ཚངས་དབྱངས་ལྷ་མོ།

འཇམ་དཔལ། (པེ་ཅིང་།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


ཚངས་དབྱངས་ལྷ་མོ།

མཚན་ལྗོངས་ཀྱི་འཇིག་རྟེན་འདི་ལྷིང་འཇགས་སེ།

རང་ལ་མི་དབང་བའི་འཇིག་རྟེན་ཆུང་ཆུང་འདི་ནས།

སྡུག་ཡུས་དང་འཁང་རའི་ཐ་ཚིག་སྒྲོག་བཞིན།

མཚན་མོའི་ལྷིང་འཇགས་ལ་ཟིན་ཐོ་འགོད་བཞིན་ཡོད།

ཚངས་དབྱངས་ལྷ་མོ།

བཞི་མདོ་ཞིག་ནས་མཐོང་བའི་རྒྱབ་གཟུགས་ཤིག

ངའི་རྨི་ལམ་གྱི་ཟབ་སར་དལ་གྱིས་འཛུལ་དུས།-

འཛུམ་ལ་འཁྱིལ་བའི་ཟླ་བའི་འོད་གོར་དེ།

མི་ཚོགས་ཀྱི་འོ་དོད་དང་ལྷན་དུ་ཡུན་གྱིས་འཇགས་སོང་།

ཚངས་དབྱངས་ལྷ་མོ།

ཁ་དོག་ཟབ་མོ་དག་ལ་སྦྲེལ་བའི་ལྭ་རིང་དེ།

ཚ་ཟེར་དབེན་པའི་ས་སྲོད་ཀྱི་གྲུ་ག་ནས་ཡལ་དུས།

གུ་དོག་པའི་ལམ་མདོ་དང་འཕྲད་པ་མིན་ནམ།

ས་མཐའི་རྣམ་རྟོག་གི་ཨ་ལོང་གོར་མོ་གང་དུ་ཕྱིན་སོང་།

ཚངས་དབྱངས་ལྷ་མོ།

ཆོ་འཕྲུལ་ལ་བརྫུས་པའི་སེམས་ཀྱི་ཟབ་ས་དེ།

གནག་སྣུམ་གྱི་སྐྲ་ལོའི་གསེབ་ན་ངང་གིས་དགོད་དུས།

བསིལ་རླུང་དང་འགྲོགས་པའི་གོམ་འགྲོས་རབ་རིབ།

འཇའ་ཚོན་བཞིན་ལྷོད་ཀྱིས་བབས་ཤིང་ཐོལ་གྱིས་ཡལ་སོང་།


རྩོམ་ཡིག་སྔོན་མ།
སོ་སོ་སྐྱེ་བོའི་ཁྲོད་དུ།
རྩོམ་ཡིག་རྗེས་མ།
རྩྭ་ལོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1