ཤེལ་སྒོའི་ངོས་ཀྱི་འཇིག་རྟེན།

གྱད་མི། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


འཁོར་བའི་ཐབས་ཚང་ཞིག་ནས་ཁྱིམ་གྱི་ཡོ་བྱད་རོལ་ཏེ།།

རུས་རྐང་དཀར་བོའི་ཐོག་ཏུ་གསེར་གྱི་གོང་བུ་བདོག་བས།།

འཚོ་བ་སྐྱུར་བོའི་སྟེང་གི་ན་བུན་འཐིབ་པོ་འབྱར་ཏེ།།

ཕལ་བའི་ལུས་ངག་ཡིད་ལ་དུང་གི་མངར་ཆར་འཛོམས་ན།།

རྡུལ་གྱི་ནག་རིལ་བཏང་བའི་ང་སེམས་སྐྱོ་ལ་ཁད་ཀྱང་།།

བདག་སེམས་སྨྲེང་བ་གཅིག་གི་གདུང་བ་མཚོ་ལ་ནུབ་ན།།

རང་སེམས་སྐྱོ་ཤས་གཅིག་གི་ཐོས་པ་ཡུན་ཙམ་བྱས་ཏེ།།

མི་མེད་དབེན་པའི་རི་ལ་བསམ་གཏན་རོལ་དུ་ཆས་འགྲོ།།

འཁོར་བའི་རྒྱལ་མཚོ་བརྒལ་ཏེ་ལུས་སེམས་དམ་པོ་བྱ་འགྲོ།།

ཆ་མེད་གཙང་བོ་བརྒལ་ན་ངལ་དུབ་དེ་བས་བྲི་འགྲོ།།

མི་སེམས་འཁོར་བ་ཟུག་ན་སྡིག་པའི་ཉམས་རྟོག་འཕེལ་ཡོང་།།

སྡིག་པ་ལད་པོ་དེ་ཡི་དམྱལ་བ་གདན་དུ་འདྲེན་ན།།

ལུས་ཀྱི་གྲིབ་མ་དེད་དེ་བླ་མ་ལན་གསུམ་བོས་དང་།།

མི་སེམས་ཆུ་ལ་བསྐུར་ཡང་མགོན་སྐྱབས་ཆེན་པོ་བྱས་ཏེ།།

བདེ་བ་ཅན་གྱི་ཞིང་ཁམས་སྐྱིད་ཀྱི་དཔལ་ལ་མྱོང་སྟེ།།

སངས་རྒྱས་སྟོང་སྐུ་མཇལ་བའི་དད་པ་ཡང་དུ་འཕེལ་ཡོང་།།

རྡུལ་གྱི་རི་རབ་སྤུངས་སྟེ་རྩེ་མོ་གང་དུ་ཟུག་འགྲོ།།

དབུ་ལ་སྨུག་པ་འཐིབ་ཅིང་ཁངས་ཀྱིས་ངོ་གདོང་བཀབ་ཡང་།།

སྨུག་དང་ཁངས་ཀྱི་བར་དུ་བསམ་གཏན་པ་ཞིག་ཡོད་ན།།

ཉམས་དང་རྟོགས་པའི་འོད་ཟེར་བརྩེ་མོ་གངས་ལ་འཕྲོས་ཏེ།།

ཆར་ཞོད་སྨུག་སྤྲིན་རྒྱུ་བའི་བདག་སེམས་སྐྱིད་གཅིག་ཡོད་པས།།

ཡུལ་གྱི་ནམ་ཟླ་འཁྱགས་ཀྱང་ཆོས་ཀྱི་གླུ་ཞིག་འཐེན་ཏེ།།

རྒ་ཤི་དངངས་པ་མེད་པ་དབུ་མའི་ལྟ་གྲུབ་ཆེན་མོ།།

འགྲོ་འདུག་རྟ་ཕོ་གཅུན་ཏེ་བསམ་གཏན་པ་ཞིག་བྱེད་བཞག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1