ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་སྤྱི་ལོ་2018ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-03


ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་སྤྱི་ལོ་༢༠༡༨ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ།
གཅིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྩ་ཁྲིམས་ནང་བཅུག་པ།
             སྤྱི་ཟླ་༣པའི་ཚེས་༡༡ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་དངོས་སུ་གྲོས་འཆམ་བྱུང་ཡོད། དེ་ནི་སྤྱི་ལོ་༡༩༨༢ལོར་རྩ་ཁྲིམས་ལག་བསྟར་བྱས་ཚུན་བཟོ་བཅོས་བྱེད་ཐེངས་ལྔ་པ་ཡིན་པ་རེད། ད་ཐེངས་བཟོ་བཅོས་བྱས་པ་བརྒྱུད་གྲོས་འཆམ་བྱུང་བའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་དོན་ཚན་༢༡ཡོད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འབེབས་གནང་བའི་རིགས་གཞུང་ལྟ་བ་གལ་ཆེན་དང་མཛད་ཕྱོགས་སྲིད་ཇུས་གལ་ཆེན། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ནང་བཅུག་པ་དེའི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་གྲུབ་འབྲས་གསར་པ་དང་། ཉམས་མྱོང་གསར་པ། བླང་བྱ་གསར་པ་བཅས་མངོན་ཞིང་། རང་རྒྱལ་གྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་བའི་ལམ་ཚད་རྡོ་རིང་གལ་ཆེན་ལ་གྱུར་ཡོད།
གཉིས། སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མཉམ་སྡེབ་ཐོན་པ་དང་། སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ནས་རྩ་ཁྲིམས་ལ་དམ་བཅའ་ཐེངས་དང་པོ་བཞག་གནང་བ།
             སྤྱི་ཟླ་༣པའི་ཚེས་༡༧ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཡོད། སྤྱི་ཟླ་༣པའི་ཚེས་༡༤ཉིན་ནས་༡༩ཉིན་བར། ཁྲིམས་གཏན་འཁེལ་བའི་གོ་རིམ་ནན་པོ་བརྒྱུད། སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མི་སྣ་སྔ་རྗེས་སུ་ཐོན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་གནང་བའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་གསར་རྙིང་བརྗེ་བའི་གནས་བབ་ཆེན་པོ་མངོན་འགྱུར་བྱུང་བ། སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་མཉམ་སྡེབ་འགྲུབ་ཡོད། གསར་དུ་བཟོ་བཅོས་བྱས་པའི་རྩ་ཁྲིམས་ཀྱི་དོན་ཚན་༢༧ནང་གཏན་འབེབས་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་ལས་དོན་མི་སྣས་འགན་བཞེས་གནང་སྐབས་ཁྲིམས་ལུགས་ཀྱི་གཏན་འབེབས་གཞིར་བཟུང་ཡོངས་བསྒྲགས་ཐོག་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་དགོས་ཀྱི་ཡོད། སྤྱི་ཟླ་༣པའི་ཚེས་༡༧ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་མ་ཐག་པའི་ཞི་ཅིན་ཕིང་རྩ་ཁྲིམས་ལ་དམ་བཅའ་འཇོག་གནང་མཁན་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་པོ་དེར་གྱུར་ཡོད།
གསུམ། རང་རྒྱལ་གྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། སྒྱུར་བཅོས་སྒོ་དབྱེ་སླར་ཡང་རྡོག་ཐོན་བྱེད་པ།
             སྤྱི་ཟླ་༡༢པའི་ཚེས་༡༨ཉིན། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས། ལོ་ངོ་༤༠ཡི་རིང་གི་ལག་ལེན་ལས་ར་སྤྲོད་བྱུང་བར། སྒྱུར་བཅོས་སྒོ་དབྱེ་ནི་ཏང་དང་མི་དམངས་ཀྱིས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པར་བསྐྱོད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་འགྲོ་ལམ་ལྡོག་མེད་ཅིག་ཡིན་པ་དང་། དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན་ལ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་གྱུར་ཡོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་གྱུར་ཡོང་བའི་འགག་རྩའི་བྱ་ཐབས་ཤིག་ཀྱང་རེད་ཅེས་ནན་སྟོན་གནང་བ་དང་། ཚོགས་ཆེན་ཐོག་སྒྱུར་བཅོས་གདོང་ལེན་པ་༡༠༠དང་ཀྲུང་གོའི་སྒྱུར་བཅོས་ཀྱི་མཛའ་གྲོགས་གཟེངས་རྟགས་ཐོབ་པའི་རྒྱལ་སྤྱིའི་གྲོགས་པོ་༡༠ལ་གཟེངས་བསྟོད་གཟབ་རྒྱས་བྱས་ཡོད།
བཞི། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་བྱ་རྒྱུ་བདེ་བླག་ངང་སྤེལ་བ།
             སྤྱི་ཟླ་༣པའི་ཚེས་༢༡ཉིན། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཇུས་གཞིའི་ནང་དོན་ཆ་ཚང་ཡོངས་བསྒྲགས་བྱས་ཡོད། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་འདིའི་ཐོག་ནས། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་རྒྱུ་དུས་མཚམས་གསར་པར་སླེབས་པ་མཚོན་པ་དང་། སྒྱུར་བཅོས་གཏིང་ཟབ་དེའི་ནང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ། སྒྱུར་བཅོས་འཆར་གཞི་ཁྱབ་བསྒྲགས་བྱས་ནས་ཉིས་གཉིས་ཙམ་ནང་། གསར་དུ་བཟོ་བཅོས་བྱས་པའི་རྩ་ཁྲིམས་དང་གྲོས་འཆམ་བྱུང་མ་ཐག་པའི་ལྟ་ཞིབ་བཅའ་ཁྲིམས་ལྟར་གསར་དུ་བཙུགས་པའི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དངོས་སུ་སྒོ་བྱང་བཀལ་ནས་ལས་གཉེར་བྱ་འགོ་ཚུགས་ཡོད། ཟླ་བ་གཉིས་ཀྱི་རྗེས་སུ་སྒྱུར་བཅོས་ཇུས་གཞིའི་ནང་གཏན་ལ་འཁེལ་བའི་གསར་དུ་འཛུགས་པའམ་བསྐྱར་འཛུགས་བྱ་རྒྱུའི་ལས་ཁུངས་༢༥ཚང་མ་དངོས་སུ་སྒོ་བྱང་བཀལ་ཡོད་པ་རེད།
ལྔ། ཀྲུང་དབྱང་གིས་བྱ་ཐབས་མང་པོ་བཟུང་ནས་དམངས་གཉེར་དཔལ་འབྱོར་གྱི་གོང་འཕེལ་ལ་སྐུལ་འདེད་བཏང་བ།
སྤྱི་ཟླ་༡༡པའི་ཚེས་༡༡ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད།
             ཁོང་གིས། སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་གྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཁྲོད་ཀྱི་གནས་བབ་དང་ནུས་པར་འགྱུར་ལྡོག་བྱུང་མེད། ང་ཚོས་བློ་བརྟན་འགྱུར་མེད་ངང་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་གོང་འཕེལ་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་ཅེས་པའི་བྱེད་ཕྱོགས་སྲིད་ཇུས་ལ་འགྱུར་བ་བྱུང་མེད། ང་ཚོས་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་གྱི་གོང་འཕེལ་ཆེད་སྔར་བས་ལེགས་པའི་ཁོར་ཡུག་བསྐྲུན་རྒྱུ་དང་སྔར་བས་མང་བའི་གོ་སྐབས་མཁོ་འདོན་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་ལ་འགྱུར་བ་བྱུང་མེད། རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དེ་རྩ་ཁྲིམས་དང་ཏང་གི་སྒྲིག་ཡིག་ནང་བཀོད་ཡོད་པ་དང་། དེ་ལ་འགྱུར་ལྡོག་འགྲོ་མི་སྲིད་ལ། འགྱུར་ལྡོག་ཀྱང་གཏོང་མི་རུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུས་ཤུགས་ཆེན་པོས་དམངས་གཉེར་ཁེ་ལས་གོང་འཕེལ་སྟོབས་ཆེར་གཏོང་རྒྱུའི་ཕྱོགས་དྲུག་ཐད་ཀྱི་སྲིད་ཇུས་བྱ་ཐབས་གསལ་པོ་བཏོན་གནང་ཡོད། རྒྱལ་ཁབ་ཀྱིས་རིམ་བཞིན་སྲིད་ཇུས་བྱ་ཐབས་མང་པོ་བཏོན་ནས་དམངས་གཉེར་ཁེ་ལས་ཀྱི་གོང་འཕེལ་ལ་རྒྱབ་སྐྱོར་བྱས་ཡོད།
དྲུག ཕྱི་འབྲེལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། རྒྱལ་ཁབ་ཆེན་པོའི་ཉམས་འགྱུར་མངོན་པ།
             སྤྱི་ལོ་༢༠༡༨ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་སྤྱི་ལོ་༢༠༡༨ལོའི་ལོ་ཚོགས་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཆིང་ཏའོ་དབུ་ཚོགས། ཀྲུང་གོ་དང་ཨ་ཧྥེ་རི་ཡའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས། སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་བཅས་གཙོ་གཟུགས་ཚོགས་ར་ཆེ་བ་བཞིའི་ཕྱི་འབྲེལ་བྱེད་སྒོའི་ཁྲོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འདུ་ཤེས་རྒྱས་བཤད་གཏིང་ཟབ་གནང་ཡོད། སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ནི་འཛམ་གླིང་ཐོག་ནང་འདྲེན་གྱིས་བརྗོད་དོན་གཙོ་བོ་བྱས་པའི་རྒྱལ་ཁབ་རིམ་པའི་འགྲེམ་ཚོགས་དང་པོ་དེ་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་གི་ཁོངས་གཏོགས་འཐུས་མི་༥༤ཞུགས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གླེང་སྟེགས་ནི་ད་བར་ཀྲུང་གོས་གཉེར་བའི་གཞི་ཁྱོན་ཆེ་ཤོས་དང་ཚད་གཞི་མཐོ་ཤོས་ཀྱི་གཙོ་གཟུགས་ཕྱི་འབྲེལ་བྱེད་སྒོ་ཞིག་ཡིན། སྤྱི་ལོ་༢༠༡༨ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ནས་ཐེངས་བཞི་ཐོན་གནང་བ་དང་། སྐུ་ངོ་མས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་པའི་འདུ་ཤེས་ལ་སྐུལ་འདེད་བཏང་ཡོད་ཅིང་། ཨ་ཧྥེ་རི་ཁ་དང་ཨེ་ཤེ་ཡ། ཡོ་རབ། ལ་ཏིང་ཨ་མེ་རི་ཁ་བཅས་དང་དེ་བཞིན་རྒྱ་མཚོ་ཆེན་པོ་གླིང་བཅས་ཀྱི་རྒྱལ་ཁབ་༡༣ལ་ཕེབས་གནང་ཡོད། སྤྱི་ལོ་༢༠༡༨ལོར། ཀྲུང་གོ་དང་ཏོ་མེ་ཉི་ཀ་དང་། པུ་ཅི་ན་ཧྥ་སོ། སར་ཝ་ཏོ་བཅས་དང་དངོས་སུ་ཕྱི་འབྲེལ་འབྲེལ་བ་བཙུགས་ཡོད།
བདུན། ལྷོ་རྒྱ་མཚོའི་དམག་གཟིགས་གཉེར་བ་དང་། མི་དམངས་དམག་དཔུང་གི་རྣམ་པ་གསར་པ་མངོན་པ།
             སྤྱི་ཟླ་༤པའི་ཚེས་༡༢ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་ལྷོ་རྒྱ་མཚོའི་མཚོ་ཁོངས་སུ་མཚོ་ཐོག་དམག་གཟིགས་མཛད་སྒོ་གཟབ་རྒྱས་གཉེར་ཡོད། དེ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་མཚོ་ཐོག་དམག་གཟིགས་མཛད་སྒོ་ཞིག་ཡིན། སྤྱི་ལོ༢༠༡༨ལོར། མི་དམངས་དམག་དཔུང་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། རྣམ་པ་གསར་པ་མངོན་པར་བྱས་ཡོད། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། སྤྱི་ལོ་༢༠༡༨ལོའི་ཟླ་བ༡པོའི་ཚེས༡ཉིན་ནས་བཟུང་། མི་དམངས་བཅིངས་འགྲོལ་དམག་གིས་རྒྱལ་དར་བསྒྲེང་བ་དང་ཕབ་སྐབས་ཀྱི་སྲུང་སྐྱེལ་དང་གུས་ལུགས་མེ་སྒྱོགས་རྒྱག་པའི་ལས་འགན་འཁུར་ཡོད། སྤྱི་ཟླ༡པོའི་ཚེས༡ཉིན་ནས་བཟུང་། ཀྲུང་གོའི་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེ་དེ་ཉིད་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་བྱས་ཡོད། སྤྱི་ཟླ༥པའི་ཚེས༡༣ཉིན། རང་རྒྱལ་གྱི་རྒྱལ་ཐོན་གྲུ་གཟིངས་ཨ་མ་དང་པོ་དེ་དངོས་སུ་མཚོ་ཐོག་ཚོད་ལྟ་བྱས་ཡོད། སྤྱི་ཟླ༤པའི་ཚེས༡༦ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཞབས་ཐིམས་པའི་དམག་མིའི་བྱ་དོན་པུའུ་དངོས་སུ་པེ་ཅིང་དུ་སྒོ་བྱང་བཀལ་ནས་བཙུགས་ཡོད་པ་རེད།
བརྒྱད། འབྲི་ཆུའི་དཔལ་འབྱོར་ཁུལ་གོང་འཕེལ་ལ་སྐུལ་འདེད་བཏང་བ་དང་། རི་བོ་སྔོ་ལ་ཆུ་མོ་དྭངས་བར་སྲུང་སྐྱོབ་བྱས་པ།
             སྤྱི་ཟླ་༤པའི་ཚེས༢༦ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཆ་དངོས་སུ་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་གོང་འཕེལ་འཐབ་ཇུས་ལག་བསྟར་གནས་ཚུལ་ལ་རྟོག་ཞིབ་གནང་རྗེས། ཝུ་ཧན་དུ་འབྲི་ཆུའི་དཔལ་འབྱོར་ཁུལ་གོང་འཕེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གལ་ཆེའི་མཛུབ་སྟོན་གནང་ནས། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱ་རྒྱུ་དེ་གལ་ཆེ་ཤོས་ཀྱི་གནས་སུ་འཇོག་པ་དང་། མཉམ་དུ་སྲུང་སྐྱོབ་ཆེན་པོར་དམ་འཛིན་བྱེད་པ། གསར་སྤེལ་ཆེན་པོ་མི་བྱེད་པར། འབད་བརྩོན་ཆེན་པོས་འབྲི་ཆུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་དེ་སྐྱེ་ཁམས་དེ་བས་མཛེས་པ་དང་། འགྲིམ་འགྲུལ་དེ་བས་སྟབས་བདེ་བ། དཔལ་འབྱོར་དེ་བས་མཐུན་སྦྱོར། ཁྲོམ་ར་དེ་བས་གཅིག་གྱུར་བཅས་དང་། སྒྲིག་གཞི་དེ་བས་ཚན་རིག་དང་མཐུན་པའི་དཔལ་འབྱོར་ཁུལ་རྩེ་གྲ་ཞིག་ལ་འཛུགས་སྐྲུན་བྱེད་དགོས་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། གནོད་མེད་གོང་འཕེལ་གྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། སྤྱི་ཟླ༥པའི་ཚེས༡༨ཉིན་ནས༡༩ཉིན་བར། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་པེ་ཅིང་དུ་སྐོང་ཚོགས་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་མ་ཟད་གལ་ཆེའི་གསུང་བཤད་གནང་ནས། དུས་རབས་གསར་པར་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད་པ་རེད།
དགུ སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། དམངས་འཚོ་ལེགས་བཅོས་དང་འགན་སྲུང་གི་བྱ་ཐབས་བསྟུད་མར་བཏོན་པ།
             སྤྱི་ཟླ༨པའི་ཚེས༣༡ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ཐེངས་བདུན་པར་གྲོས་འཆམ་བྱུང་ཡོད། བཟོ་བཅོས་འཆར་ཟིན་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྒེར་གྱི་ཐོབ་ཁྲལ་རྩིས་རྒྱག་དང་སྙན་སེང་ཞུ་ཐབས། ཁྲལ་བསྡུའི་ཁྱབ་ཁོངས། དེ་བཞིན་ཁྲལ་བསྡུའི་ཐབས་ལམ་དང་ཁྲལ་བསྡུ་ཆག་ཡང་གཏོང་བའི་ཁྱབ་ཁོངས་སོགས་ཀྱི་འབྲེལ་ཡོད་གནད་དོན་ཐད་དམིགས་ས་ཡོད་པའི་སྒོ་ནས་བཟོ་བཅོས་བརྒྱབ་ཡོད། སྤྱི་ལོ༢༠༡༨ལོར། རྒྱལ་ཁབ་ཀྱིས་དམངས་འཚོ་ལེགས་བཅོས་དང་འགན་སྲུང་གི་བྱ་ཐབས་ཁག་མང་པོ་བཏོན་ཡོད། སྤྱི་ཟླ༧པའི་ཚེས༡ཉིན། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་ཐེབས་རྩའི་ཀྲུང་དབྱང་སྙོམ་སྒྲིག་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ་ལག་བསྟར་བྱས་པ། སྤྱི་ཟླ༩པའི་ཟླ་མཇུག་བར་སླེབས་སྐབས། རྒྱལ་ཡོངས་སུ་ཁྱོན་བསྡོམས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འགན་སྲུང་བྱ་ཡུལ་བྱེ་བ་བཞི་དང་ས་ཡ་དྲུག་དང་ཆིག་འབུམ་དགུ་ཁྲི་དགུ་སྟོང་ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཆ་སྙོམས་ཚད་གཞི་ཁག་སོ་སོ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆ་༧.༦དང་བརྒྱ་ཆ་༡༢.༩འཕར་ཡོད། སྤྱི་ཟླ༡༠པའི་ཚེས༡ཉིན། དབང་པོ་སྐྱོན་ཅན་དང་བྱིས་པའི་བདེ་ཐང་སླར་གསོ་རོགས་སྐྱོབ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར་ལག་བསྟར་བྱས་པ། སྤྱི་ཟླ༡༠པའི་ཚེས༡༠ཉིན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུད་ཀྱིས་སྐྲན་ནད་འགོག་པའི་སྨན་༡༧སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་དཀར་ཆག་ནང་འཇུག་རྒྱུ་ཁྱབ་བསྒྲགས་བྱས་པ། སྤྱི་ཟླ་བཅུ་པའི་ཟླ་མཇུག་བར་སླེབས་སྐབས་ས་གནས་ཁག་གིས་བྱིས་པའི་ལྟ་སྐུལ་མཛུབ་ཁྲིད་པ་སུམ་ཁྲི་ལྔ་སྟོང་དང་། བྱིས་པའི་ཀྲུའུ་རེན་བཞི་འབུམ་ལྔ་ཁྲི་ཉིས་སྟོང་བཀོད་སྒྲིག་བྱས་པ། སྤྱི་ལོ་༢༠༡༨ལོར་རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་༡༣དང་བྱེ་བ་ལྔ་ལས་བརྒལ་བ་དང་། འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆ་༩༥ཡན་ཟིན་གྱི་ཡོད་པ་རེད།
བཅུ། རིམས་ནད་སྨན་ཁབ་གྱོད་གཞི་རྩད་གཅོད་ནན་པོ་བྱེད་པ་དང་རིམ་འགོག་སྨན་ཁབ་ཀྱི་དོ་དམ་དེ་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ནང་བཅུག་པ།
             སྤྱི་ཚེས༧ཉིན། ཅི་ལིན་ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིའི་རིམས་ནད་སྨན་ཁབ་ལ་གནད་དོན་ཐོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་ཡོད་པ་དང་། མཛུབ་སྟོན་གལ་ཆེན་གནང་ཡོད། རིམས་ནད་སྨན་ཁབ་ཀྱི་གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣར་འགན་འཁྲི་རྩད་གཅོད་ནན་པོ་བྱས་པ་དང་། ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིར་ཁྱོན་བསྡོམས་ཆད་དངུལ་སྒོར་དུང་ཕྱུར་༩༡བཏང་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག ཁྲང་ཁྲུན་ཁྲང་ཧྲེང་ཀུང་སིའི་ཁྱི་སྨྱོན་ནད་ཀྱི་རིམས་ནད་སྨན་ཁབ་མཐུད་འཛུགས་གསབ་འཛུགས་ཇུས་གཞི་ཞེས་པ་པར་འགྲེམས་བྱས་ཡོད་པ་རེད། སྤྱི་ཟླ༡༠པའི་ཚེས༡༦ཉིན། ཁྲང་ཁྲུན་ཁྲང་ཧྲེང་གིས་ཁྱི་སྨྱོན་ནད་ཀྱི་གནད་དོན་གྱི་རིམས་འགོག་སྨན་ཁབ་གྱོང་གསབ་ལག་བསྟར་ཇུས་གཞི་ཁྱབ་བསྒྲགས་བྱས་པ་རེད། སྤྱི་ཟླ༡༡པའི་ཚེས༡༡ཉིན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུད་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམས་ནད་སྨན་ཁབ་དོ་དམ་བཅའ་ཁྲིམས་ཀྱི་བསམ་འཆར་བསྡུ་བའི་མ་ཟིན་ཞེས་པ་ཡོངས་བསྒྲགས་བྱས་པ་དང་། རིམས་ནད་སྨན་ཁབ་དོ་དམ་བྱེད་རྒྱུ་ཁྲིམས་འཛུགས་ཀྱི་གོ་རིམ་ནང་ཚུད་ཡོད་པ་རེད།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1