ངའི་ཨ་མ་འབྲོག་མོ་ཞིག་ཡིན།

རྣོ་ངར། (མཛོད་དགེ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


        ཆུང་ནས་ད་ལ་ཐུག་གི་བར། ངས་ནི་ཨ་མ་ལགས་ལ་བཀའ་དྲིན་ཞུ་བའི་ཚིག་གཅིག་ཀྱང་བཤད་མ་མྱོང་ལ། ད་རག་བར་ཞུ་འདོད་ཀྱི་བསམ་གཞིག་ཀྱང་བཏང་མ་མྱོང་། དེ་ནི་ངའི་སེམས་སུ་ཨ་མ་ལགས་ལ་དེ་འདྲའི་ཁ་ཡག་སྐམ་པོས་ཅི་བྱེད་བསམ་པ་ཡིན་ལ། དེ་བས་ཀྱང་ཨ་མ་ལགས་ཀྱིས་ཡི་གེ་མི་མཁྱེན་པས་བྲིས་ཀྱང་ངལ་བ་འབྲས་མེད་དུ་སྙམ་པས་ཡིན། འོན་ཏང་ང་རང་ཁ་ཞེ་གཉིས་མེད་དུ་ཨ་མ་ལགས་ལ་ཧ་ཅང་དགའ་ལ། ཨ་མ་ལགས་དེ་ལས་ཀྱང་ང་ལ་དགའ་བ་ང་ཡིས་རྟོགས་ཡོད།

        ཟླ་བ་སྔོན་མར་ཨ་མ་ལགས་ནས་ང་ལ་ཁ་པར་འབྱོར་བྱུང་། ཁ་པར་དུ་མོ་རང་གཉེན་མི་སྐོར་ཞིག་དང་ལྷན་རྐང་ཐང་དུ་ལྷ་སར་འགྲོ་གྲབས་ཡོད་པ་བཤད་བྱུང་། གཏམ་དེ་གོ་ཕྲལ་ང་རང་བློ་བདེ་བོ་མ་བྱུང་བར་ཨ་མ་ལགས་ལ་རླངས་འཁོར་དུ་སོང་ན་སྟབས་བདེ་དང་བདེ་འཇགས་ཡིན་རབས་སོགས་མང་དུ་ལབ་ཡང་། མོས་སེམས་ཐག་ཡོངས་སུ་བཅད་ཟིན་པ་དང་དུས་ཚོད་སོགས་གཏན་འཁེལ་བྱས་ཟིན་པས་ང་ཡིས་སྔོན་འགོག་ཀྱི་ཐབས་བཀོད་ཅི་ཡང་མ་རྙེད། དེ་བས་ངས་གྲོང་ཁྱེར་འདི་ནས་མོ་ལ་ལྷམ་ཡང་མོ་རེ་དང་སྐེ་དཀྲིས་དང་ལག་ཤུབ་རེ་ཉོས་ནས་ཕ་ཡུལ་དུ་བསྐུར་བ་ཡིན་ལ། ཆུང་མར་ཁོ་མོར་ལམ་འཇུག་བྱེད་དུ་བཅུག་པ་ཡིན།

        ཏག་ཏག་དེ་རིང་ནི་ཨ་མ་རྐང་ཐང་དུ་ལྷ་སའི་ཕྱོགས་སུ་བསྐྱོད་ནས་ཉིན་སོ་བརྒྱད་རེད། ཕྱི་དྲོ་མོ་དང་མཉམ་པོར་ལྷ་སར་འགྲོ་རོགས་ཀྱི་ཞང་བོ་ལགས་ཀྱིས་སྐད་འཕྲིན་དུ་ཨ་མ་ལགས་ཀྱི་འདྲ་པར་ཞིག་བསྐུར་བྱུང་། འདྲ་པར་དེ་ནི་ཕལ་ཆེར་ས་སྲོད་དུ་ཁོ་ཚོས་མཁར་ཤུལ་ཞིག་གི་རྩ་ནས་ཇ་སྐོལ་སྐབས་སུ་པར་དུ་བསྒྲོན་པ་ཡིན་ཚོད་རེད། འདྲ་པར་ལས་ཨ་མ་ལགས་ཀྱི་ངོ་གདོང་ནག་པོར་གྱུར་འདུག་ལ། སྤྱན་ཟུང་དོང་དུ་ལྷུང་བ་དང་རྒྱབ་ཀྱི་གོན་པ་དག་རྙིང་ཧྲུལ་ནས་ཐེད་པོར་གྱུར་འདུག་པས་ང་ལ་དབང་མེད་དུ་མཆི་མ་བཞུར་བྱུང་ལ། བྱིས་དུས་ཀྱི་འདས་དོན་དག་དྲན་འཛིན་གྱི་ངོས་སུ་གསལ་ལམ་མེར་ཤར་བྱུང་།

        དེ་ནི་ང་རང་སློབ་ཆུང་འགྲིམ་སྐབས་ཀྱི་དོན་དག་ཅིག་སྟེ། ཨ་ཕ་ལགས་ལ་མགོ་ནད་ལྕི་མོ་ཞིག་བྱུང་བས་ལན་གྲུ་དང་ཀ་ཅུ། ཆུ་འདུ་དང་བོད་ཡུལ་གྱི་སྨན་ཁང་སོགས་རྒྱ་བོད་ཀྱི་སྨན་ཁང་ཆེ་ས་དང་སྨན་རྒན་མང་དུ་བསྟེན་ཡང་རྔོ་མ་ཐོགས་པ་མ་ཟད། ཁྱིམ་གྱི་རྒྱུ་ནོར་མང་ཤོས་ཡང་ཚར་བར་གྱུར། སྐབས་དེ་དུས་སུ་ང་རང་ལོ་ན་ཧ་ཅང་ཆུང་ཡང་ཨ་མ་ལགས་ཀྱི་ངོ་མདངས་ཉམས་ཤིང་ཐབས་ཟད་པའི་རྣམ་འགྱུར་མང་པོ་མཐོང་མྱོང་ལ། མཚན་དཀྱིལ་དུའང་ཁོ་མོའི་མིག་ཆུས་ངའི་མགོ་སྐྲ་བརླན་པ་ཡང་བགྲང་དུ་མེད། ཨ་ཕ་ལགས་སྨན་ཁང་དུ་འདུག་དགོས་བྱུང་ཕྱིན། ཨ་མ་ལགས་ནས་ཁྱིམ་གྱི་ལས་ཀ་ཙག་ཙིག་ནས་རྫི་བོ་དང་ཞོ་མ། ད་རུང་ཕུ་བོ་ངེད་གཉིས་སློབ་གྲྭར་བསྐྱལ་བ་སོགས་ལས་ཚེགས་ཧ་ཅང་ལྕི་ཡང་། ནམ་རྒྱུན་ངེད་གཉིས་སློབ་བྱོལ་བྱེད་དུ་མི་བཅུག

        ཟླ་བ་འགའི་རྗེས་ནས་ཨ་ཕ་ལགས་རྐྱེན་བར་ཆད་ཀྱི་མནར་གཅོད་ལས་ཐར་ཙམ་བྱུང་། ཨ་མ་ལགས་ཀྱི་ལས་ཚེགས་ཡང་ཅུང་ཙམ་ཡང་བར་གྱུར། ཡིན་ཡང་ཁྱིམ་གྱི་རྒྱུ་ནོར་ཞན་རྐྱེན། དུས་དེ་ནས་བཟུང་ཨ་མ་ལགས་མཚན་དཀྱིལ་ནས་མལ་ལས་ལངས་ཏེ་འབྲི་མོ་དག་ཞོས་ཤིང་། སྐྱ་རེངས་ཤར་ནས་ཅུང་འགོར་རྗེས་ཁྱིམ་གྱི་ལས་ཀ་ཡོངས་སུ་ཚར་བར་བྱས་ཏེ། ངེད་ཚོར་ཞོགས་ཟས་བསྐོལ་ནས། རི་མགོར་སྨན་རྩ་བརྐོ་རུ་བུད་འགྲོ། ཉིན་གང་བོར་སྨན་རྩ་བརྐོས་ནས་ས་རུབ་ལ་ཉེ་ཙམ་དུས་ཕྱིན་ཐོན་ཡོང་། སྐབས་དེ་དག་ངས་ཨ་མ་ལགས་ཀྱི་རྒྱབ་དང་རྐེད་པ་ན་ནས་བཟོད་ཀྱིན་མེད་པ་ཚོར་ལ། ཁོ་མོའི་ལག་པར་སེར་ཀས་རིད་པ་ཡང་མང་དུ་མཐོང་མོད། ད་ལྟ་དེ་ལྟར་དྲན་ཚེ་ལོ་ན་ཆུང་བས་སེམས་ཁུར་བྱེད་མ་ཤེས་སྙམ།

        དེ་ལྟར་ཨ་ཕ་ལགས་ཀྱི་ནད་ཉིན་རེ་བཞིན་ཇེ་བཟང་དུ་སོང་མོད། ལོ་དེའི་དགུན་ཁའི་ཟོག་ནད་ཀྱིས་ངེད་ཚང་གི་ཕྱུགས་ཟོག་ལ་ཤི་རྨས་ཚབས་ཆེན་ཐེབས་པས་ཨ་མ་ལགས་གཙོས་ཕ་མ་གཉིས་ལ་འཚོ་བའི་གནོན་ཤུགས་ཇེ་ཆེར་གྱུར་མོད། ཁོང་གཉིས་ཀྱིས་ང་རང་མུ་མཐུད་ནས་སློབ་གྲྭར་སྐྱེལ་ཞིང་སློབ་གྲྭ་ཆེན་མོར་མཐར་ཕྱིན་རག་བར་མཐུན་རྐྱེན་ཡོངས་སུ་བསྐྲུན་པས་ང་རང་བདེ་ལེགས་ངང་སློབ་མཐར་ཕྱིན།

            ནམ་རྒྱུན་སློབ་གྲྭའི་དབྱར་དགུན་གྱི་ངལ་གསོ་བཏང་ནས་ཕྱིར་ལོག་དུས། ཨ་མ་ལགས་ནས་མོ་རང་གིས་མ་ཟོས་པར་བསྡུས་པའི་ཤ་སྐམ་དང་ཀ་ར་སོགས་ཤིང་སྒམ་རྙིང་བ་ཞིག་ཏུ་བསགས་ནས་ང་ལ་བཞག་འདུག་ལ། ནམ་རྒྱུན་༼མ་ལོ། འེ་ལྟོགས་ཐལ། འེ་འཁྱག་ཐལ། ཡི་གེ་ཨེ་ཤེས་ཀི༽སོགས་དྲིས་ལ། ༼ངས་ནམ་རྒྱུན་ཁྱོད་རྨི་ལམ་དུ་རྨིས་བྱུ་༽ཞེས་དགའ་བའི་མཆི་མ་བཏང་བ་ཡང་ད་རུང་བརྗེད་ཐབས་བྲལ། དེ་ལས་ཀྱང་ཕྱིར་སློབ་གྲྭར་འགྲོ་སྐབས། ཨ་མ་ལགས་ནས་མོ་རང་གིས་ལྕགས་རིགས་དང་འགྱིག་སོགས་བཙོང་ཆོག་པའི་དངོས་པོ་རྙིང་བ་དག་རྒུམ་ནས་བསགས་པ་དག་སྒོར་ཟུར་ལ་བརྗེས་ནས་བསགས་བསགས་པའི་སྒོར་བཅུ་ཕྲག་འགའ་ལྐོག་ཏུ་ང་ལ་སྟེར་ཞིང་། ང་རང་འགྲོ་ཁར་ཁོ་མོས་སེམས་ཀྱིས་མ་བཟོད་པར་མགོ་སྒུར་ནས་ངུས་པ་ཡང་བགྲང་གིས་ག་ལ་ལངས།

        དེ་ལྟར་ཞིབ་ཀྱིས་བསམ་ཚེ། ཨ་མ་ལགས་ཀྱི་དྲིན་བྱས་ངའི་ཡིག་ཚོགས་ཙམ་གྱིས་ག་ལ་མཚོན་ནུས། ཁོ་མོའི་སྐུ་དྲིན་གྱི་རྒྱ་མཚོ་ལས་བདག་གི་ཡིག་ཚོགས་ཀྱིས་དེ་ཡི་ཆུ་ཐིགས་ཙམ་ལས་བྲིས་མ་ཐུབ་མོད། དེ་རིང་ཕ་ཡུལ་དང་ཁད་རིང་ཞིང་། ཨ་མ་ལགས་དང་ཁ་ཐག་ཧ་ཅང་རིང་བའི་གྲོང་ཁྱེར་འདི་ནས་འཕྲལ་དུ་མཐོང་བའི་འདྲ་པར་ལས་ཨ་མ་ལགས་ཀྱི་དབུ་སྐྲ་དཀར་བོར་གྱུར་ཞིང་རྒས་པའི་གཉེར་མ་མང་དུ་གྱུར་བ་རྟོགས་རྗེས། ཨ་མ་ལགས་ཧ་ཅང་དྲན་བྱུང་ལ། ཁོང་གི་སྐུ་ལུས་ལ་ན་ཚ་ཅི་ཡང་མེད་པར་བདེ་ལེགས་ངང་ལྷ་སར་འབྱོར་བར་སྨོན་ལམ་དང་རེ་བཞག་ཆེན་པོ་ཞིག་བྱས་པ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1