མྱུར་ལམ་དུ་རླངས་འཁོར་ཤར་གཏོང་ཚོད་ལྟ་བྱེད་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-02


        2018ལོའི་སྤྱི་ཟླ12པའི་ཚེས31ཉིན་གྱི་སྔ་དྲོའི་ཆུ་ཚོད8དང་སྐར་མ30ལ་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཚོད་ལྟ་བྱེད་འགོ་བཙུགས་པ་རེད། མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་དེ་ནི་དཀར་མཛེས་ཁུལ་སྲིད་གཞུང་གནས་ཡུལ་ཏེ་དར་མདོ་གྲོང་ཁྱེར་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་ཀྱི་མཇུག་བསྒྲིལ་བ་རེད།

        དེ་དང་དུས་མཚུངས་སུ་སྤྲིན་གསེང་ནས་ཐོན་པའི་མཁའ་ལམ་འདི་བསྐྲུན་པ་དེས་སི་ཁྲོན་མྱུར་བགྲོད་གཞུང་ལམ་ཀླུང་ཐང་ནས་མཐོ་སྒང་དུ་མཆོང་སྐྱོད་ཡོང་བ་དང་སི་ཁྲོན་མྱུར་བགྲོད་གཞུང་ལམ་གྱི་བཟོ་སྐྲུན་ནུས་པ་མཆོང་སྐྱོད་ཡོང་བར་མངོན་འགྱུར་བྱུང་བར་མཚོན་པ་རེད། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ལོ་བཞི་ལྷག་ཙམ་རིང་ལ་འབད་བརྩོན་བྱས་པར་བརྒྱུད། ལྕགས་ཟམ་ཁ་ནས་དར་མདོ་བར་གྱི་ཨར་ལས་ཀྱི་འཛུགས་སྐྲུན་ལས་འགན་ཁག་ལེགས་འགྲུབ་བྱུང་ནས་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐུབ་པ་དང་། ཟླ་བ9སྔར་སྣུར་བྱས་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད། 
        གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ལྕགས་ཟམ་ཁ་ནས་དར་མདོ་བར་གྱི་གཞུང་ལམ་ནི་རྒྱལ་ཁབ་ཀྱི་གཞུང་ལམ་དྲ་བའི་གཡག་རྔ་ནས་ཤིན་ཅང་ཡེ་ཁྲེང(G4218)བར་གྱི་འབྲེལ་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། སི་ཁྲོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་དྲ་བའི་འཆར་འགོད་ཁྲོད་ཀྱི་ཤར་ནུབ་སྦྲེལ་བའི་གཞུང་ལམ་ལྔ་ལས་དར་མདོ་ནས་ལུའུ་ཀྲོའུ་བར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། 
        མེས་རྒྱལ་ནང་ལོགས་ནས་བོད་ཁུལ་དུ་སྐྱོད་པ་དང་། བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་པའི་ལམ་ཆེན་ཞིག་ཀྱང་ཡིན་པ་རེད། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ལྕགས་ཟམ་ཁ་ནས་དར་མདོ་བར་གྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཁྲེང་ཏུའུ་ནས་དར་མདོ་བར་ཆུ་ཚོད་གསུམ་དང་ཕྱེད་ལས་མི་འགོར་བ་རེད། 

        གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ལྕགས་ཟམ་ཁ་ནས་དར་མདོ་བར་གྱི་གཞུང་ལམ་ནི2014 ལོའི་སྤྱི་ཟླ9པར་དངོས་སུ་ལས་འགོ་ཚུགས་པ་དང་། ཕར་འགྲོ་ཚུར་འོང་གི་ལམ་གཉིས་ལ་རླངས་འཁོར་བཞི་གཤིབ་རྒྱུག་ཆོག་པ་དང་། ཆུ་ཚོད་རེར་རླངས་འཁོར་མྱུར་ཚད་སྤྱི་ལེ80རྒྱུག་ཆོག་པའི་ཚད་གཞི་ལྟར་ཇུས་འགོད་བྱས་ཡོད། ཨར་ལས་དུས་ཡུན་ལོ་ལྔ་ཡིན་ཞིང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར63 བཏང་ཡོད། ཨར་ལས་འཛུགས་སྐྲུན་དེ་ལ་རིགས་གཅིག་མཁས་ཅན་དང་ཡོན་རམས་པ་ཚོས་གཞུང་ལམ་འཛུགས་སྐྲུན་ཐོག་དཀའ་ཚེགས་ཆེས་ཆེ་བ་ཇོ་མོ་གླང་མར་འཛེག་པ་ནང་བཞིན་རེད་ཅེས་དཔེ་མཚོན་བཀོད་པ་རེད།  

        ལྕགས་ཟམ་ཁ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ40ཡོད་པ་དང་། དེའི་ནང་ལ་ཕུག་ལམ9དང་ཟམ་པ11ཡོད། ད་ལྟ་ཨར་ལས་དེར་རྒྱལ་ཁབ་ཀྱི་ཆེད་ཕན8རེ་ཞུ་བྱས་ཡོད་ཅིང་། ཆེད་ཕན3རེ་ཞུ་ལམ་ལྷོངས་བྱུང་ཡོད་ལ། དེ་མིན་གྱི་ཆེད་ཕན12རེ་ཞུ་བྱེད་སྒང་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1