སྐད་ཆ་ཐོལ་བ་འགའ།

ལི་ཐང་དབྱིག་གཉེན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


ངས་ནི་མདང་ནུབ་སྒྱུ་མའི་རྨི་ལམ་དུ།།

འདི་ལྟར་གོ་བའི་གཞན་གྱི་སྐད་ཆ་ལ།།

ཁྱེད་རང་བྱ་ཁྱུ་བཞིན་དུ་སྤྲིན་པའི་སྟེང་།།

གྲིབ་མ་ལྷག་མ་མེད་པར་འཕུར་བ་ཐོས།།

འོན་ཀྱང་བདག་ལ་ཁྱེད་ཉིད་གསལ་བའི་ནང་།།

དཔྲལ་བའི་རི་མོ་དག་ནི་འོད་དང་བཅས།།

དབུ་སྐྲ་གསེར་མདོག་ཅན་ཡང་རླུང་གིས་སྤུར།།

འཛུམ་མདངས་ལྷུག་གེ་དེ་ཡང་ལྷང་ངེར་རིག།

ཐ་ན་དེ་རིང་ཉི་མའི་འོད་དེ་ཡིས།།

ཕྱོགས་གཡོན་གསལ་ཞིང་ཕྱོགས་གཡས་བསྒྲིབས་པའི་རྗེས།།

ཁྱེད་ཀྱི་དེ་བཞིན་ཉིད་དེ་གསལ་བ་ཡིས།།

སྐུ་ཉིད་མེ་ལོང་ཚུལ་དུ་ཉེ་བར་འོང་།།

དེ་ལྟར་ཡུན་གྱིས་ང་ཡི་དྲན་པའི་ནང་།།

མིག་ཆུ་སྦར་མོ་གང་རེ་གཏོར་བའི་གཞུག།

སེམས་ཀྱིས་བྱིལ་བྱིལ་རེ་འགའ་བཟོས་པའི་རྗེས།།

ང་ཡི་ལག་པའི་ནང་དུ་ཤོང་མ་ཐུབ།།




དྲན་པས་མ་ནོངས།

སྐབས་རེར་སྨུག་པ་ལན་རེར་ཆར་པ་དང་།།

འདི་ཀར་རྒྱུན་པར་སེམས་སུ་མི་འཚམས་པའི།།

དྲན་པ་གཅིག་ཐོག་གཅིག་ཏུ་བརྩེགས་པའི་འཕྲོར།།

ཐག་རིང་ཞིག་ལ་སེམས་འདི་ལྷག་ཏུ་ཆགས།།

འབྲེལ་མེད་མ་གསུང་བར་ཐག་ཙམ་ཞིག་སྟེ།།

བརྩེ་བ་འདི་ནི་ཤིན་ཏུ་མཐོང་བར་དཀའ།།

དཔེ་དང་རྒྱན་ལ་བཀོད་ནས་སྟོན་བཞག་ན།།

དབྱར་ཁའི་མེ་ཏོག་དབྱར་ཁས་སྒྲིབ་དང་མཚུངས།།

ལས་ཀྱིས་སོ་སོར་བུད་པར་ཆ་བཞག་ན།།

སླར་ཡང་བརྩེ་བའི་ཉིན་སྲིབ་ཅིག་ཏུ་ནི།།

ཕན་ཚུན་ཐུག་པའི་རེ་བ་འདུག་གམ་ཞེས།།

ང་ཡིས་ཞུ་བ་བགྱིས་ཏེ་ལས་ལ་དྲིས།།

དེ་ལྟར་བར་ཐག་ཅུང་ཟད་རིང་བ་ཡིས།།

ཞེ་འདང་མེ་ཏོག་འདི་ཡང་རྒུད་དམ་སྙམ།།

བརྩེ་བའི་ཐ་སྙད་འདི་ཡང་བོར་སྙམ་སྟེ།།

ཁྱོད་ཀྱིས་མཆི་མའི་ཚོམ་པ་མ་བསྐྲུན་རོགས།།




སྣང་ལ་མ་ངེས་པ།

ང་ནི་རི་ཁར་ལྡིང་བའི་བྱ་ཁྱུ་ཞིག།

ས་ཁྱོན་མངས་པོར་བསྐོར་ཞིང་བསྐོར་ཞིང་འོང་།།

ངལ་དུབ་མངས་པོ་གསོག་ཅིང་འོང་བའི་ཚེ།།

ཁྱེད་ཀྱི་གཤོག་པའི་ནང་དུ་ལྷུང་སྙམ་བྱེད།།

བདག་ནི་ནགས་སུ་བཞུད་པའི་སྟག་ཁྱུ་ཞིག།

བྲག་དང་ཤིང་ལ་སྦར་མོ་བརྡར་ཞིང་འོང་།།

སེམས་ཅན་གྲངས་མེད་དངངས་པ་རྩོམ་པའི་ཚེ།།

ཉིད་ཀྱི་སྐྲ་ལོའི་གསེང་དུ་ཐོགས་སྙམ་བྱེད།།

ང་ནི་སྤང་ཁའི་སྟེང་གི་ཕྱེ་ལེབ་ཅིག།

མེ་ཏོག་སྣ་ཚོགས་བརྒལ་ཞིང་བརྒལ་ཞིང་འོང་།།

བརྒལ་ཞིང་བརྒལ་མི་ཚར་བར་གོ་བའི་རྗེས།།

ཁྱེད་ཀྱི་མཛུབ་དཀྲིས་གསེང་དུ་ཐོགས་སྙམ་བྱེད།།

བདག་ནི་གྲོང་དུ་ཉུལ་བའི་སྟག་ཤར་ཞིག།

མཛེས་མའི་མེ་ཏོག་ལེན་གྱིན་ལེན་གྱིན་འོང་།།

དྲྭ་འཕྲིན་མང་པོས་འཚང་ཀ་རྒྱག་པའི་ཚེ།།

ཉིད་ཀྱི་དོ་ཡའི་ནང་དུ་འཛག་སྙམ་བྱེད།།


རྩོམ་ཡིག་སྔོན་མ།
མདང་ནུབ་ཀྱི་དྲན་པ།
རྩོམ་ཡིག་རྗེས་མ།
རྨི་ལམ་ཐོར་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1