སྐར་མའི་བུ་ཆུང་།

འཁྱམ་རུ་གནམ་ལྷ་རྒྱལ། (པེ་ཅིན།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02



        སློབ་འགོ་ཚུགས་ནས་རིང་ཙམ་འགོར་སོང་།

        དེ་རིང་། རྒན་རྒོན་གཉིས་ཁྱིམ་ཚང་གི་དོན་དག་ག་གེ་མོ་ཞིག་གི་སླད་དུ་རྫོང་ལ་ཕྱིན་པ་ཡིན་མོད། རྐང་པའི་རྡོག་སྣེ་ལ་རང་དབང་ཅི་ཡང་མེད་པར་རྫོང་གི་སློབ་ཆུང་དེའི་སྒོ་འགྲམ་དུ་སླེབས་བྱུང་། རྫོང་གི་སློབ་ཆུང་འདི་རུ་ཁོང་གཉིས་ཀྱི“བུ་ཕྲུག”འདུག

        ཉིན་གུང་སློབ་གྲྭ་གྲོལ་བའི་སྐབས་དེར། རྒན་རྒོན་གཉིས་ཀྱིས་སློབ་མ་བརྒྱ་འདུས་སྟོང་འདུས་ཁྲོད་རང་གི་བུ་ཕྲུག་འཚོལ་བར་འབད།

        “ཨ་རོགས་རྒད་པོ།” རྒན་མོས་ཧ་ཅང་ནན་ཏན་གྱིས “ལྟོས་དང་། ཕ་གི་ན་ཚུར་འོང་གིན་པ་དེ་འུ་གཉིས་ཀྱི་བུ་མིན་ནམ” ཞེས་བརྗོད།

        “དེ་མ་རེད། ཁ་རོག” རྒད་པོས་གསལ་འདེབས་ཀྱི་ཚུལ་དུ་དེ་ལྟར་བརྗོད།

        “དེ་རིང་འུ་གཉིས་ཀྱིས་བུ་ལ་ཅི་ཞིག་བརྗོད་དམ།”

        རྒན་མོ་སོམ་ཉིའི་རྒྱ་རུ་ཚུད་པའི་སྐབས་དེར། ཞྭ་མོ་ལྗང་ཁུ་གྱོན་པའི་སློབ་མ་ཆུང་ཆུང་ཞིག་མདུན་ཕྱོགས་ནས་ཚུར་འོང་གིན་འདུག

        “ཁ་རོག ཁ་རོག སླེབས་བྱུང་།” རྒད་པོ་ལ་གློ་བུར་བའི་འཚུབ་ཆ་ཞིག་ལངས།

        “ཁྱོད་འཚུབ་ཆ་ལངས་ནས་ཅི་བྱ། གང་ན། གང་ན།”

        “ཞྭ་མོ་ལྗང་ཁུ་གྱོན་འདུག་པ་གན། མཐོང་བྱུང་ངམ།”

        “ཨ། མཐོང་བྱུང་། ངའི་གཅེས་ཕྲུག ……”

        “ཁ་རོག” རྒད་པོས་ནན་གྱིས་གསལ་འདེབས་བྱས།

        “རྒད་པོ། འུ་གཉིས་ཀྱིས་བུ་ལ་ཡང་སྙིང་ཅི་ཞིག་བརྗོད་དམ།” རྒན་མོའི་སྐད་གསང་ཧ་ཅང་དམའ།

        ཞྭ་མོ་ལྗང་ཁུ་གྱོན་པའི་བུ་ཆུང་དེ་ག་ལེར་ཚུར་འོང་གིན་འདུག ཐག་ཇེ་ཉེ་ནས་ཇེ་ཉེ།

        རྒན་མོ་ལམ་སེང་ཕར་རྒྱུགས་ཏེ་རང་གི་བུ་ཕྲུག་དམ་དུ་འཁྱུད་པའི་འདུན་པ་ཞིག་འགོག་མེད་དུ་བརྡོལ་ཡོང་མོད། འོན་ཀྱང་སེམས་ཀྱི་རྗེས་སུ་ལུས་པོ་འབྲངས་ཐབས་མ་བྱུང་།

        “རྒད་པོ། ཁོ་ཚུར་སླེབས་བྱུང་།” རྒན་མོར་འཚུབ་ཆ་ལངས་བཞིན “འུ་གཉིས་ཀྱིས་ཡང་སྙིང་ཅི་ཞིག་བརྗོད་ན་འོས་སམ།”

        སློབ་གྲྭའི་སྒོ་འགྲམ་དུ་ཁོ་གཉིས་མ་གཏོགས་ཁྱིམ་བདག་གཞན་མང་པོ་ཞིག་གིས་ཀྱང་ཁོ་གཉིས་ནང་བཞིན་རང་གི་བྱིས་པ་འཚོལ་བཞིན་འདུག་ལ། མང་ཆེ་ཤོས་ཀྱིས་རང་གི་བྱིས་པ་རྙེད་ཅིང་། ལག་པར་འཇུས་ཏེ་ཁྲོམ་སྲང་ལ་ཁྲིད་སོང་།

        “འུ་གཉིས་ཀྱིས་ཡང་སྙིང་ཅི་ཞིག་བརྗོད་ན་འོས་སམ།”རྒན་མོས་ཡང་བསྐྱར་དེ་ལྟར་དྲིས།

        “ཁ་རོག འུ་གཉིས་ཀྱིས་ཅི་ཡང་བརྗོད་མི་རུང་།” རྒད་པོས་རྒན་མོའི་གདོང་ལ་བལྟས་ཏེ་ནན་ཏན་གྱིས་བརྗོད་རྗེས།མིག་ཟུང་སླར་ཡང་བྱིས་པའི་ཕྱོགས་སུ་འཁོར་ཏེ“འུ་གཉིས་འདི་ལྟར་གསང་སྟབས་ཀྱིས་ཁོ་ལ་ཐུག་མི་རུང་”ཞེས་བརྗོད།

        “དེས་ན་འདི་ལྟར་བལྟས་འདུག་དགོས་པ་ཡིན་ནམ།”

        རྒད་པོས་ཨ་ལན་ཅི་ཡང་སྟེར་མ་བྱུང་།

        ཞྭ་མོ་ལྗང་ཁུ་གྱོན་པའི་བུ་ཆུང་དེ་ག་ལེར་ཚུར་འོངས་ཏེ། རྒན་རྒོན་དེ་གཉིས་མཐོང་བྱུང་བ་འདྲ།

        དང་ཐོག་རྒན་རྒོན་དེ་གཉིས་ཀྱིས་བུ་ཆུང་དེ་ལ་བལྟས་འདུག་མོད། བུ་ཆུང་ཁོ་གཉིས་ཀྱི་མདུན་ཕྱོགས་སུ་ག་ལེར་ཕར་འགྲོ་དུས། ཁོ་གཉིས་ཀྱིས་མགོ་བོ་སྨད་དེ་བུ་ཆུང་གི་ཕྱོགས་སུ་བལྟ་མ་ཕོད། བུ་ཆུང་ཐག་ཚད་ཅིག་ལ་སླེབས་རྗེས། རྒན་རྒོན་གཉིས་ཀྱིས་ད་གཟོད་མགོ་བོ་ཡུན་གྱིས་ཡར་བཏེགས་ཏེ་བུ་ཆུང་གི་རྒྱབ་གཟུགས་ལ་ཡང་ཡང་ཅེར། སྐབས་ཤིག་ལ། བུ་ཆུང་དེས་གློ་བུར་དུ་མི་ཚོགས་ཁྲོད་ནས་མགོ་བོ་ཕྱིར་འཁོར་ཏེ་རྒན་རྒོན་གཉིས་ཀྱི་ཕྱོགས་སུ་བལྟས་ཙམ་བྱས་པར། རྒན་རྒོན་གཉིས་ཀྱིས་དེ་མ་ཐག་མགོ་བོ་སྨད་དེ་ཕར་བལྟ་མ་ཕོད་པར་ལུས།

        “ཁོས་འུ་གཉིས་ངོ་ཤེས་སོང་བ་འདྲ།” རྒན་མོའི་སེམས་པ་ནེམ་ནུར་གྱི་རྒྱ་རུ་ཚུད།

        “ཡིན་ལོས་ཆེ། གང་ལྟར་འུ་གཉིས་ཁོ་ལ་ངོ་ཐུག་མི་རུང་། འདི་ལྟར་རྒྱང་ནས་བལྟས་བསྡད་པས་ཆོག”

        བུ་ཆུང་དེ་ག་ལེར་རྒྱང་རིང་དུ་ཆས་སོང་། ཐག་ཇེ་རིང་ནས་ཇེ་རིང་།

        སྐབས་ཤིག་ལ། རྒན་རྒོན་གཉིས་མ་གྲོས་གཅིག་མཐུན་གྱིས་བུ་ཆུང་གི་ཕྱི་བཞིན་འབྲངས་ཏེ་མདུན་དུ་གོམ་པ་འགའ་བསྐྱོད་ཙམ་བྱས།

        རྒན་མོའི་ལག་ཏུ་ཉོས་ནས་ཡུན་རིང་འགོར་བའི་ལྭ་བ་ཆུང་ཆུང་ཞིག་ཀྱང་བསྣམས་འདུག

        “འོ་ན་ལྭ་བ་འདི་ཁོ་ལ་མི་སྟེར་རམ།” རྒན་མོས་སྐྱོ་ཉམས་དང་བཅས་དེ་ལྟར་བརྗོད།

        “ད་ནི་ཕྱིར་ཁྱེར་བ་ལས་འོས་མེད།”

        “མིན།” རྒན་མོས་གློ་བུར་དུ་ཚིག་ཐག་ཆོད་པའི་སྒོ་ནས་བཤད་དོན། “མིན། འདི་ངས་བུ་ཆུང་ལ་ངེས་པར་སྟེར་དགོས།”

        “ཁྱོད་ཁ་རོག་གེར་བསྡད་ན་མི་ཆོག་གམ།”

        རྒད་པོས་ཅུང་རྫིག་རྫིག་གིས་བཤད་པ་ན། རྒན་མོའང་རེ་ཞིག་ཁ་རོག་གེར་འདུག་དགོས་བྱུང་སོང་།

        ཞྭ་མོ་ལྗང་ཁུ་གྱོན་པའི་བུ་ཆུང་དེ་ཡུན་གྱིས་མི་ཚོགས་ཀྱི་གྲས་སུ་མི་མངོན་པར་གྱུར་སོང་།

        “ད་ནི་འུ་གཉིས་ཀྱིས་ཅི་བྱའམ།”

        རྒན་མོ་འ་ཆད་འུ་ཐུག་ཏུ་གྱུར་སོང་།

        “ད་ནི་ཕྱིར་རང་ཁྱིམ་དུ་ལྡོག་པར་བྱ།”རྒད་པོས་ཚིག་ཐག་ཆོད་པའི་སྒོ་ནས་དེ་ལྟར་བརྗོད།

        རྒན་རྒོན་གཉིས་རང་ཁྱིམ་དུ་འབྱོར་དུས། མུན་རུབ་འདུག

        ནམ་མཁར་སྐར་ཚོགས་བཀྲ། ཟླ་འོད་འཇམ་ཞིང་བསིལ། རྒྱུ་སྐར་དབུས་ན་ཟླ་བ་ནི་ཡུམ་ཆེན་ཞིག་དང་འདྲ་བར་གཅེས་སུ་འོས་པའི་སྐར་མའི་བུ་ཆུང་དག་ལ་བྱམས་བརྩེས་བྱིལ་བྱིལ་བྱེད་པ་དང་མཚུངས།

        དོ་དགོང་རྒན་རྒོན་གཉིས་ལ་ཅིས་ཀྱང་གཉིད་ཁུགས་རྒྱུ་མ་བྱུང་།

        “ཨ་རོགས་རྒད་པོ།” སྐབས་ཤིག་ལ། རྒན་མོས་སྒེའུ་ཁུང་ཕྱི་རོལ་གྱི་ནམ་མཁའ་ན་ལམ་ལམ་འཚེར་བའི་སྐར་མ་ཞིག་མཐོང་བྱུང་།

        “ཨ།” རྒད་པོས་ལམ་སེང་ཨ་ལན་ལྡོན་ཏེ་ཅི་ཞིག་ལ་ཉན་ནས་འདུག

        “དོ་དགོང་། བུ་ཆུང་འུ་གཉིས་ཀྱི་གམ་དུ་ཡོད་ན་ཅི་མ་རུང་།”རྒན་མོས་དངན་པ་རིང་བོ་ཞིག་འཐེན་བཞིན་མུ་མཐུད་དུ་སྒེའུ་ཁུང་ཕྱི་རོལ་གྱི་སྐར་མ་དེ་ལ་ཅེར། ལམ་ལམ་འཚེར་བའི་སྐར་མ་དེ་ལ་ཅེར།

        “ད་སེམས་སྡུག་མ་བྱེད་ཨང་།”རྒད་པོས་འདིང་ཞིག་བརྒྱབ་རྗེས་དེ་ལྟར་སེམས་གསོ་བྱེད་དགོས་བྱུང་། རྒྱུ་མཚན་རྒད་པོས་སེམས་སུ་ཧ་ཅང་གསལ་བོ་ཡིན་ཏེ། གལ་ཏེ་ཁོས་གོམ་གང་མདུན་སྤོས་ཀྱིས་བུ་ཆུང་སྐོར་གྱི་ཁ་བརྡ་བྱེད་ཚེ། རྒན་མོའི་མིག་ཀོང་ལས་མཆི་མ་ནི་རགས་ལས་ཤོར་བའི་གཙང་བོ་བཞིན་མཚམས་ཆད་མི་སྲིད། འདིར་བུ་ཆུང་སྐོར་གྱི་ཁ་བརྡ་ཟེར་བ་ལ་གོ་རྒྱུ་ཞིག་ཡོད་དེ། ལོ་དུ་མའི་ཡར་སྔོན་ཞིག་ལ། རྒན་རྒོན་གཉིས་ལ་བུ་ཕྲུག་ཅིག་བཙས་མོད། ཕྱིས་སུ་བུ་ཕྲུག་ལོ་ན་དྲུག་ལ་སོན་སྐབས་གློ་བུར་བའི་གློ་ནད་དྲགས་པོ་ཞིག་ཕོག་སྟེ་འཇིག་རྟེན་དཀར་ངོགས་འདི་དང་རིང་དུ་གྱེས་སོང་།

        ནམ་རྒྱུན་ཡིན་ན། སྐབས་འདིར་བུ་ཆུང་དང་ངེད་གཉིས་ཀྱིས་འཛིང་རེས་ཆུང་ཆུང་ཞིག་བྱེད་དགོས།”རྒན་མོས་འདས་ཟིན་པའི་མཛེས་སྡུག་ཏུ་རློམ་པའི་དུས་ཀྱི་མཚམས་ཚིགས་གང་ཞིག་ལ་ཕྱིར་དྲན་བྱེད་མགོ་བརྩམས་བྱུང་།

        “ཅིའི་ཕྱིར།” རྒད་པོའི་ངག་ནས་དབང་མེད་དུ་དེ་སྐད་ཐལ་སོང་བས། ཁོ་ལ་བློ་འགྱོད་ཕྲན་ཙམ་ཞིག་སྐྱེས་བྱུང་།

        “ནམ་གུང་ལ་སླེབ་དུས། ཁོས་ནམ་རྒྱུན་རྒྱབ་ཀྱི་མལ་ཐུལ་ཕུད་དེ་གཅེར་བུར་ཉལ་ངེས། ངས་མལ་ཐུལ་ཇི་ལྟར་ཁོའི་རྒྱབ་ཏུ་བཀབ་ན་ཁོས་དེ་ལྟར་ཕྱིར་ཕུད་པ་ཡིན……དེ་དུས་ཁྱོད་སྔ་མོ་ནས་གཉིད་ཀྱི་གཏིང་ལ་བྱིངས་འདུག”

        རྒད་པོ་ཁ་རོག་གེར་འདུག

        རྒད་པོ་ཁ་རོག་གེར་འདུག་པ་དེས་རྒན་མོ་ལ་མུ་མཐུད་དུ་བཤད་པའི་འདུན་པ་ཞིག་བྱིན་སོང་བ་འདྲ། ཁོ་མོ་ན་རེ།

        “དེའི་དུས་ངས་ཁོའི་རྐུབ་ལ་ཐལ་ལྕག་ཐེངས་འགར་བརྒྱབ་ཚེ། ཁོས་ཅི་ཞིག་ཧ་གོ་སོང་བ་ལྟར་རེ་ཞིག་ཁ་རོག་གེར་འདུག་མོད། ཅུང་ཙམ་མ་འགོར་བར་ཡང་བསྐྱར་མལ་ཐུལ་ཕུད་དེ་གཅེར་བུར་ཉལ་ངེས། ད་ལྟ་བསམས་ན་སྐབས་དེར་སྐྱག་ཕྲུག་དེས་ང་ལ་བསམ་བཞིན་སྙད་བརྐོས་པ་མིན་ནམ་སྙམ།”

        “ཁོ་བཙས་མ་ཐག་དུས་ནས་འདི་འདྲ་ཞིག་ཡིན་ཏེ། ནམ་གུང་ལ་སླེབ་ཚེ། རྟག་པར་ཁོ་ལ་ནུ་མ་བླུད་ཅེས་ངུ་རྒྱངས་བྱེད་ལ། ཡུན་གྱིས་ཡུན་གྱིས་ངའི་ནུ་མར་སོ་འདེབས་པ་ཞིག་ཀྱང་ལོབས་འདུག ཧི་ཧི། འུ་གཉིས་ཀྱི་བུ་ཕྲུག་དེ་དངོས་གནས་པྲ་ཚགས་ཤིག་རེད་ཨང་།”

        “ཁྱོད་ཀྱིས་དྲན་ནམ། ཕྱིས་སུ་ཁྱོད་ཀྱིས་ཁོ་ལ་རྩེད་ཆས་མང་པོ་ཉོས་རྗེས། ཁོ་སྔར་བས་པྲ་ཚགས་སུ་གྱུར་ཏེ། རྟག་པར་རྩེད་ཆས་དེ་དག་ལྷུ་ལག་སོ་སོར་ཕྲལ་ཅིང་། ལ་ལ་བསམ་བཞིན་དུ་རྡོ་བས་བརྡུངས་ཏེ་གཅོག་པར་བྱེད། སྐབས་དེར་ཡང་ཁོས་ངའི་ཐལ་ལྕག་རིན་མེད་དུ་ཉོ་དགོས་པ་ཡིན། རྩེད་ཆས་དེ་དག་ངས་ད་དུང་ཉར་འདུག ……”སྐབས་དེར། རྒན་མོས་མགྲིན་པ་ཅི་ཞིག་གིས་བརྣངས་ཏེ་སྐད་ཆའི་མཇུག་སྐྱོང་མ་ནུས་པར་རེ་ཞིག་ལུས། ཡུད་ཙམ་འགོར་རྗེས“ངས་དེ་དག----མེར་བསྲེགས་མི་འདོད། ད་དུང------ཁོས་ལྭ་བ་དེ་དག……” ཅེས་ངུ་སྐད་ལྷང་ལྷང་དང་བཅས་སྐད་ཆ་གསལ་ལ་མི་གསལ་བ་ཞིག་ལབ་བྱུང་།

        ཕྱིས་སུ་མཆོག་སྤྲུལ་ཁྲི་བ་ཚང་གིས་བསླུ་བ་མེད་པའི་ལུང་བསྟན་གསུངས་ཏེ་ཁོང་གཉིས་ཀྱི་བུ་ཕྲུག་གིས་འཇིག་རྟེན་མི་ཡུལ་ན་སླར་ཡང་མི་ལུས་གཙང་མ་ཞིག་བླངས་འདུག་ཅེས་རྣམ་ཤེས་ངོས་བཟུང་བ་ནས་བཟུང་། རྒན་རྒོན་གཉིས་རྟག་པར་རང་གི་བུ་ཕྲུག་གི་རྣམ་ཤེས་ཡིན་པའི་ཁྱིམ་ཚང་དེ་བར་སོང་སྟེ། རང་གི“བུ་ཕྲུག”ལ་ཡང་ཡང་བལྟ་བ་དང་། སྐབས་རེར་གསང་སྟབས་ཀྱི་སྒོ་ནས“བུ་ཕྲུག”སྒོར་ཁྲིད་དེ་ལྭ་བ་དང་རྩེད་ཆས་ཀྱང་སྣ་ཚོགས་ཉོ།

        “སང་ཉིན་འུ་གཉིས་ཡང་བསྐྱར་བུ་ཆུང་ལ་བལྟ་རུ་སོང་ན་ཆོག་གམ།” སྐབས་ཤིག་ལ། རྒན་མོའི་སེམས་སུ་ན་ཟུག་བཟོད་མེད་ཅིག་འཕོས་བྱུང་། ཁོ་མོས་རང་གི་བུ་ཕྲུག་དྲན་བཞིན་དྲན་བཞིན་མིག་ལམ་དུ་ཡང་བསྐྱར་ཞྭ་མོ་ལྗང་ཁུ་གྱོན་པའི་བུ་ཆུང་དེ་འཆར་འོངས།

        “ངས་ཁྱོད་ལ་ལབ་ཟིན་པ་མིན་ནམ། འུ་གཉིས་གསང་སྟབས་ཀྱིས་འགྲོ་མི་རུང་།”

        “ངས་ཁྱོད་ལ་ཞུ་བ་བྱེད། འུ་གཉིས་ཀྱིས་ཁོ་རང་ཡུལ་ལ་ཁྲིད་ཡོང་ནས་ནུབ་འཚལ་ཞིམ་པོ་ཞིག་བསྐོལ། ཞག་མ་གཅིག་ལ་བསྡད་ན་ཅི་ལ་སྐྱོན།” སྐབས་འདིར། རྒན་མོས་ངུ་མཚམས་བཞག་ཡོད་ནའང་། སྣ་ཁུང་ཅི་ཞིག་གིས་འཚང་འདུག་པས་ཁོ་མོའི་སྐད་ཆ་གསལ་ཞིང་དག་པ་ཞིག་ཁྱོན་ནས་ཐོས་མི་ཐུབ།

        “དེ་ག་ལ་རུང་། འུ་གཉིས་གསང་སྟབས་ཀྱི་སྒོ་ནས་བྱིས་པར་བལྟ་རུ་མི་འགྲོ་ཞེས་ཁས་བླངས་ཡོད་པ་མིན་ནམ། འདི་ལྟར་བགྱིས་ན་སུ་དང་གང་ལའང་མི་བཟང་།” རྒད་པོས་ནན་ཏན་གྱིས་དེ་ལྟར་བརྗོད།

        “འུ་གཉིས་ནི་ཇི་འདྲའི་ལས་ངན་པ་ཞིག་རེད་ཨང་། བུ་ཕྲུག་ཅིག་གི་ལས་ཀྱང་མི་འདུག……”རྒན་མོ་ཡང་བསྐྱར་ངུས་བྱུང་།

        “ད་སེམས་སྡུག་མ་བྱེད་ཨང་།” རྒད་པོས་དངན་པ་ཞིག་འཐེན། ལྗིད་ཏིག་ཏིག་གི་དངན་པ་ཞིག་འཐེན།

        ནམ་སྨད་ཡོལ་ནས་སྐྱ་རེངས་གསལ་ལ་ཉེ།

        སྐྱ་རེངས་ཀྱི་འགྲོས་དང་བསྟུན། ཟླ་བ་ནི་ནུབ་ཀྱི་མཁའ་མཐའ་ན་ཅི་ཞིག་བློས་མ་ཐོངས་པ་ལྟར་མངོན་ཆུང་གིས་ཕྱི་མིག་ལྟ་ཞིང་། སྐར་ཚོགས་ནི་རིམ་གྱིས་རིམ་གྱིས་མཁའ་དབྱིངས་སུ་མི་མངོན་པར་ཡལ་གྱིན་འདུག

        རྒན་རྒོན་གཉིས་ཡུན་རིང་ལ་ཅི་ཡང་མི་སྨྲ་བར་ཁ་རོག་གེར་འདུག

        རྒན་མོའི་མིག་ཟུང་ཡང་བསྐྱར་སྒེའུ་ཁུང་ཕྱི་རོལ་གྱི་ནམ་མཁར་ཕྱོགས་ཏེ་མཁའ་དབྱིངས་སུ་འཛུམ་དམུལ་དམུལ་བྱེད་པའི་སྐར་མ་དག་ལས་རང་གི་བུ་ཆུང་གི་ངོ་གདོང་རེས་གསལ་རེས་མོག་གིས་མཐོང་བྱུང་། སྐབས་དེར་ཁོ་མོ་ནི་གཞི་ནས་ཟླ་བའི་མ་མ་དང་འདྲ་བར་གཅེས་སུ་འོས་པའི་རང་གི་བུ་ཆུང་ལ་བྱམས་བརྩེས་བྱིལ་བྱིལ་བྱེད་པ་དང་ཤིན་ཏུ་མཚུངས།།


རྩོམ་ཡིག་སྔོན་མ།
2017ལོའི་དེབ4་པ།
རྩོམ་ཡིག་རྗེས་མ།
སྒྲོལ་མའི་ཐང་ཀ

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1