༄༅།། བོད་ལུགས་སྲོལ་རྒྱུན་རི་མོའི་བརྩམས་ཆོས་འགའི་མཚོན་དོན་ལ་རག་ཙམ་དཔྱད་པ།

སྟག་ལྷ་མཁས་གྲུབ་རྒྱ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 01-03


སྟག་ལྷ་མཁས་གྲུབ་རྒྱ་མཚོ།

          དེ་ཡང་བོད་ལུགས་རི་མོ་ནི་འཛམ་གླིང་ཤར་ཕྱོགས་མཛེས་རྩལ་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། དེར་ཐུན་མོང་མ་ཡིན་པའི་ཁྱད་ཡོན་དུ་མས་ཕྱུག་པས་རྒྱལ་ཁབ་ཕྱི་ནང་དུ་སློབ་སྦྱོང་དང་ཞིབ་འཇུག་གནང་མཁན་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད།  སྐབས་བབས་ཀྱི་བརྗོད་དོན་ནི་སྲོལ་རྒྱུན་རི་མོའི་བརྩམས་ཆོས་《མི་མཐུན་གཡུལ་ལས་རྒྱལ་བའི་མཚན་མ་》དང་《རྒྱལ་སྲིད་སྣ་བདུན་》《མཐུན་པ་སྤུན་བཞི་》བཅས་ཀྱི་མཚོན་དོན་རི་མོ་ལ་དངོས་ཡོད་རིང་ལུགས་ཀྱི་ལམ་ནས་དབྱེ་ཞིབ་བྱ་རྒྱུ་དེ་ཡིན་ལ།  དེང་དུས་བོད་ཀྱི་མཛེས་རྩལ་ལ་ཞིབ་འཇུག་གནང་མཁན་མང་པོ་ཞིག་གིས་རི་མོ་འདི་རིགས་ནི་དམངས་ཁྲོད་རྒྱན་རིས་ལ་བརྩི་བཞིན་ཡོད་པ་རེད། ཁོ་བོའི་ལྟ་ཚུལ་ལ་རི་མོ་འདི་རིགས་དམངས་ཁྲོད་རྒྱན་རིས་ཙམ་རྩ་བ་ནས་མ་ཡིན་པར།  བོད་ཀྱི་དོན་མཚོན་རིང་ལུགས་ཀྱི་རི་མོའི་བརྩམས་ཆོས་ཡིན།  འདི་ལ་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་གལ་ཆེའི་ནུས་པ་འདོན་ཐུབ་པའི་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་པར་འདོད་པས་འདིར་མདོ་ཙམ་དཔྱད་པར་བྱའོ། 
          1. དམག་དོན་གྱི་བརྗོད་བྱར་འཛིན་པའི་《མི་མཐུན་གཡུལ་རྒྱལ་》གྱི་སྐོར།
          དེ་ཡང་དམག་འཁྲུག་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་འགྱུར་ལོ་རྒྱུས་ཁྲོད་ཀྱི་བརྗོད་བྱ་གལ་ཆེན་ཞིག་ཡིན་ལ། དེར་ལོ་རྒྱུས་ཡུན་རིང་ཞིང་འགྲོ་བ་མིའི་སྤྱི་ཚོགས་གོང་འཕེལ་ལ་བསམ་བློའི་ཆ་ནས་སྒུལ་ཤུགས་ཆེན་པོ་ཐོན་ཡོད། མི་རྣམས་ལག་ཆ་བེད་སྤྱོད་ཤེས་པ་ནས་ཐོན་སྐྱེད་ནུས་ཤུགས་རིམ་གྱིས་གོང་མཐོར་ཕྱིན་ཅིང་མཐར་གྲལ་རིམ་སྤྱི་ཚོགས་ཀྱི་རྣམ་པ་ཤར་བའི་བར། འཚོ་གནས་ཀྱི་ཆེད་དུ་དང་ཐོག་ལག་ཆ་སྤྱད་དེ་རི་དྭགས་རྔོན་པ་ནས་རིམ་གྱིས་མི་དང་མིའི་བར་འཐབ་རྩོད་བྱུང་བ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ཅིག་ཏུ་གྲུབ།  སྤྱི་ལོའི་སྔོན་གྱི་བགྲང་བྱ་2300ཙམ་ན་ཧོང་ཏེ་(皇帝) དང་ཡན་ཏེ་(炎帝)དམག་བརྒྱབ་པས་ཧོང་ཏེ་རྒྱལ་ཅིང་ཧྭ་ཤ་( 华夏 )མི་རིགས་གཅིག་གྱུར་བྱས་ཞེས་པའི་ཤོད་སྲོལ་དེས་རྒྱ་མི་རིགས་ཀྱི་དམག་འཁྲུག་གི་ལོ་རྒྱུས་བསྟན་ཅིང་།  སྤྱི་ལོའི་སྔོན་གྱི་ལོ་1792ཙམ་ན་ད་ལྟའི་དབྱི་ལང་( 伊 朗 ) གི་རྒྱལ་ས་པ་ཀི་ཏའི་ལྷོར་གནས་པའི་པ་པེ་ལོན་དུ་རྒྱལ་རབས་དྲུག་པ་སྟེ་ཧན་མོ་ལ་པེ་(汉谟拉比)རྒྱལ་སར་བཀོད་ཅིང་འཛམ་གླིང་སྟེང་ཆེས་སྔ་བའི་ཁྲིམས་གཞུང་བཟོས་ཤིང་།  ཁྲིམས་གཞུང་དེའི་ཁྱད་ཆོས་གཙོ་བོ་ནི་“དགྲ་ལ་དགྲ་ལན་རྩོད་དགོས་པའི་གནས་ལུགས་’’ བསྟན་པ་དེ་རེད། དེས་ན་རང་རེའི་བོད་ལའང་གཉའ་ཁྲི་བཙན་པོ་མ་བྱུང་གོང་གི་དུས་ཡུན་རིང་མོའི་ནང་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་སོགས་རྒྱལ་རབས་མང་པོ་ཞིག་བྱུང་ཡོད་ལ།  ལྷག་པར་དུ་དབང་མཛད་བཅུ་སོགས་ཀྱི་ལོ་རྒྱུས་སུ་མཚོན་ཆའི་རིགས་མང་པོ་ཐོན་ཡོད་པ་དང་།  དབང་མཛད་རེ་རེའི་ཁྱད་ཆོས་ཀྱང་གཙོ་བོ་མཚོན་ཆ་དང་མཁར་གྱི་སྟེང་ནས་བརྗོད་ཀྱི་ཡོད་པས་བོད་ཀྱི་དམག་འཁྲུག་གི་ལོ་རྒྱུས་ཀྱང་གྲལ་རིམ་སྤྱི་ཚོགས་ཀྱི་དུས་ཙམ་དུ་འཁེལ་བ་ནི་རིག་པས་དཔྱད་ན་ཤེས་སོ། དེ་བས་ན་དམག་འཁྲུག་གིས་རྒྱལ་ཁབ་བསྐྲུན་ཅིང་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཤེས་རིག་དེ་གཅིག་གྱུར་ཅན་དང་ཁ་ཕྱོགས་ལྡན་པའི་ལམ་དུ་དྲངས་པ་རེད། བོད་ཀྱི་མེས་པོ་རྣམས་ཀྱིས་དུས་ཡུན་རིང་པོའི་དམག་འཁྲུག་གི་ཉམས་མྱོང་བསགས་པའི་འབྲས་བུར་《མི་མཐུན་གཡུལ་རྒྱལ་》ཞེས་པའི་བརྩམས་ཆོས་གྲགས་ཅན་འདི་ལྟ་བུ་བྱུང་བའང་ལུགས་དང་མཐུན་པ་ཞིག་རེད།  གཞན་དུ་ན་ཡི་གེ་མ་བྱུང་གོང་དུ་མི་རྣམས་ཀྱིས་བསམ་ཚུལ་རྣམས་རི་མོར་བཅོལ་བ་འདི་ནི་འཛམ་གླིང་མི་རིགས་སྤྱིའི་ཁྱད་ཆོས་ཤིག་ཀྱང་རེད།  དེས་ན་བརྩམས་ཆོས་འདིའང་《རླུང་རྟ་》དང་མཚུངས་པར་བོད་ཀྱི་དོན་མཚོན་རི་མོའི་བརྩམས་ཆོས་སྔ་གྲས་སུ་གཏོགས་པ་ཡིན་ལ། སྤྱི་ལོའི་སྔོན་གྱི་དུས་རབས་6པའི་མཇུག་ཙམ་དུ་བྱུང་བའི་རང་རྒྱལ་རྒྱ་རིགས་ཀྱི་《སུན་ཙེའི་དམག་གི་བསྟན་བཅོས་》ལས་ཧ་ཅང་གིས་བྱུང་སྔ་བ་ནི་རིག་པས་དཔྱད་ན་ཤེས་སོ།  ད་ལྟའི་ཚེ་ན་རིག་གནས་ཀྱི་སྣང་ཚུལ་གང་ཡང་ནང་བསྟན་ཆོས་ལུགས་ཀྱི་ལྟ་བའི་ལམ་ནས་འགྲེལ་པ་ནི་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་གཙོ་བོར་གྱུར་ཅིང་། དེས་མ་ཁྱབ་ས་མེད་པས་ཕྱིར་ན། ཡོངས་གྲགས་སུ་《མི་མཐུན་གཡུལ་རྒྱལ་》ནི་དགྲ་གཤེད་དུ་གྱུར་པའི་སྲོག་ཆགས་རིགས་གཉིས་གཞི་གཅིག་ཏུ་བསྡེབས་ནས་མི་མཐུན་པ་མཐུན་པར་བྱེད་པའི་མཚོན་རྟགས་ཤིག་ཏུ་བཤད་པ་དང་། ཡང་ཁ་ཅིག་གིས་སྔོན་ལྷ་དང་ལྷ་མ་ཡིན་འཐབ་པས་ལྷ་རྣམས་ཕམ་སྟེ་ལྷའི་རྒྱལ་པོས་སངས་རྒྱས་ལ་ཞུས་པས།  སངས་རྒྱས་ཀྱིས་མི་མཐུན་གཡུལ་ལས་རྒྱལ་བའི་མཚན་མ་འདི་གསུངས་ཏེ་ལྷ་རྣམས་ཀྱིས་རྒྱལ་མཚན་གྱི་རྩེར་བཀོད་པས་གཡུལ་ལས་རྒྱལ་བར་བཤད། (བཤད་ཚུལ་འདི་བན་བོན་གཉིས་ཆ་མཐུན་)བཤད་སྟངས་འདི་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་པ་དེ་དང་ཆ་འདྲ་བ་ཙམ་ཡོད་ཀྱང་།  སངས་རྒྱས་ཀྱི་ཕྱོགས་རིས་ཀྱི་མཛད་པ་དེ་འདྲ་ནི་ཤིན་ཏུ་མི་འོས་པས་རྒྱུ་མཚན་ཡོད་པར་འཛིན་དཀའ་མོད། གང་ལྟར་རི་མོ་རང་སྟེང་ནས་བསྟན་པའི་འགལ་འདུའི་སྐོར་གྱི་བརྗོད་དོན་དང་མི་མཐུན་གཡུལ་ལས་རྒྱལ་བའི་མཚན་མ་ཞེས་ཡོངས་སུ་གྲགས་པའི་ཐ་སྙད་བཅས་ལ་བསམ་གཞིགས་བྱས་ཚེ་བརྩམས་ཆོས་འདི་བྱུང་སྟེ་ད་ལྟའི་བར་ལོ་རྒྱུས་ཀྱི་དུས་རིམ་ཧ་ཅང་མང་པོ་ཞིག་བརྒྱུད་ཡོད་ཀྱང་རྩ་བའི་མཚོན་དོན་ལ་འགྱུར་བ་བྱུང་མེད་པར་འདོད། སྣང་ཚུལ་འདི་ནི་སྒྱུ་རྩལ་གྱི་ཐུན་མོང་མིན་པའི་ཁྱད་ཆོས་དང་ཡོངས་སུ་མཐུན་པ་ཞིག་སྟེ། ཆབ་སྲིད་ཀྱི་དབང་གིས་མི་ཡུལ་ལ་འཐབ་རྩོད་དྲག་པོ་ག་འདྲ་བྱུང་ཡང་ཕུལ་དུ་བྱུང་བའི་སྒྱུ་རྩལ་བརྩམས་ཆོས་རྣམས་ནམ་ཡང་མི་རྣམས་ཀྱི་འཚོ་བ་དང་མི་འབྲལ་ཏེ།  བེད་སྤྱོད་བྱེད་མཁན་འགྱུར་ཡང་བརྩམས་ཆོས་ཀྱི་རྩ་བའི་ནུས་པ་ནི་འགྱུར་མི་སྲིད་པ་ཞིག་རེད།  དེས་ན་བརྩམས་ཆོས་འདིར་གངས་སེང་དང་ཁྱུང་སོགས་གངས་ཅན་པ་རྣམས་ཀྱིས་དགའ་མོས་བྱེད་པའི་སྔ་མོའི་དུས་ཀྱི་སེམས་ཅན་སྟོབས་ལྡན་དེ་དག་གི་གཟུགས་སུ་བཀོད་དེ་“དམག་འཁྲུག་དུས་སྐབས་”ཀྱི་བསམ་བློ་མཚོན་པར་བྱས་ཡོད། དེ་ཡང་ཆོས་ལུགས་དར་བའི་དུས་སུ་སྐུ་གསུང་ཐུགས་རྟེན་རྩ་ཆེན་དུ་བརྩི་ཞིང་དམག་དོན་དར་བའི་དུས་སུ་མཁར་བཙན་པོ་དང་མཚོན་སྐྱེན་པོ་སོགས་རྩ་ཆེན་དུ་བརྩི་བ་བཞིན། དབང་མཛད་དག་གི་དུས་ཙམ་ན་མཚོན་ཆ་དང་མཁར་རྫོང་རྣམས་རྒྱལ་པོའི་ཁྱད་ཆོས་གཙོ་བོར་བརྩི་བའི་སྲོལ་བྱུང་བ་རེད་ལ། དུས་དེ་ཙམ་ན་དམག་དོན་ཐད་ཀྱི་རིག་པ་རྣམས་རྩ་ཆེན་དུ་བགྲང་བའང་ཆོས་ཉིད་དང་མཐུན་པ་ཞིག་རེད།  དེས་མ་ཚད་རང་བྱུང་གི་སྣང་ཚུལ་རྣམས་དཔེར་འདྲེན་པར་དགའ་བ་ནི་བོད་རིགས་ཀྱི་མཚན་ཉིད་རིག་པའི་ཁྱད་ཆོས་དང་ཀུན་ནས་མཐུན་ཅིང་།  ལྟ་བ་འདི་ད་ལྟའི་བར་བོད་རིགས་རྣལ་མ་དག་གི་རྒྱུད་ལ་འཇགས་ཡོད་པ་ནི་མང་དུ་ཞུ་མི་དགོས་པ་ཞིག་རེད། དེ་ཡང་ཆོས་ལུགས་ཀྱི་འགྲེལ་བཤད་ལྟར་“དགྲ་གཤེད་དུ་གྱུར་པའི་སྲོག་ཆགས་རིགས་གཉིས་གཞི་གཅིག་ཏུ་བསྡེབས་ཏེ་མི་མཐུན་པ་མཐུན་པར་བྱེད་པའི་མཚན་མ་”ཞེས་པ་དེས་རྩ་བའི་ཆ་ནས་བརྩམས་ཆོས་འདིའི་མཚོན་དོན་གསལ་པོར་བསྟན་ཡོད་ཅིང་།  དེ་ཡང་འཇིག་རྟེན་ན་གྲགས་པ་བཞིན་ཉ་དང་སྲམ་དགྲ་ཟླ་དང་ཆུ་སྲིན་དང་དུང་དགྲ་ཟླ། གངས་སེང་དང་ཁྱུང་དགྲ་ཟླ་སྟེ་ལས་ལ་བཀོད་པའི་དགྲ་ཟླ་གཉིས་ཕུང་པོ་གཅིག་ཏུ་བསྒྱུར་ཅིང་ཁེ་ཕན་མི་གཅིག་པའི་ཕྱོགས་གཉིས་ཁེ་ཕན་གཅིག་ཅན་ཏུ་བསྒྱུར་བ་འདི་ནི་རིག་ལམ་བླ་ན་མེད་པ་ཞིག་མ་ཡིན་ནམ། 《སུན་ཙེའི་དམག་གི་བསྟན་བཅོས་》ཟེར་བ་དེ་ནི་གཞན་ཕྱོགས་ལས་རྣམ་པར་རྒྱལ་བའི་རང་རྒྱལ་གཞན་ཕམ་གྱི་རིག་གཞུང་ཞིག་ཡིན་ལ་ཧན་མོ་ལ་པེའི་ཁྲིམས་གཞུང་ཡང་དགྲ་ལ་དགྲ་ལན་རྩོད་དགོས་པའི་གནས་ལུགས་ཙམ་དུ་ཟད།  《མི་མཐུན་གཡུལ་རྒྱལ་》གྱིས་མིའི་རིགས་ཀྱི་འཐབ་རྩོད་ཀྱི་སྲོག་རྩ་ལ་བསམ་གཞིགས་བྱས་ཤིང་།  མི་མཐུན་པ་ཐམས་ཅད་མཐུན་པར་བྱེད་པའི་མཐའ་མཇུག་གི་དམིགས་ཡུལ་དེ་བསྟན་པར་མ་ཟད་ཧ་ཅང་ཁ་གསལ་བའི་རི་མོའི་ཐབས་ལ་བརྟེན་ཏེ་བསྟན་ཡོད་པས། རྩ་བའི་ཆ་ནས་གདོད་མའི་དུས་ཀྱི་བོད་མིའི་འཇིག་རྟེན་ལྟ་བ་དང་ཡང་ཁ་འབྲལ་ཐབས་མེད་པ་ཞིག་རེད་ལ་རྗེས་སུ་བོད་ཀྱི་བཙན་པོའི་རྒྱལ་རབས་གཅིག་གྱུར་ཡོང་བའི་བསམ་བློའི་རྨང་གཞི་ཞིག་ཀྱང་རེད་སྙམ།  དེ་འདྲ་ཡིན་པའི་དབང་གིས། བརྩམས་ཆོས་འདི་རྒྱལ་མཚན་གྱི་རྩེར་བཀོད་པའི་བྱེད་སྟངས་འདི་ནི་བརྩམས་ཆོས་ཀྱི་བརྗོད་བྱ་དང་འཚམས་པའི་མངོན་སྟངས་ཡག་ཤོས་དེ་ཡིན་པའང་ཤེས་སླ། དེ་ཡང་ཆེ་ཕྱོགས་ནས་འཛམ་གླིང་གི་དམག་འཁྲུག་དང་ཆུང་ཕྱོགས་ནས་མི་སྒེར་ཕན་ཚུན་བར་གྱི་རྩོད་པ་གང་ཡིན་ཀྱང་དེ་ལ་རྒྱུ་རྐྱེན་གཙོ་བོ་ཞིག་ཡོད་པ་ནི་ཕྱོགས་གཉིས་ཀྱི་ཁེ་ཕན་མི་གཅིག་པ་དང་ལྟ་སྟངས་མི་འདྲ་བ་དེ་རེད།  དེ་ལྟ་བུའི་གནས་ཚུལ་དེ་ཉ་དང་སྲམ་གཉིས་ལ་མཚོན་ན། སྲམ་གྱི་ཐད་ནས་ཉ་ནི་ཟས་ཞིམ་པོ་ཞིག་ལ་འཛིན་ཅིང་། ཉའི་ཐད་ནས་སྲམ་ནི་ལས་ཀྱིས་བསྐོས་པའི་གཤེད་མར་འཛིན་ངེས་པས་ཁོ་གཉིས་འགྲིག་ཐབས་མེད་པ་ཞིག་རེད། འོན་ཀྱང་ཁོ་གཉིས་ལ་གཅིག་མཐུན་གྱི་ཁྱད་ཆོས་ཤིག་མཆིས་པ་ནི་འཚོ་གནས་ཀྱི་གནད་དོན་དེ་རེད། དེའི་དབང་གིས་བརྩམས་ཆོས་ཁྲོད་ཉ་དང་སྲམ་གཉིས་གཞི་གཅིག་ཏུ་བསྡེབས་ཤིང་། སྲམ་གྱི་ལུས་ལ་ཉ་ཡི་མགོ་བོ་ཅན་དུ་སྦྱར་བས་མཚོན་སྟངས་འོས་ཤིང་འཚམས་པ་སྟེ། གལ་སྲིད་ཉ་ཡི་ལུས་ལ་སྲམ་གྱི་མགོ་བོ་ཅན་དུ་སྦྱར་ཚེ་སྲམ་གྱིས་ཉ་བཟའ་བ་འགོག་པར་མི་ནུས་ཤིང་ཉ་ཡིས་སྲམ་མི་བཟའ་བའི་ཆ་ནས་མཚོན་ནུས་སོ། བོད་ཀྱི་ལོ་རྒྱུས་སྟེང་དུ་དམག་འཁྲུག་ཆེས་མང་བའི་དུས་རིམ་ནི་གཉའ་ཁྲི་བཙན་པོའི་གོང་གི་རྒྱལ་ཕྲན་མང་པོ་ཁ་ཐོར་དུ་གནས་པའི་དུས་དེ་ཡིན་ལ། དུས་དེར་བོད་ཀྱི་“དམག་འཁྲུག་གི་དུས་སྐབས་”ཞེས་བརྗོད་ཀྱང་མི་འགྲིག་པ་མེད་སྙམ། དེ་ཡང་དམག་འཁྲུག་དང་མཉམ་དུ་བྱུང་བ་ནི་ཕན་ཚུན་བར་འདུམ་བྱེད་པའི་སྣང་ཚུལ་དེ་རེད། དེ་འདྲ་ཡིན་དུས། དམག་འཁྲུག་གི་རིག་གཞུང་འདི་ཕལ་ཆེར་དུས་རིམ་དེར་བྱུང་བ་ནི་དོན་གྱིས་གྲུབ་འདུག་ལ། རི་མོར་བཀོད་པའི་བྱེད་སྟངས་ནི་ཕལ་ཆེར་སྐབས་དེར་གཡུལ་ལས་རྒྱལ་མཁན་གྱི་རྒྱལ་པོ་གང་ཞིག་གི་མཛད་རྗེས་བསྒྲགས་ཕྱིར་དར་ཆའི་སྟེང་དུ་བྲིས་ནས་བྱུང་བ་ཞིག་ཡིན་ངེས་ཤིང་།  “གཡུལ་ལས་རྒྱལ་བའི་མཚན་མ་”ཞེས་པའི་ཐ་སྙད་ཀྱང་རིམ་བཞིན་དར་བར་མངོན་ནོ། རྗེས་སུ་ཆོས་ལུགས་རྒྱ་ཆེར་དར་བ་དང་དམག་འཁྲུག་ཉུང་དུ་ཕྱིན་པའི་ཚེ་ན་རི་མོ་འདིར་ཆོས་ལུགས་ཀྱི་འགྲེལ་བརྒྱབ་ཅིང་སངས་རྒྱས་ཀྱིས་བསྟན་པར་བཤད་པ་ཡང་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་དང་མཐུན་པ་ཡིན། མདོར་ན་མིའི་རིགས་ཀྱི་ལོ་རྒྱུས་སྟེང་དམག་འཁྲུག་ནི་བརྒྱུད་རིམ་ཞིག་ཡིན་པ་ལས་མཐའ་མཇུག་གི་འབྲས་བུ་གཏན་ནས་མ་ཡིན། དེས་ན་དབུགས་དང་ལྡན་པའི་སེམས་ཅན་གང་ཞིག་ཡིན་ཀྱང་འཐབ་རྩོད་བྱེད་པའི་དམིགས་ཡུལ་ནི་རང་ལ་བདེ་བ་ཐོབ་པའི་ཆེད་དུ་ཡིན་ལ་རྒྱུ་རྐྱེན་ནི་འཐབ་རྩོད་འབྱུང་བའི་ཁེ་ཕན་དང་ལྟ་བ་མི་གཅིག་པའི་དབང་གིས་རེད། མི་སྒེར་ཞིག་ལ་མཚོན་ནའང་འཇིག་རྟེན་གྱི་བྱ་གཞག་ཁྲོད་རྒྱལ་ཁ་ཐོབ་དགོས་པར་བདག་གཞན་མཉམ་བརྗེས་ཀྱི་རིག་པ་འདི་ལས་ལེགས་པའི་ཐབས་ཅི་ཡང་མེད་དོ།  དེས་ན་《མི་མཐུན་ཕྱོགས་ལས་རྒྱལ་བའི་མཚན་མ་》ཞེས་པའི་བརྩམས་ཆོས་འདིས་མཐའ་མཇུག་གི་རྒྱལ་ཁ་ལེན་པའི་ཐབས་ཤེས་དེ་བསྟན་ཡོད་དོ། 
          2. རྒྱལ་སྐྱོང་གི་བརྗོད་བྱར་འཛིན་པའི་《རྒྱལ་སྲིད་སྣ་བདུན་》གྱི་སྐོར།
          དེ་ཡང་རྒྱལ་སྲིད་སྐྱོང་བར་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོའམ་རྒྱལ་ཁབ་ཅིག་གི་གྲུབ་ཆ་སྟེ་ཡོངས་གྲགས་སུ་རྒྱལ་སྲིད་སྣ་བདུན་དུ་འབོད་པའི་བརྩམས་ཆོས་འདི་ནི་བོད་ཀྱི་སྤྱི་ཚོགས་སུ་དར་ཁྱབ་ཧ་ཅང་ཆེ་སྟེ།  བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་ཕོ་བྲང་དང་གཞིས་ཀ་སོགས་སུ་སྤྱོད་སྒོ་ཆེ་ཞིང་།  སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་རྒྱ་ཆེའི་མང་ཚོགས་ཁྲོད་དར་ཁྱབ་ཤིན་ཏུ་ཆེ་ལ་མི་རྣམས་ཀྱིས་བཀྲ་ཤིས་ཤིང་ལེགས་ཚོགས་འདྲེན་པའི་རྟགས་སུ་བརྩིས་ཏེ་དགའ་མོས་བླ་མེད་བྱེད་ཀྱི་ཡོད།  དེ་ཡང་བརྩམས་ཆོས་འདིའི་ཐད་ཀྱི་འགྲེལ་བཤད་ཀྱང་མི་ཉུང་བ་ཞིག་མཆིས་མོད། མདོར་ན་ཆོས་ལུགས་ཀྱི་དགོངས་པར་མཐུན་པའི་འགྲེལ་སྟངས་ལས་མི་འདས་ཤིང་། དེ་ལྟར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དག་གི་དུས་སུ་བྱུང་བར་བཤད་པས་ལོ་རྒྱུས་ཧ་ཅང་རིང་ངོ།  བརྩམས་ཆོས་འདིའི་མཚོན་དོན་ཐད་《བཀའ་འགྱུར་》ལས་མདོ་ཁ་པའི་ནང་བྱུང་བ་ལྟར།  འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞི་ལས་རྣམ་པར་རྒྱལ་བ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེ་ལྟ་བུའི་རྒྱལ་པོ་དེའི་རིན་པོ་ཆེ་སྣ་བདུན་ནི། འཁོར་ལོ་རིན་པོ་ཆེ།  ནོར་བུ་རིན་པོ་ཆེ།  གླང་པོ་རིན་པོ་ཆེ།  རྟ་མཆོག་རིན་པོ་ཆེ།  བློན་པོ་རིན་པོ་ཆེ།  བུད་མེད་རིན་པོ་ཆེ།  ཁྱིམ་བདག་རིན་པོ་ཆེ་བཅས་བདུན་ནོ་ཞེས་དང་།  འགའ་ཞིག་གིས་ཁྱིམ་བདག་གི་དོད་དུ་དམག་དཔོན་རིན་པོ་ཆེ་བགྲང་ཚུལ་ཞིག་ཀྱང་སྣང་ཡང་སྤྱིའི་བརྗོད་དོན་ལ་ཅི་ཡང་མི་འགལ་ལོ། དེ་བཞིན་བརྩམས་ཆོས་འདིའི་ཡོངས་སུ་གྲགས་པའི་ཁ་བྱང་དང་རི་མོའི་ཁྲོད་ཀྱི་མི་སྣ་སོགས་ལ་བརྟག་ཀྱང་བོད་ཀྱི་སྤྱི་ཚོགས་སུ་རྒྱལ་ཁབ་བྱུང་བའི་རྗེས་ཙམ་དུ་བྱུང་བ་ཞིག་ཡིན་པ་ནི་ཤེས་སླ། དེ་ཡང་རྒྱལ་ཁབ་ཅིག་གི་ཆེ་བ་བརྗོད་པའམ་ཡང་ན་རྒྱལ་ཁབ་ཅིག་ལ་ཚང་དགོས་པའི་གྲུབ་རྐྱེན་རྣམས་དོན་མཚོན་རི་མོའི་ལམ་ནས་དྲངས་ཏེ་བསྟན་ཡོད་པ་འདི་ཡང་བོད་ཀྱི་དོན་མཚོན་རི་མོའི་ཕུལ་དུ་བྱུང་བའི་རིན་ཐང་མངོན་སྟངས་ཤིག་རེད། འཁོར་ལོ་རིན་པོ་ཆེ་ནི་གང་དུ་འགྲོ་འདོད་པའི་ཡུལ་དེར་སྣ་འདྲེན་པར་བཤད་པ་བཞིན་བཟོ་ལས་ཚན་རྩལ་མཚོན་པ་སྟེ། རྒྱལ་ཁབ་འགྲུབ་པའི་རྒྱུ་གཙོ་བོ་ཞིག་ལ་ངོས་འཛིན་ཅིང་། འཁོར་ལོའི་རིགས་ཀྱི་ནུས་པ་ལ་བརྟེན་པའམ་འཁོར་ལོའི་རིགས་དང་ལྡན་པའི་རྒྱལ་ཁབ་ཅིག་ནི་གནའ་བོའི་དུས་དེ་ཙམ་ན་ཧ་ཅང་སྟོབས་དང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་སྨྲ་མི་དགོས་ཤིང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཞེས་པའི་མིང་གི་ཆེ་བའང་འདི་ལས་བྱུང་བ་རེད།  མ་ཟད་ད་ལྟའི་ཚེ་ནའང་རྒྱལ་ཁབ་གང་ཞིག་ཚན་རྩལ་ལ་ཕུལ་དུ་གྱུར་ཚེ་འཛམ་གླིང་ན་སྟོབས་ལྡན་དུ་བརྩི་བ་ནི་མངོན་སུམ་དུ་གྲུབ་པ་བཞིན་ནོ།  ནོར་བུ་རིན་པོ་ཆེ་ནི་འོད་ཆེན་པོ་དང་ལྡན་ཞིང་དེས་སྐུལ་བས་མི་རྣམས་གཅིག་གིས་གཅིག་ལ་བཞིན་བཟང་དག་ལོངས་ཤིག་ལས་ཀྱི་མཐའ་རྣམས་བྱོས་ཤིགཚོང་འདུས་དག་ཁྲོམ། ཉི་མ་ཤར་ཏེ་ཉིན་མོར་ཤེས་སོ་ཞེས་སོགས་འབྱུང་བས་ཚོང་ལས་རིག་གནས་མཚོན་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་སུ་ཚོང་ལས་བྱུང་བས་ད་གཟོད་ཐོན་སྐྱེད་ལས་སྒོ་རྣམས་རང་རྐྱ་འཕེལ་བར་གྱུར་ཅིང་སྤྱི་ཚོགས་ཀྱི་རྣམ་པ་ཕུན་སུམ་ཚོགས་པོ་དང་། མིའི་རིགས་སྟོབས་ཡར་རྒྱས་ཤུགས་ཆེར་འགྲོ་འགོ་བརྩམས་པ་རེད། དེས་ན་ཚོང་ལས་ནི་སྤྱི་ཚོགས་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཡིན་ཕྱིར་རྒྱལ་ཁབ་ཅིག་གི་ངོས་ནས་བཤད་ཀྱང་ཧ་ཅང་གལ་ཆེའི་གོ་གནས་འཛིན་པ་ནི་སྨྲོས་མ་དགོས། བུད་མེད་རིན་པོ་ཆེ་ནི་གཟུགས་མཛེས་ཤིང་རིག་པ་དྭངས་པ་ངག་འཇམ་པ། ཡོན་ཏན་ལྡན་ཅིང་སྒྱུ་རྩལ་ལ་མཁས་པ། བདེ་ལེགས་ཐམས་ཅད་སྟེར་བར་བཤད་པས་ཚན་རྩལ་དང་དཔལ་འབྱོར་དེ་ལྟ་བུའི་རྨང་གཞིའི་སྟེང་དུ་བྱུང་བའི་སྟེང་གི་བཀོད་པའི་རིག་གནས་སྣང་ཚུལ་ཏེ།  མི་ཆོས་ཀུན་སྤྱོད་དང་མཛེས་འཛིན་ལྟ་བ། ཤེས་བྱ་རྒྱུད་འཛིན་སོགས་ཀྱི་གནས་སྟངས་ནི་སྤྱི་ཚོགས་གང་ཞིག་གི་ལེགས་ཉེས་ཀྱི་ཚད་འཛིན་བྱེད་ལྟ་བུ་ཞིག་ཡིན་པས། དཔེ་མཚོན་དུ་བུད་མེད་བཀོད་པ་ནི་ཧ་ཅང་འོས་པར་སྙམ།  དེ་ཡང་གདོད་མའི་སྤྱི་ཚོགས་སུ་མ་རྒྱུད་ལམ་ལུགས་བྱུང་བའི་སྣང་ཚུལ་དང་ཡང་མཐུན་ནོ། བཤད་ཚུལ་གཞན་ཞིག་ལ་བཙུན་མོ་རིན་པོ་ཆེ་ཞེས་ཀྱང་འབྱུང་ལ། དེ་ལྟར་ན་རྒྱལ་པོ་ཞིག་ཡོད་པ་ཤུགས་ཀྱིས་རྟོགས་པས། བརྩམས་ཆོས་འདི་འབྱུང་དུས་མ་རྒྱུད་ལམ་ལུགས་ལས་ཅིས་ཀྱང་ཕྱི་དགོས་མོད། 《བཀའ་འགྱུར་》ལས་འབྱུང་བའི་བུད་མེད་རིན་པོ་ཆེ་ཞེས་པ་ལ་གཞི་བཅོལ་ན་འོས་པར་སྙམ་མོ། དབང་སྒྱུར་གྲལ་རིམ་གྱི་བདག་དབང་དང་ཡང་ན་རྒྱལ་ཁབ་ཀྱི་སྒེར་དབང་སྲ་བརྟན་དུ་གནས་པར་དམག་དཔུང་ནི་མེད་དུ་མི་རུང་བས་ན་གླང་པོ་རིན་པོ་ཆེས་ནི་དམག་དཔུང་མཚོན་ཏེ། ཇི་སྐད་དུ་གླང་པོ་ཆེ་ཕལ་པ་སྟོང་གི་སྟོབས་མངའ་ཞིང་གཡུལ་ལས་རྣམ་པར་རྒྱལ་བར་བཤད་པས་མཚོན་ལ།  དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པ་ཞེས་པའི་ཁྲོད་ཀྱི་གཙོ་བོའང་གླང་ཆེན་གྱི་དཔུང་ཡིན་པས་ཀྱང་ཤེས་སོ། འདི་ལྟ་བུའི་རྒྱལ་སྲིད་ཆེན་པོར་ཁ་ལོ་བསྒྱུར་བ་ལ་ཆབ་སྲིད་ཀྱི་རིག་པ་ནི་གཙོ་བོའི་ནང་གི་གཙོ་བོར་གྲུབ་པས་ན་གཞན་དག་མཚོན་ཏེ། ཇི་སྐད་དུ་གཡུལ་ལ་དཔའ་ཞིང་ལས་ལ་མཛངས་པ། སྲིད་ཀྱི་ལས་སྣ་ཐམས་ཅད་ལ་བྱང་ཞིང་རྒྱལ་པོའི་མིག་འབྲས་ལྟར་གྱུར་པར་བཤད་པས་རྒྱལ་སྲིད་སྐྱོང་བར་ལས་བཞི་ལ་དབང་འབྱོར་བའི་ཆབ་སྲིད་རིག་པ་ནི་ཤིན་ཏུ་གལ་ཆེ་བ་སྟེ་དབང་སྒྱུར་མཁན་གྱི་སྲོག་རྩ་ལྟ་བུ་ཡིན་པར་བསྟན་ཞིང་། རྟ་མཆོག་རིན་པོ་ཆེ་ནི། ནད་མེད་ཅིང་མཚེར་སྐད་ཀྱིས་འཛམ་གླིང་ཁྱབ་པ། རྒྱལ་པོའི་ཐུགས་ལ་གང་ཤར་ཤེས་པས་ཅང་ཤེས་པ། འཛམ་གླིང་ཉིན་གཅིག་ལ་ལན་གསུམ་བསྐོར་ནུས་པས་ཤུགས་རླུང་དང་འདྲ་བར་བཤད་པས་ན།  རྒྱལ་པོའི་བཀའ་འམ་སྲིད་ཇུས་སམ་རྒྱལ་ཁྲིམས་མཚོན་ཏེ།  སྔ་མོའི་དུས་སུ་རྒྱལ་པོའི་བཀའ་ནི་རྒྱལ་ཁྲིམས་ཡིན་ལ་དབང་ཅི་ཙམ་བཙན་པ་དེ་ཙམ་གྱིས་བཀའ་བསྒྲགས་པ་གང་ཞིག་རྒྱལ་ཡོངས་སུ་ཁྱབ་མྱུར་བ་སྟེ་རྟ་མཆོག་གི་སྐད་ཀྱིས་འཛམ་གླིང་ཁྱབ་པ་དང་འགྲོས་མྱུར་བ་སོགས་ཀྱིས་མཚོན་ཡོད། གོང་གི་གནས་ཚུལ་འདི་རྣམས་ནི་རྒྱལ་ཁབ་ཅིག་ལ་ཚང་དགོས་པའི་ནང་གི་རྐྱེན་ནམ་ཡང་ན་དབང་སྒྱུར་མཁན་ལ་ཚང་དགོས་པའི་རང་སྟེང་གི་ནུས་པ་ཡིན་ལ། ད་དུང་ཕྱིའི་རྐྱེན་ཞིག་མཆིས་པ་ནི་དབང་བསྒྱུར་ཡུལ་ཏེ་མི་དམངས་རེད།  སྲིད་དབང་གང་ཞིག་ཡིན་ཀྱང་མི་དམངས་དང་བྲལ་ཚེ་སྲིད་དབང་དུ་མི་གྲུབ་པས་ན་ཁྱིམ་བདག་རིན་པོ་ཆེས་མི་དམངས་མཚོན་པ་ཡིན།  ཇི་སྐད་དུ་མཁས་པ། གསལ་བ། ཡིད་གཞུང་པ། ལྷའི་མིག་དང་ལྡན་པས་ཁོར་ཡུག་ཏུ་བདག་པོ་དང་བཅས་པའི་གཏེར་དག་ཀྱང་མཐོང་། བདག་པོ་མེད་པའི་གཏེར་དག་ཀྱང་མཐོང་སྟེ། བདག་མེད་པའི་གཏེར་གང་ཡིན་པ་དེ་དག་གིས་འཁོར་ལོས་བསྒྱུར་པའི་རྒྱལ་པོའི་ནོར་གྱི་དགོས་པ་བྱེད་ཅེས་འབྱུང་བས་ངལ་རྩོལ་མི་དམངས་ཀྱི་རང་བཞིན་གསལ་པོར་བསྟན་ཡོད་པ་མ་ཟད།  དབང་སྒྱུར་གྲལ་རིམ་དང་མང་ཚོགས་བར་གྱི་འབྲེལ་བའང་གསལ་པོར་མཐོང་ཐུབ་པ་སྟེ།  བདག་པོ་མེད་པའི་གཏེར་གང་ཡིན་པ་དེ་དག་གིས་འཁོར་ལོས་བསྒྱུར་པའི་རྒྱལ་པོའི་ནོར་གྱི་དགོས་པ་བྱེད་ཅེས་པས་མཚན་ནོ།
          3. ཀུན་སྤྱོད་ཀྱི་བརྗོད་བྱར་འཛིན་པའི་《མཐུན་པ་སྤུན་བཞི་》ཡི་སྐོར།
          དེ་ཡང་《མཐུན་པ་སྤུན་བཞི་》ཞེས་པའི་བརྩམས་ཆོས་འདི་ནི་བོད་ཀྱི་དོན་མཚོན་རི་མོའི་ཁྲོད་གོ་གནས་གལ་ཆེན་ཟིན་པའི་བརྩམས་ཆོས་ཤིག་ཡིན་པས་མི་རྣམས་ཀྱིས་དགའ་མོས་ཆེན་པོ་བྱེད་ཅིང་། ཆེ་བ་དགོན་སྡེ་དང་གཙུག་ལག་ཁང་ནས་ཆུང་བ་ཕལ་པའི་སྡོད་ཁང་བར་ཁྱབ་ཡོད། དེ་ཡང་མཐུན་པ་སྤུན་བཞི་ཞེས་པའི་མཚན་བྱང་དང་རི་མོའི་སྒྲིག་གཞི་གཉིས་ཀྱི་སྟེང་ནས་ཀྱང་མི་ལ་ཚོར་སྣང་ཐུན་མོང་མ་ཡིན་པ་ཞིག་སྐྱེད་ཐུབ། ཆོས་ལུགས་ཀྱི་བག་ཆགས་གཏིང་ཟབ་པའི་སྐྱེ་བོ་ཚོའི་སྣང་ངོར།  རི་མོ་འདིས་སངས་རྒྱས་ཀྱི་མཛད་པ་མཚོན་པ་སྟེ།  《མཛད་བརྒྱ་དཔག་བསམ་འཁྲི་ཤིང་》ལས་ཡན་ལག་གྱ་དྲུག་པ་བྱ་སྲེག་པའི་རྟོགས་པ་བརྗོད་པ་ལས་འབྱུང་བ་ལྟར་“དེའི་དུས་ཀྱི་བྱ་སྲེག་པ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ལ། རི་བོང་ནི་ཤཱ་རིའི་བུ། སྤྲེའུ་ནི་མོ་འགལ་བུ། གླང་ཆེན་ནི་ཀུན་དགའ་བོ་ཡིན་པར་བཤད་པ་”ཇི་བཞིན་ནོ། དེས་ན་རི་མོ་རང་ངོས་ཀྱི་ཉམས་འགྱུར་དང་ཆོས་ལུགས་ཀྱི་འགྲེལ་བཤད་གང་ལ་གཞིགས་ཀྱང་བརྩམས་ཆོས་འདིས་མི་ཆོས་ཀུན་སྤྱོད་མཚོན་གྱི་ཡོད་པ་ནི་ཧ་ཅང་གསལ།  དེ་ཡང་ཀུན་སྤྱོད་ནི་སྤྱི་ཚོགས་ཤིག་གམ་ཡང་ན་མི་སྒེར་གང་ཡིན་ཀྱང་དེའི་ལེགས་ཉེས་བརྟག་པའི་ཚད་གཞི་ལྟ་བུ་ཡིན་ལ་སྤྱི་ལ་ཕན་པའི་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ནི་འགྲོ་བ་མིའི་སྤྱི་ཚོགས་ཡར་ལྡན་དུ་འཕེལ་བའི་སྒུལ་ཤུགས་གཙོ་བོའང་ཡིན། ཀུན་སྤྱོད་ལ་ཆེ་ཕྱོགས་ནས་དབྱེ་ཚེ་ཆོས་ལུགས་ཀུན་སྤྱོད་དང་མི་ཆོས་ཀུན་སྤྱོད་གཉིས་འདུ་ཞིང་ནང་གསེས་སུ་དབྱེ་ཚེ་ཧ་ཅང་རིགས་མང་བར་འགྱུར་བས། རེ་རེ་བཞིན་བརྗོད་ཀྱིས་མི་ལང་ཡང་། རང་རེ་རྣམས་ལ་མཚོན་ན་ཆོས་ལུགས་ཀུན་སྤྱོད་ཤུགས་ཆེར་འཕེལ་བའི་དབང་གིས་ཆོས་སྒོར་ཞུགས་ཡོད་མེད་ཚང་མ་ཆོས་ལུགས་ཀུན་སྤྱོད་གཅིག་པོར་བསྟུན་དགོས་ཤིང་། ལོ་རྒྱུས་ཀྱི་གནས་སྐབས་འགའ་རེར་མི་ཆོས་ཀུན་སྤྱོད་ཅེས་པ་དེ་མིང་ཙམ་དུ་ལུས་པའི་གནས་ཚུལ་ཤར་མྱོང་།  《མཐུན་པ་སྤུན་བཞི་》ལ་མཚོན་ན་ཆོས་ལུགས་ཀྱི་ཀུན་སྤྱོད་དང་སྦྱར་ཚེ་གྲུབ་མཐའ་གང་ལའང་འཚམས་ཤིང་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་གཞིར་བྱས་ཐོག་ཅི་ལྟར་འགྲེལ་ཡང་མི་འགལ་མོད།  མི་ཆོས་ཀུན་སྤྱོད་ཀྱི་ཚད་གཞི་ལ་དྲངས་ཚེ་གནས་ཚུལ་མང་པོ་ཞིག་ཐོན་གྱི་ཡོད།  ང་ཚོའི་ཞིབ་འཇུག་གི་གནད་ཀྱང་མི་ཆོས་རིང་ལུགས་ལ་བཅོལ་དགོས་ཤིང་དེ་ལྟར་ན་དེང་གི་སྒྱུ་རྩལ་བྱ་གཞག་ལ་ཕན་པའི་ངེས་ཤེས་གསར་པ་རེ་རྙེད་པར་ཕན་སྙམ། ཕྱོགས་འདི་ནས་བལྟས་ཚེ་བརྩམས་ཆོས་འདི་ནི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་དང་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་གང་རུང་དུ་བྱུང་ཆོག་པ་སྟེ།  ངག་རྒྱུན་ལ་“མིས་མི་བཀུར་ན་བླ་མ་དཔོན་པོ།  །  ཤིང་གིས་ཤིང་བཀུར་ན་ལྷ་ཁང་གསས་ཁང་།  །  ”ཞེས་པ་ལྟ་བུའི་བསམ་བློ་ཞིག་བརྩམས་ཆོས་འདིའི་དངོས་ཤུགས་གང་རུང་ནས་གོ་ཡོང་ལ། ལོ་རྒན་གཞོན་གྱི་དབང་གིས་གཞོན་པས་རྒན་པ་བཀུར་བའི་ལུགས་འདི་ནི་རང་རིགས་ཙམ་མ་ཟད་གཞན་རིགས་ལའང་སྔ་མོ་ནས་དར་ཡོད་པའི་ཆ་ནས་ཀྱང་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་གཞི་ནས་བྱུང་བ་ཞིག་མིན་པ་རིག་པས་དཔྱད་ན་ཤེས་ལ། འགྲོ་བ་མི་རྣམས་དུད་འགྲོའི་རིགས་ལས་ཁྱད་དུ་འཕགས་པའི་སྒྲུབ་བྱེད་གཙོ་བོ་ཡང་ཀུན་སྤྱོད་ཀྱི་འདུ་ཤེས་ཡོད་མེད་ལ་ཐུག་ཡོད་པ་ཡིན།  དེས་ན་ཀུན་སྤྱོད་ཀྱི་ཚད་གཞི་ནི་མིའི་རིགས་ཚོགས་པའི་འཚོ་བ་སྐྱེལ་བ་ནས་ཡོད་ངེས་ལ་དུས་རབས་རེ་རེར་མངོན་སྟངས་མི་འདྲ་བ་རེ་ཡོད་པ་ཙམ་རེད། བརྩམས་ཆོས་འདིར་ལོ་རྒན་གཞོན་གྱི་ཆོས་ཉིད་ལ་བརྩི་བཀུར་བྱས་ཡོད་པ་ཕུད། ད་དུང་མི་མངོན་པའི་ཆོས་ཉིད་ཅིག་མཆིས་པ་ནི་སེམས་ཅན་འདི་དག་ལྷན་སྐྱེས་ཀྱི་ལུས་ཆེ་ཆུང་གི་ཆོས་ཉིད་དབང་གིས་བྱ་དེ་ལོ་གཞོན་ཤོས་སུ་སྲིད་ཀྱང་ལུས་ཤུགས་ཀྱིས་གླང་ཆེན་འདེགས་མི་ཐུབ་པ་ནི་དོན་གྱི་གནས་སུ་ཡོད་པ་དང་། ལྷག་པར་དུ་དེང་གི་ཀུན་སྤྱོད་ཀྱི་མིག་གིས་བལྟས་ཚེ་སྤྲེའུ་ནི་ཡལ་གའི་རི་དྭགས་དང་བྱ་ནི་མཁའ་ལ་འཕུར་ནུས་པ་ཡིན་བཞིན་དུ་ཀུན་སྤྱོད་ལ་བརྩི་འཇོག་བྱ་ཕྱིར་གཅིག་གིས་གཅིག་ལ་བཞོན་ཏེ་སྡོད་དགོས་པ་ཤར་ཞིང་། ཡོན་ཏན་རྣམས་ཕྱིར་མངོན་པའི་གོ་སྐབས་འཕྲོག་པའི་དབང་གིས་དངོས་པོའི་དཔལ་ཡོན་བསྐྲུན་པའི་ནུས་ཤུགས་་ཉམས་པའི་སྐྱོན་ལྡན་ཡང་།  བརྩམས་ཆོས་ཀྱིས་དུས་རབས་མཚོན་དགོས་པ་ནི་སྒྱུ་རྩལ་གྱི་བླང་བྱ་ཡིན་པས་ན་《མཐུན་པ་སྤུན་བཞི་》ནི་མེས་པོའི་ཤུལ་བཞག་རྩ་འགངས་ཆེ་བ་ཞིག་ཡིན་པ་སྨྲ་མི་དགོས་ཤིང་།  བོད་མི་རིགས་འདི་བཞིན་ཡ་རབས་སྤྱོད་བཟང་ཅན་ལ་གོང་བཀུར་དང་སྤྱི་ཡོངས་ཀྱི་ཀུན་སྤྱོད་ཁེ་ཕན་ལ་བརྩི་འཇོག་བྱེད་མཁན་གྱི་མི་རིགས་ཤིག་ཏུ་གྲུབ་པའི་རྒྱུ་རྐྱེན་གཙོ་བོའང་གཅིག་ནས་ཡ་རབས་ཀུན་སྤྱོད་ཀྱི་ལོ་རྒྱུས་རིང་ཞིང་།  གཉིས་ནས་འགྲོ་ཀུན་སྙིང་རྗེས་སྐྱོང་བའི་ཆོས་ལུགས་ཀྱི་ལྟ་བ་ཤུགས་ཆེ་ལྡན་པས་སོ།
          གོང་དུ་ཁོ་བོས་རང་ནུས་ཅི་ལྕོགས་ཀྱིས་བོད་ལུགས་སྲོལ་རྒྱུན་རི་མོའི་བརྩམས་ཆོས་འགའི་མཚོན་དོན་ལ་དངོས་ཡོད་རིང་ལུགས་ཀྱི་རིག་ལམ་སྤྱད་དེ་དཔྱད་པ་མདོ་ཙམ་བགྱིས་ཀྱང་དེ་ལ་མ་རྟོགས་ལོག་རྟོག་གི་ཆ་ཡོད་ངེས་པས་མཁྱེན་དཔྱོད་ཡངས་པའི་ཆེད་མཁས་རྣམས་ཀྱིས་ཡོ་བསྲང་ཡོད་པར་ཞུ།  །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1