ཡོང་སྒོ་དང་ཆག་སྒོ།

མཛོད་འཕྲིན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


1

        སྣུམ་ལམ་སྟེང་ན་ཟོང་འཁོར་མང་པོ་ནག་ཧྲེང་ཧྲེང་དུ་རྒྱུག་བཞིན་ཡོད་ལ། ཟོང་འཁོར་རེ་རེའི་ངོས་སུ“བོད”ཅེས་པའི་ཡི་གེ་ཆེན་པོ་རེ་སྦྱར་ཞིང“ཏང”སྒྲ་དང་བཅས་སྐྱོད་ཀྱིན་འདུག ཉེ་ལམ། ཟོང་འཁོར་ཉོ་མཁན་ཤིན་ཏུ་མང་མོད། འོན་ཏེ། ས་ཆ་འདི་ནས་ཟོང་འཁོར་གྱིས་སྐྱེལ་འདྲེན་བྱ་དགོས་ཚེ་ངེས་པར་དུ“འཁོར་ཚོགས”ནང་དུ་ཞུགས་དགོས་ཤིང་། འཁོར་ཚོགས་ནང་དུ་ཞུགས་ཐུབ་སོང་ཚེ་ད་གཟོད་ལོ་རེའི་ནང་སྐྱེལ་འདྲེན་ཐེངས་ཁ་ཤས་བྱེད་ཐུབ། ལོ་ཤས་རིང་ལ། ས་ཆ་འདི་ནས་གཏེར་ཁ་སྔོག་འདོན་བྱས་ཤིང་། གཏེར་རྒྱུ་དག་རྒྱ་ནག་ཏུ་འདྲེན་བཞིན་ཡོད་པས། རྫོང་གཅིག་ལ་ཟོང་འཁོར་སུམ་བརྒྱ་ཙམ་ལྡན་པར་གྱུར། གལ་ཏེ་མར་ཡར་གཉིས་ཆར་སྟོང་པར་འགྲོ་མ་དགོས་ཚེ་ཡོང་སྒོ་མི་ཆོག་རྒྱུ་མེད། འོན་ཀྱང་། ད་སྐབས་གནས་རིའི་ནང་གི་གཏེར་ཁ་ཚར་ལ་ཉེ་བ་དང་། ཟོང་འཁོར་མང་སོང་བའི་རྐྱེན་གྱིས་ཡར་མར་གཉིས་ཆར་ཁུར་རྒྱུ་ལོན་ནས་འགྲོ་མཁན་ཤིན་ཏུ་ཉུང་།

        སྔ་རབས་པ་སྟེ་ཁ་ལོ་བ་སྔ་གྲས་དག་གིས་ཟོང་འཁོར་ལ་བརྟེན་ནས་ཡོང་སྒོ་ཆེན་པོ་རགས་པས།ད་སྐབས་ཚང་མས་དེ་དག་ལ་ཡིད་སྨོན་ཤོར་ཏེ། རང་ཉིད་ཕྱུགས་པོར་འགྱུར་བར་རེ་ནས་རྒྱུ་ཡོད་མེད་གཉིས་ཀས་ཟོང་འཁོར་ཉོས་པ་དང་། འབྱོར་མེད་རྣམས་ཀྱིས་ཟོང་འཁོར་གྱི་ཆེད་དུ་དངུལ་བུན་མཐོན་པོ་བླངས་ཡོད།

        ནོར་བུའང་དེའི་གྲས་ཀྱི་གཅིག་ཡིན་ལ། ཁོས་སྔ་མོ་ནས་བུ་ལོན་མང་ཐག་ཆོད་ཅིག་འཇལ་ཐུབ་མེད་པས། བསམ་བློ་བཞི་གསུམ་བཅུ་གཉིས་བཏང་། བློ་རྩེ་ཉི་ཤུ་རྩ་ལྔ་བཀོད་རུང་། སྒོར་མོ་གསོག་ཐབས་དང་ཡོང་སྒོ་ཅན་གྱི་ལས་དོན་ཞིག་མ་རྙེད་ནས་ལུས་ཡོད། ཏག་ཏག་སྐབས་དེའི་ཉིན་ཞིག་ལ། ཁོའི་གམ་དུ་ཚོ་བ་གཅིག་པའི་བཟང་ས་ཞིག་སླེབས་བྱུང་བ་དང་། བཟང་ས་དེ་ཟོང་འཁོར་གྱི་ཁ་ལོ་བ་ཞིག་རེད།ཁོང་གཉིས་ཀས་ཕན་ཚུན་ལ་ལབ་གླེང་ཡུན་རིང་བྱས་པ་དང་བསྟུན་ནས། ནོར་བུའི་གདོང་ལ་ཅི་ཞིག་ཐོབ་སོང་བ་ལྟ་བུའི་འཛུམ་མདངས་ཤིག་གློ་བུར་དུ་མངོན་བྱུང་། དེ་ནི་ཁོའི་བཟང་སས་ཁོ་ལ་ཟོང་འཁོར་གྱིས་གྲུབ་རབས་དང་། འཇོན་རབས་ཐད་དུ་ཡིན་ལུགས་བརྒྱ་དང་གནས་ལུགས་སྟོང་བཤད་ཡོད་པས། སེམས་ལ་དགའ་སྣང་འཕོས་པ་ཡིན་ཚོད་གདའ། ཉིན་དེའི་མཚན་མོར་ནོར་བུའི་བཟའ་ཟླ་སྔ་མོ་ཞིག་ནས་གཉིད་ཟིན་མོད། ནོར་བུས་ད་དུང་ཅི་ཞིག་ལ་འདང་རྒྱབ་ཀྱིན་འདུག་ལ། མཚམས་ལན་རེར་ཁོང་དགོད་ཡིད་ཚིམ་པ་རེའང་བྱེད་ཀྱིན་འདུག

2

        གནམ་གཤིས་ཧ་ཅང་དྭངས་ལ། ནམ་མཁའ་རུ་སྤྲིན་པ་ལུག་མགོ་ཙམ་ཞིག་ཀྱང་མཐོང་རྒྱུ་མེད།

        ཆུང་མ་སྔ་མོ་ཞིག་ནས་ལངས་ཏེ་ཇ་བསྐོལ་ཚར་འདུགདུས་རྒྱུན་ནོར་བུ་ཡར་སྔ་མོ་ལངས་པར་དེ་འདྲ་མི་དགའ་མོད། ད་ནངས་ནི་སྔ་མོ་ཞིག་ནས་འཛུམ་དམུལ་དམུལ་གྱིས་ལངས་བྱུང་བས། ཆུང་མ་ཅུང་ཡ་མཚར་སྟེ“ད་ནངས་དེ་འདྲ་སྔ་མོ། ཅི་རེད།”ཅེས་དྲིས།

        “དེ་རིང་དོན་དག་ཅིག་ཡོད་པས། ཡར་འགྲོ་མར་འགྲོ་ཞིག་བྱེད་དགོས”

        “དོན་དག་ཆེན་པོ་ཟེར་རམ། ཡང་བུ་ལོན་འདྲ་ལེན་གྲབས་མིན་ནམ།”
    
        “ཁ་རོག་སྡོད། ང་ལ་ཐེ་གཏོགས་མ་བྱེད།”ནོར་བུར་ཁོང་ཁྲོ་ལྡང་བྱུང་།

        ཁ་འཛིང་ཆུང་ཆུང་ཞིག་གི་ཁྲོད་དུ། ཆུང་མས་བུ་ལོན་ལེན་པར་མོས་མཐུན་མེད་རབས་བཤད་སོང་མོད། གཅིག་ནི་ཁ་སང་ཁོའི་བཟང་ས་དེའི་སྐད་ཆ་ཡིད་ལ་འཁོར་བ་དང་། གཉིས་ནི་ད་སྐབས་ཚང་མས་ཟོང་འཁོར་ཉོས་ཡོད་པ་དང་།གསུམ་ནི་ཁོ་བུ་ལོན་མང་པོ་ཞིག་གིས་གནོན་ཡོད་པས་ན། ཁོས་རང་གི་འཆར་སྒོ་དེ་གཏན་ནས་སྒྱུར་མ་ནུས། ཟོང་འཁོར་གཅིག་མི་ཉོ་ཐབས་མེད་རེད། གལ་སྲིད་ཉོ་ཐུབ་སོང་ན་ལོ་གཅིག་གཉིས་ཙམ་ནས་སྔ་ཕྱིའི་བུ་ལོན་ཁ་ཚང་ཕྱིར་སྤྲོད་ཐུབ་འགྲོ་བསམས་ཏེ། ཡར་མར་ལ་བརྒྱུགས་བརྒྱུགས་མཐར་སྒོར་མོ་ཞིག་བསྐྱི་ས་རག་མོད། གཏའ་འདུག་གམ་བར་འདུག་གི་མི་ཞིག་མེད་ན་བསྐྱི་ས་མི་རག་པས་བར་འདུག་ཅིག་བཙལ་དུ་སོང་རུང་། ས་ཆ་དེ་གའི་མི་རྣམས་ཀྱིས་ཁོ་བུན་བདག་ཆེན་པོ་ཞིག་ཆགས་ཡོད་པ་ཤེས་པས་ས་དེ་ནས་བར་འདུག་ཅིག་གཏན་ནས་རག་མ་སོང་།

        འུ་ཐུག་ཐབས་ཟད་ནས། ཁོས་ཁང་པ་དང་ཁྱིམ་ཚང་གི་ཅ་དངོས་འགངས་ཆེན་ཚང་མ་གཏའ་མ་རུ་བཞག་ནས་དམངས་སྒོར་ཁྲི་ལོ་བཞི་བཅུ་ཡས་མས་ཤིག་བསྐྱིས། དེ་འདྲའི་གྲངས་འབོར་མང་པོ་ཞིག་ཚོ་བ་དེ་འདྲ་བ་ཞིག་དང་ཁྱིམ་ཚང་དེ་འདྲ་བ་ཞིག་ལ་མཚོན་ན་ཧ་ལས་ཤིང་ཧང་སངས་འགྲོ་བའི་གྲངས་ཀ་ཞིག་མ་རེད་དམ། ཚོ་བ་གཅིག་གི་ལོ་དུ་མ་ཞིག་གི་ཡོང་སྒོ་རེད། ད་རུང་དེའི་ཐོག་ཏུ་སྔོན་མའི་ཁྲི་ཚོ་སུམ་ཅུ་བསྣན་ན་ཁྲི་དངུལ་བདུན་ཅུའི་བུན་བདག་ཏུ་ཆགས་འདུག ལོ་གཅིག་གཉིས་ཙམ་གྱིས་ཕྱིར་སྤྲད་ཐུབ་བམ། གལ་ཏེ་མ་ཐུབ་ཚེ་སྐྱེད་ཀ་ནི་ཉིན་རེ་བཞིན་འཕར་གྱིན་ཡོད་པས། ནོར་བུ་གང་དུ་ལོན་འགྲོ། ས་ཐོག་ཏུ་བརྐོ་རྒྱུ་ནི་མེད་ལ། ནམ་མཁའ་ནས་བབས་ནི་མི་ཡོང་། འོན་ཀྱང་ཁྲ་ཆུང་མིག་གིས་རྒྱུ་མཐོང་ནས། གངས་དཀར་སེམས་སུ་གདོན་ཞུགས་སོང་།

        མང་ཚོགས་ཚོས་ལམ་ནས་ཟོང་འཁོར་རེ་བརྒྱུད་ཀྱིན་ཡོད་པ་མཐོང་ན“ཡང་ནང་རྒྱུ་ཕྱིར་འདྲེན་མཁན་གཅིག་སླེབས་བྱུང”དང་། “མར་རིན་པོ་ཆེ་འཁྱེར་ཞིང་། ཡར་གད་སྙིགས་འདྲེན་མཁན།”ཟེར་ཞིང་། ཟོང་འཁོར་དེ་དག་ལ“དོམ་འཁོར”དང“སྲོག་འཁོར”སོགས་འབོད་ཀྱིན་ཡོད་མོད།
    
        ཁ་ལོ་བ་ཚོས“ང་ཚོས་མ་འདྲེན་ནའང་གཞན་གྱིས་འདྲེན་འགྲོ་བས་གཅིག་མཚུངས་རེད། དེ་བས་རང་གིས་འདྲེན་རྒྱུ་ལོས་དགའ། ཁྱོད་ཚོར་ཉོ་བྱེད་མེད་ན་སྡུག་གྱོང་རེད”ཅེས་ང་རྒྱལ་གྱིས་འཆད་ཀྱིན་གདའ།

        གང་ལྟར་ནོར་བུས་ཟོང་འཁོར་ནི་ཉོས་ཟིན་མོད། ཁྱིམ་ཚང་དང་ཆུང་མས་ད་དུང་གོ་མེད།

        ཉེ་ལམ། སྣུམ་ལམ་བཟོས་ཏེ་ལམ་ཇེ་བདེར་སོང་བ་དང་བསྟུན་ནས། རླངས་འཁོར་གྱི་ཆག་སྒོ་ནི་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། གལ་ཏེ་སྟབས་མ་ལེགས་པར་ནོར་བུའི་ཟོང་འཁོར་ལའང་དོན་རྐྱེན་ཞིག་བྱུང་ཚེ་ཅི་བྱ།

        ནོར་བུའང་ཁ་ལོ་བ་སྔོན་མ་དག་དང་འདྲ་བར་འཁོར་ཚོགས་སུ་ཞུགས་སོང་། ཡུན་རིང་མ་འགོར་བར་རེས་ལ་ཐུག་བྱུང་བས། ནོར་བུའི་སྣང་བ་དགུང་ལ་འཕགས་ནས་སྣུམ་ལམ་གྱི་ངོས་སུ་མགྱོགས་ཚད་རན་ཙམ་གྱིས་མངགས་ནས་ཆས་ཀྱིན་གདའ། རླངས་འཁོར་ནང་གི་སྒྲ་སྒམ་ནང་དུ་གཞས་སྙན་པོ་ཞིག་གྲག་གིན་འདུག་ལ། ཁོས་ཀྱང་གཞས་ཀྱི་དབྱངས་འགྲོས་དང་བསྟུན་ནས་གཞས་དེ་འགུར་གྱིན་འདུག “ས་ཆེན་གོ་ལ་འདི། ང་ཚོའི་ཁྱིམ་གཞིས་ཡིན། ཁོར་ཡུག་སྲུང་སྐྱོབས་བྱོས།......”

        སྐབས་དེར། ཆུང་མས་ཁ་པར་བཏང་བྱུང་། ཁོ་མོས་ཕལ་ཆེར་ཁྱོ་གས་ཅི་བྱེད་ཀྱིན་ཡོད་པ་གོ་ཡོད་པ་འདྲ།

        “ཝེ། ང་ལམ་ནས་འགྲོ་བཞིན་ཡོད། དོ་དགོང་ཁ་པར་གཏང་ཡོང”ནོར་བུས་མྱུར་མོར་ཁ་པར་གཏན་སོང་།

3

        དོ་ཁུར་ནས་ཕྱིར་བདེ་ལེགས་ངང་སླེབས་སོང་། འཁོར་ཚོགས་ཀྱི་འགོ་བས“ད་གནས་སྐབས་ལ་ཡང་འདྲེན་རྒྱུ་མེད།རྗེས་སོར་ཁྱོད་ཀྱི་རེས་འཁོར་ཡོང་དུས་བརྡ་གཏང་ཡོང”ཞེས་བཤད།ཕྱིར་ཁྱིམ་དུ་སླེབས་སོང་། ཆུང་མ་སྐྱོ་སྡུག་འདྲེས་མའི་ཀློང་དུ་ཚུད་འདུག ལོས་ཡིན་ཏེ་བུ་ལོན་སྔ་མ་དག་འཇལ་ཚར་མེད་ཀྱང་། ཕྱི་མས་གནོན་བྱུང་བས། ད་ནི་ཅི་བྱ། དགོན་པར་སོང་ནས་སྐྱབས་འཇུག་རེ་ཞུ་རྒྱུ་ལས་གཞན་ཅི་ཡང་ཡོད་མ་སོང་།

        དེ་རྗེས་ཐེངས་གཉིས་གསུམ་ཙམ་ལ་རེས་སུ་འཁོར་ཞིང་ཕྱིར་རྔམ་རྔམ་བརྗིད་བརྗིད་ཀྱིས་ཐོན་ཡོང་གི་ཡོད་ལ།

        ཁོ་སྔ་མོ་ཞིག་ནས་ལས་དེ་ལ་མ་ཞུགས་པར་འགྱོད་ཀྱིན་ཡོད།

        དགུན་ཁའི་ཁ་བ་ལྷབ་ལྷུབ་དུ་འབབ་དུས་ཤིག་ལ་ནོར་བུ་ལ་ཡང་རེས་འཁོར་བྱུང་།

        ལམ་ནས་འཁྱག་དར་དང་ཁངས་སོགས་ཀྱི་ཚད་བཀག་ཡོད་མེད་ལ་མ་ལྟོས་པར་ཅ་དངོས་སྐྱེལ་འདྲེན་རྒྱུག་དགོས་པས། ཡང་བསྐྱར“ཏང”སྒྲ་དང་བཅས་ལམ་ལ་ཆས་སོང་།

        ནོར་བུས་རླངས་འཁོར་ཉོས་པ་ནས་བཟུང་ཆུང་མའི་སེམས་སུ་བདེ་སྣང་སྐད་ཅིག་ཙམ་ཡང་བྱུང་མ་མྱོང་ལ།ད་ཐེངས་ཁངས་དར་དང་གྲང་ངར་ཆེ་བས་ལྷག་ཏུ་སེམས་ཁུར་ཆེ།ནོར་བུ་རྒྱ་ནག་ཏུ་སླེབས་ནས་ཡར་ཡོང་གྲབས་ཡོད་དུས་ཆུང་མས་ཁ་པར་བཏང་བྱུང་།

        “ཁྱོད་རང་ཡར་ནམ་ཡོང་གི་ཡོད། ག་དུས་ཙམ་སླེབས་ཐུབ།”

        “དོ་ནུབ་དང་སང་ནུབ་གཉིས་ཀྱི་མཚན་གང་བོར་ཡོང་ན་གནངས་ཉིན་ཐོན་ངེས།”

        མཚན་གུང་དུས་ཚོད་གསུམ་པ་ཙམ་ལ་ཡོང་བའི་སྐབས། ནོར་བུ་ལ་གློ་བུར་དུ་གཉིད་ལོག་ཅིག་བྱུང་བས།རླངས་འཁོར་དང་ཅ་དངོས། རྨི་ལམ་དང་བཅས་པ་ས་ལ་བརྡབས་སོང་ངོ།། །


རྩོམ་ཡིག་སྔོན་མ།
གདོན་གྱིས་བརླམས་པ།
རྩོམ་ཡིག་རྗེས་མ།
མགུར་ཐུང་སྐྱོ་ཤེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1